མཁས་གྲུབ་རིན་ཆེན་བློ་གྲོས།
[ཟླ་ཚེས། 2019-04-29 09:53:40][རྩོམ་པ་པོ། དོན་སྙིང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡས་རུ་སྟོན་པ་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་རྣམ་ཐར་གླེང་བ།
སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་ལ་སྲོག་ལྟར་གཅེས་མཁན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་གྲངས་མང་བ་ཞིག་བྱོན་མྱོང་ཡོད་ནའང་། དུས་རབས་ཀྱི་འགག་འཕྲང་དུ་མ་བརྒྱུད་པའི་རྐྱེན་གྱིས་ཁོང་རྣམས་པ་འགའ་ཞིག་གི་རྣམ་པར་ཐར་པའི་མཛད་འཕྲིན་གྱི་ལོ་རྒྱུས་ཡིག་ཆ་དག་ཤུལ་མེད་དུ་ནུབ་སོང་བ་དང་ཡིག་ཐོག་ཏུ་ཡོད་པ་འགའ་ཤས་ལ་དོ་སྣང་བྱེད་མཁན་ཉུང་བ་སོགས་ནི་ང་ཚོས་མཐོང་དང་མཐོང་བཞིན་པ་ལགས། དེ་ཡང་ད་ཐེངས་ངས་གཡས་རུ་སྟོན་པ་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་དཔལ་བཟང་པོ་ཁོང་གི་རྣམ་ཐར་མདོར་ཙམ་གླེང་ན། ཁོ་བོས་མཁས་གྲུབ་ཉིད་ཀྱི་རྣམ་ཐར་ཡིག་ཐོག་ཏུ་ཡོད་པ་འགའ་ཞིག་ཡོད་པར་ཐོས་ཀྱང་དངོས་སུ་དེ་སྔོན་མ་མཐོང་། དེས་ན་དགོས་དབང་གིས་༼རི་ཁྲོད་པ་མུ་ལ་རད་ན་༽ཡིས་མཛད་པའི་《མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་རྣམ་ཐར་བཞུགས། 》ཞེས་པ་དེ་གླེང་ན། དེ་ནི་ངས་མིག་སྔར་མཐོང་ཡུལ་དུ་གྱུར་པའི་མཁས་གྲུབ་ཀྱི་རྣམ་ཐར་ཅུང་རྒྱས་ཤོས་སམ་ཆ་ཚང་ཤོས་ཞིག་རེད་ཟེར་ན་མི་ཆོག་རྒྱུ་མེད། རྣམ་ཐར་དེ་ཡི་མཛད་པ་པོ་རི་ཁྲོད་པ་མུ་ལ་རད་ན་ནི་མཁས་གྲུབ་མཆོག་གི་དངོས་སློབ་ཡིན་པར་རྣམ་ཐར་དེ་རང་ལས་གསལ་ཏེ། “ཁོ་བོས་དང་པོ་སོ་ཐར་གྱི་དགེ་བསྙེན་ཞུས། བར་དུ་གསང་སྔགས་ཀྱི་དབང་བཞི་ཐོབ། མཐར་རྫོགས་པ་ཆེན་པོའི་ཁྲིད་རིམ་ཚང་མ་གནང་། ཕྱི་ནང་གསང་གསུམ་གྱི་བཀའ་དྲིན་ཐོབ་པའི་རྩ་བའི་བླ་མ་ལ་མོས་གུས་ཚུད་ཅིང་དྭངས་བ་སྤྲོ། བྱིན་རླབས་ཞུགས་ཅིང་རྣམ་ཐར་ལ་ཡིད་རང་བས། འདྲེན་པའི་བླ་མ་སྟེ། མདོར་ན་ཁོ་བོའི་འདྲེན་པ་ཆེན་པོ་དེ་ལ་བྱའོ། ”ཞེས་རྣམ་ཐར་གྱི་མཇུག་ཏུ་འཁོད། དེ་ལྟར་ཁོང་གི་མཚན་དེ་ལས་ཁོང་ནི་དབྲ་སྟོན་ནམ་མཁའ་རིན་ཆེན་ནམ་སྤྲུལ་སྐུ་བློ་ལྡན་སྙིང་པོ་(༡༣༦༠-༡༤༠༦)ཡིན་པ་བཤད་མཁན་ཡོད་འདུག་ལ། རྒྱུ་མཚན་ཡང་ཅུང་ཡོད་པར་སྣང་སྟེ། མུ་ལ་རད་ན་ནི་ཞང་སྐད་ཡིན་ལ་བོད་སྐད་དུ་ནམ་མཁའ་རིན་ཆེན་ཟེར་བ་ཀུན་གྱིས་ཤེས་གསལ་ལྟར་ལ། ད་དུང་སྤྲུལ་སྐུ་བློ་ལྡན་མཆོག་གིས་གཙང་གཙུག་གི་སྡོམ་པ་དེ་མཁས་གྲུབ་རིན་བློའི་མདུན་ནས་ལེན་ཞེས་ངག་རྒྱུན་ཙམ་ཡོད་འདུག་པ་མ་ཟད། སྔ་དུས་བླ་མ་རྣམས་ཀྱིས་གཞན་ལ་མིང་བཏགས་དུས་རང་གི་མིང་སྣེ་སྦྱར་སྲོལ་ཡོད་འདུག་པས། ནམ་མཁའ་རིན་ཆེན་ཞེས་པའང་དེ་མཚུངས་སུ་ཡིན་ནའང་ཆོགདེའི་ཕྱིར་ཁོ་བོས་བསམ་ན་རྣམ་ཐར་ཉུང་འདུས་འདི་སྤྲུལ་སྐུ་བློ་ལྡན་མཆོག་གིས་མཛད་པ་ཡིན་ནམ་སྙམ། རྣམ་ཐར་དུ་“མདོ་གམ་ལྷོ་ཡི་རི་ཁྲོད་དུ་བྲིས་”ཞེས་བཤད་པ་ལ་ལྟོས་ན་དེ་དུས་སུ་ཚ་བ་སྒང་སྟོད་ཀྱི་ས་ཆ་བྱིང་ལ་མདོ་གམ་ལྷོ་ཕྱོགས་ཞེས་འབོད་པར་སྣང་། དེ་ལྟར་རྣམ་ཐར་འདི་ནི་མཁས་གྲུབ་དང་དུས་ཚོད་ཧ་ཅང་ཉེ་བས་ཡིད་རྟེན་བྱ་རུང་བ་ཞིག་རེད་བསམ། མཁས་གྲུབ་མཆོག་ནི་ཡུལ་གཡས་རུ་བ་གོར་དུ་(གཞིས་རྩེ་ཁུལ། )ཡབ་མེ་ཉག་དབོན་ཚང་ཀུན་དགའ་བློ་གྲོས་དང་ཡུམ་བྲུ་ཤ་དབོན་མོ་གཉིས་ཀྱི་སྲས་སུ་འཁྲུངས། རྣམ་ཐར་དེ་ལས་མཁས་གྲུབ་མཆོག་གི་འཁྲུངས་དུས་དངོས་སུ་མི་གསལ་ཡང་། ཁོང་གི་འཁྲུངས་ཡུལ་དང་ཡབ་ཡུམ་གྱི་མཚན་སོགས་《ཨ་ཁྲིད་བླ་མའི་རྣམ་ཐར། 》དང་གཅིག་མཚུངས་སུ་སྣང་བས་ཁོང་གི་འཁྲུངས་ཡུལ་ལ་རྙོག་དྲ་ཅི་ཡང་མེད་པར་སྣང་། ཁོང་གི་འཁྲུངས་ལོ་དེ་ངས་མཐོང་མྱོང་བའི་རྣམ་ཐར་གང་ན་ཡང་གསལ་ཁ་མེད་འདུག་ལ་དེང་དུས་བོན་གྱི་མཁས་དབང་རྣམས་ཀྱིས་ཀྱང་གསལ་པོ་བཤད་པ་མ་མཐོང་། འོན་ཀྱང་ཁོ་བོའི་དགེ་རྒན་ཚེ་དཔག་གིས་བཤད་པ་ལྟར་ན་ཁོང་སྔོན་མ་ཨ་མདོར་སློབ་སྦྱོང་འགྲོ་དུས་མཁས་གྲུབ་ཀྱི་རང་རྣམ་ཞིག་མཐོང་བྱུང་བས་དེ་ཡི་ནང་དུ་མཁས་གྲུབ་མཆོག་ནི་“དུས་རབ་བཅུ་བཞི་པའི་དུས་མགོར་སྤྱི་ལོ་༡༣༡༥ལོ་སྟེ་ཤིང་ཡོས་ལོ་ལ་ཡུལ་གཡས་རུ་བ་གོར་དུ་སྐུ་འཁྲུངས། ”ཞེས་རང་རྣམས་སུ་འཁོད་འདུག་གསུང་ཡང་རང་རྣམ་དེ་བདག་གི་གཟུགས་འཛིན་གྱི་ཡུལ་དུ་མ་གྱུར་པས་དཔྱད་གཞི་ཙམ་ལས་གཞན་ཅི། མཁས་གྲུབ་མཆོག་གིས་གཙང་གཙུག་གི་སྡོམ་པ་དེ་བླ་མ་གང་ལས་ཞུས་མིན་དེ་ཡང་གསལ་པོ་མེད། ཁོང་གིས་བསྟེན་པའི་བོན་གྱི་བླ་མ་མང་པོ་ཞིག་ཡོད་ངེས་ཀྱང་གཙོ་ཆེ་བ་སློབ་དཔོན་གསལ་བ་ཡེ་ཤེས་རྒྱལ་མཚན་དང་དྲིན་ཅན་གཡུང་དྲུང་ཡེ་ཤེས། གཡས་སྟོན་བཅུ་བདུན་པ་རྣམ་རྒྱལ་ཀ་ར་གསུམ་ཡིན་འདུགདགུང་ལོ་༢༤དུས་སུ་སྤྲུལ་སྐུ་རྣམ་རྒྱལ་ཀ་རས་གསུང་གི་བསྐུལ་བས་དབུས་སུ་ན་ལེན་ཏྲ་རུ་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ་གཞུང་བཀའ་པོད་ལྔ་ལ་སྦྱངས་པར་བྱས་ཞེས་རྣམ་ཐར་དུ་འཁོད་འདུག་ཀྱང་། དབུས་ཀྱི་ན་ལེན་ཏྲ་ནི་《དུང་དཀར་ཚིག་མཛོད》དུ་རོང་སྟོན་ཤཱཀྱ་རྒྱལ་མཚན་(༡༣༦༧-༡༤༤༩)གྱིས་༡༤༣༥ལོར་བཏབ་ཚུལ་འཁོད་འདུག་པ་མ་ཟད། རོང་སྟོན་ཤེས་བྱ་ཀུན་མཁྱེན་དང་རོང་སྟོན་ཤཱཀྱ་རྒྱལ་མཚན་གཉིས་མི་གཅིག་ཡིན་པ་གཞན་གྱི་ལོ་རྒྱུས་དེབ་ཐེར་དག་ཏུ་གསལ་བས། མཁས་གྲུབ་མཆོག་གིས་རོང་སྟོན་མདུན་ནས་གཞུང་པོད་ལྔ་སྦྱོངས་ཟེར་བ་དེ་ལ་བཤད་མ་ཐུབ་པའི་དོགས་གཞི་ཆེན་པོ་ཞིག་ཡོད་འདུག《གཡུང་དྲུང་བོན་གྱི་བསྟན་རྩིས་རྣལ་མའི་རེའུ་མིག》ལས་རོང་སྟོན་ཤེས་བྱ་ཀུན་རིག་ནི་ཤིང་བྱ་སྤྱི་ལོ་༡༣༤༥ལོར་སྐུ་འཁྲུངས་ཞེས་འཁོད་ཀྱང་། ད་དུང་དཔྱད་པར་ཞིབ་ཕྲ་ཞིག་བཏང་ནས་ལོ་རྒྱུས་ཁུངས་ལྡན་ཞིག་མ་རྙེད་ན་འགྲེལ་གསལ་པོ་ཞིག་ཐོན་པར་དཀའ། རོང་སྟོན་ཤེས་བྱ་ཀུན་མཁྱེན་མཆོག་རྒྱལ་བ་མཉམ་མེད་ཆེན་པོའི་སློབ་དཔོན་ཀྱང་བྱས་མྱོང་ཡོད་འདུག་པས་མཉམ་མེད་ཀྱི་རྣམ་ཐར་དང་མཁས་གྲུབ། རོང་སྟོན་གསུམ་གྱི་ལོ་དུས་ཀྱི་ཐད་ནས་རྙོག་དྲྭ་ཧ་ཅང་ཆེ་བས། བདག་གིས་ནི་ལོ་དྲུག་བརྒྱ་ཙམ་ལོན་པའི་རྒད་པོ་ཞིག་ཡོད་ན་དྲི་བ་མ་གཏོགས་ཐག་ཆོད་པོ་ཞིག་བཤད་མི་ཐུབ་བོ།
དེ་ནས་མཁས་གྲུབ་མཆོག་གཡས་རུ་སྟོན་པའི་རྒྱལ་ཐེབས་སུ་མངའ་གསོལ་ཚུལ་རྣམ་ཐར་དུ་གསལ་པོ་མ་འཁོད་ཀྱང་། བགྲང་བྱ་དུ་མ་ཞིག་ལ་དབེན་ས་ཁའི་འདུས་སྡེ་ལེགས་པར་བསྐྱངས་ནས་བཞུགས་པར་སྣང་། དེ་དུས་དབེན་ས་ཁའི་འདུས་སྡེ་རྒྱ་ཆེན་པོར་ཡོད་པ་སྣང་སྟེ། གླིང་སྟོད་དུང་སྐད་ཀྱིས་ཁྱབ་ཙམ་ཞིག་དང་གླིང་སྨད་དུང་སྐད་ཀྱིས་ཁྱབ་ཙམ་ཞིགགླིང་ཟུར་དུང་སྐད་ཀྱིས་ཁྱབ་ཙམ་ཞིག་བཅས་གླིང་གསུམ་ཡོད་ཅིང་འཆད་ཉན་གྱི་བསྟན་པ་ལྡིང་བའི་དུས་ཞིག་ཡིན་སྐད། རྗེས་སུ་འབྱུང་བའི་འཇིག་པ་བྱུང་ནས་མེད་བརླགས་སུ་སོང་། མཁས་གྲུབ་མཆོག་གནས་དེར་ཉམས་ལེན་གྱི་འགྲོས་ལེགས་པར་བསྐྱངས་བས་དེ་ཡི་ཚེ་སྣང་བ་ལ་ཞེན་པ་ལོག་སྟེ། ཕ་ཡུལ་དང་གཉེན་འདུན་བོར་ནས། ཕྱོགས་མེད་ཀྱི་གནས་རི་འགྲིམས་པ་སོགས་བྱས་ཚུལ་རྣམ་ཐར་དུ་གསལ་བས་ཁོང་གི་སྐུ་ཚེ་སྨད་ལ་གནས་ངེས་མེད་ཀྱི་རྣལ་འབྱོར་པ་ཞིག་གི་ཚུལ་བཟུང་ཡོད་ཚོད་འདུག་ལ། ལྷོ་བྲག་ཏུ་ལོ་དྲུག་ཙམ་བཞུགས་པ་དང་མདོ་ཁམ་ཚ་བ་སྒང་སྟོད་དང་སྒང་སྨད་དུ་ཡང་ལོ་དུ་མ་འགྲོ་དོན་མཛད་ནས་བྱོན། ཁོང་ཉིད་ས་གནས་མང་དུ་བྱོན་ཀྱང་ཚ་བ་སྒང་སྟོད་དུ་ཤོག་ལྔ་ལམ་ལྷ་དགོན་ཕྱག་བཏབ་པ་ནི་ཡིག་ཐོག་ཏུ་འཁོད་པ་དང་ངག་རྒྱུན་གཉིས་ཀས་བདེན་དཔང་ཐུབ་ལ། སྤོ་བོ་རྫོང་ཁང་ཡུལ་ཤང་འབུས་གྲོང་ཚོར་ཡོད་པའི་བོན་གྲོང་དགོན་(ད་ལྟ་རྙིང་མ་བའི་དགོན་པར་བསྒྱུར་ཡོད། )ཀྱང་མཁས་གྲུབ་ཀྱིས་ཕྱག་བཏབ་ཞེས་ངག་སྒྲོས་ཙམ་བཤད་མོད། མིག་སྔར་དངོས་སུ་ཡིག་ཐོག་ཏུ་ཡོད་པ་ནི་མ་མཐོང་། རྣམ་ཐར་ཁག་ནང་ཚ་བ་སྒང་སྟོད་དུ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་(༡༣༥༦-༡༤༡༥)མཁས་གྲུབ་རིན་བློ་དང་མཇལ་ནས་བགྲང་བྱ་མང་པོ་ལ་མཁས་གྲུབ་མཆོག་གི་ཞབས་ཕྱིར་འབྲེང་སྟེ་བོན་གྱི་གབ་མཛོད་ས་གསུམ་གྱི་གཞུང་མང་དག་ལ་ཐོས་བསམ་གྱི་སྒྲོས་ལེགས་པར་བཅད་ཞེས་གསུངས། དེ་ནས་རྗེ་རིན་པོ་ཆེ་དགུང་གྲངས་སོ་གཅིག་ཐོག་དབུས་ཕྱོགས་སུ་བྱོན། ཁ་ཅིག་གིས་མཉམ་མེད་ཀྱིས་མཁས་གྲུབ་མདུན་ནས་བོན་གཞུང་རྣམས་ལམ་ལྷ་དགོན་དུ་ཞུས་ཟེར་བའི་ངག་སྒྲོས་ཙམ་ཡོད་པར་བལྟས་ན་དཔྱདདགོས་པ་ཡང་མཐོང་སྟེ། ལམ་ལྷ་དགོན་ནི་མཁས་གྲུབ་ཀྱི་གདན་ས་དངོས་ཡིན་པས་མཁས་གྲུབ་མཆོག་ཚ་བ་རོང་སྟོད་དུ་དུས་རྒྱུན་པར་ལམ་དགོན་དུ་བཞུགས་ནས་སློབ་བུ་སྐྱོང་བ་ཡང་ཡིན་ཚོད་འདུགལམ་ལྷ་དགོན་ནི་དེང་དུས་ཀྱི་བོད་ལྗོངས་ཆབ་མདོ་ལྷོ་རོང་རྫོང་ནག་ལྕོག་ཤང་ས་དམར་གྲོང་ཚོ་དང་ཉེ་བའི་སར་ཡོད་ཅིང་། མིང་ཆ་ཚང་ལ་ཤོག་ལྔ་ལམ་ལྷ་དགོན་གཡུང་དྲུང་གཏམས་བྲག་གླིང་ཞེས་འབོད། ཁ་ཅིག་གིས་ལམ་ལྷ་དགོན་ནི་ལོ་ངོ་སུམ་བརྒྱ་ཡས་མས་ཙམ་ལ་བཞེངས་ཞེས་བཤད་པར་ཐོས་ལ་རྩེ་དྲུག་དགོན་གྱི་དགོན་ལག་ཡིན་པའང་བཤད་མཁན་ཡོད་མོད། དེ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ངེས་པས་ངས་གསལ་བཤད་མི་དགོས་སོ། དེ་མིན་དགོན་གྱི་ལོ་རྒྱུས་རྒྱས་པ་ནི་འདི་རུ་མི་བཀོད། མཁས་གྲུབ་མཆོག་གི་ཐུགས་སྲས་ཀྱི་བུ་སློབ་མང་ཡང་གྲགས་ཆེ་བ་བྷེ་རིན་ཆེན་རྒྱལ་མཚན་དང་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། གཉིས་ཡིན་ལ་གོང་དུ་བཤད་པ་ལྟར་མུ་ལ་རད་ན་ཞུ་བ་དེ་ཉིད་སྤྲུལ་སྐུ་བློ་ལྡན་དངོས་ཡིན་ན་ཁོང་གི་བུ་སློབ་གྲགས་ཆེ་བ་དེ་རྣམ་གསུམ་ཡིན་ཞེས་སྨྲས་ན་ཆོགབྷེ་རིན་ཆེན་རྒྱལ་མཚན་གྱི་འཁྲུངས་འདས་སོགས་ཁ་གསལ་ལོ་རྒྱུས་ཡིག་ཐོག་དང་ངག་རྒྱུན་གང་ལ་ཡང་མི་གསལ་ཀྱང་། ཁོང་ཉིད་ཀྱིས་རྗེ་རིན་པོ་ཆེ་ལ་མཛོད་སོགས་གཞུང་མང་པོ་ཞིག་གསུངས་མྱོང་ཡོད་འདུགམཉམ་མེད་ཤེས་རབ་རྒྱལ་མཚན་ནི་བོན་གྱི་གདན་ས་བཀྲ་ཤིས་སྨན་རི་གླིང་ཕྱག་འདེབས་མཁན་ཡིན་ལ། ང་ཚོ་བོན་པོ་རྣམས་ཀྱིས་རྒྱལ་བ་གཉིས་པ་ཞེས་ཡོངས་གྲགས་སུ་བརྗོད་ཀྱི་ཡོད། རྣམ་ཐར་རྒྱས་པ་གཞན་དུ་གསལ། སྤྲུལ་སྐུ་བློ་ལྡན་ལྡན་ནི་ང་ཚོ་བོན་གྱི་སྙན་རྒྱུད་ཀྱི་མངའ་བདག་ལྟ་བུ་གྱུར་ཡོད་ལ་བསྟན་པ་ཕྱི་དར་སྐབས་རྩེ་དྲུག་དགོན་ཉམས་གསོ་བྱས། ཁོང་གི་རྣམ་ཐར་རྙིང་པ་ཆ་ཚང་བ་ཞིག་དེ་སྔོན་མ་མཐོང་ལ། རྩེ་སློབ་རིན་པོ་ཆེས་ངག་སྒྲོས་ཙམ་དང་བློ་ལྡན་འགུར་འབུམ་སོགས་ལ་གཞིག་སྟེ་རྩོམ་པ་ཞིག་ཡོད་པས་དེ་རུ་གཟིགས་པ་འཚལ།
དེ་ནས་མཁས་གྲུབ་མཆོག་གི་འདས་དུས་ནི་ཁོང་ཉིད་དགུང་གྲངས་དྲུག་བཅུ་རེ་བཞི་ཐོག་མདོ་ཁམ་ལྷོ་ཡི་ལམ་ལྷ་དགོན་དུ་དབྱར་ཟླ་འབྲིང་པོའི་ཐོ་རང་ལ་དགོངས་པ་བོན་དབྱིངས་སུ་བསྡུས་ཞེས་གོང་གི་རྣམ་ཐར་དུ་གསལ་ལ། ཤོག་ལྔའི་དམངས་ཁྲོད་ཀྱི་ངག་རྒྱུན་དང་ཡོངས་སུ་མཐུན་པས་ཐེ་ཚོམ་དང་ལོག་བཤད་དགོས་དོན་མེད་མོད། འོན་ཀྱང་ཁ་ཅིག་གིས་མཁས་གྲུབ་མཆོག་ནི་ཚ་བ་ཤུག་རྫོང་དགོན་དུ་སྐུ་འདས་པ་རེད་ཞེས་བཤད་མཁན་འདུག་པ་མ་ཟད་གཞན་དགོན་པ་འགའ་ཞིག་གིས་ཀྱང་དེ་ལྟར་དུ་བཤད་པར་ཐོས་བྱུང་བས་ཡིད་རྟོན་རུང་བའི་གཏམ་ནི་མ་ཡིན་པ་གསལ་ཐག་ཆོད་དོ། ཡིན་ནའང་ཤུག་རྫོང་དགོན་དུ་སྐུ་འདས་པའི་མཁས་གྲུབ་རིན་པོ་ཆེ་ཟེར་བའི་བླ་མ་དེ་ནི་མཁས་གྲུབ་རིན་བློ་མ་ཡིན་པར། མཁས་གྲུབ་རིན་ཆེན་བཀྲ་ཤིས་ཡིན་འདུག་ལ་ཁོང་ནི་དུས་ཕྱིས་སུ་དུས་རབས་བཅུ་བདུན་ཡས་མས་ཙམ་ལ་བྱོན་པའི་བླ་མ་ཞིག་ཡིན་ཚོད་འདུགབླ་མ་དེ་ཉིད་ཀྱི་མཚན་ནི་རྫོགས་ཆེན་གསོལ་འདེབས་སུ་འཁོད་ཡོད་དོ། ལམ་དགོན་དུ་མཁས་གྲུབ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་རྗེས། སྐུ་གདུང་ཞུགས་ལ་ཕུལ་བས། ཕྱི་རབས་མོས་པའི་རྟེན་དུ། གཤེན་རབ་རྣམ་རྒྱལ་གྱི་སྐུ་དང་། སྐུ་གདུང་ལ་རིང་བསྲེལ་སོགས་མང་དུ་བྱོན་པས་སྟོད་སྨད་ཀུན་ཏུ་ཁྱབ་ཅིང་། གདུང་རྟེན་ཡང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་། སངས་རྒྱས་བསྟན་གཙོའི་སྐུ་རིན་པོ་ཆེ་གསེར་ལས་གྲུབ་པ་ཞིག་བཞེངས་ནས་མངའ་དབུལ་ཞིང་། ཞལ་བསྲོ་དང་རབ་ཏུ་གནས་པར་མཛད་དོ། གཤེན་རབ་རྣམ་པར་རྒྱལ་བའི་སྐུ་དང་གདུང་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དེ་གཉིས་དུས་རབས་ཉི་ཤུ་པའི་རིག་གསར་སྔོན་ལ་ལམ་དགོན་དུ་དངོས་སུ་མཇལ་རྒྱུ་ཡོད་ཞེས་ཤོག་ལྔའི་བགྲེས་པོ་ལོ་རྒན་པ་རྣམས་ཀྱི་ངག་ལས་ཐོས་བྱུང་ལ། འོན་ཀྱང་རིག་གསར་སྐབས་གཏོར་གཤིགས་ཐེབས་ནས་གར་སོང་ཆ་མེད་དུ་གྱུར་བས་སྟོན་རྒྱུ་མེད་མོད། ད་ལྟ་ལམ་དགོན་དུ་ཡོད་པའི་སྐུ་གདུང་དེ་ནི་རིག་གསར་རྗེས་ལ་གྲྭ་རྒན་སངས་རྒྱས་དང་དགེ་བཤེས་བསོད་ནམས་རྒྱལ་མཚན་སོགས་ཀྱིས་བཞེངས་པར་ཐོས། དེ་ནས་མཁས་གྲུབ་མཆོག་གིས་མཛད་པའི་བཀའ་རྟེན་རྣམས་གླེང་ན། རྣམ་ཐར་དུ་《བྱང་ཆུབ་སྒྲུབ་ཐབས་སུམ་བརྒྱ་ཉི་ཤུ་བའི་འགྲེལ་བ། 》དང་《བཀའ་བརྟེན་སུམ་བརྒྱ་དྲུག་བཅུ་བ། 》《དབུ་མ་བདེན་གཉིས། 》《འདུལ་བ་སྣོད་བཅུད། 》བཅས་དེ་རྣམས་ཀྱི་འགྲེལ་བ་དང་ཆ་ལག་སོགས་མང་དུ་མཛད་ཞེས་འཁོད་ཀྱང་། དེང་དུས་ང་ཚོས་མཐོང་ཡུལ་དུ་གྱུར་པ་ནི་《དབུ་མ་བདེན་གཉིས། 》འདི་ལས་གཞན་མེད་ཚོད་དུ་འདུག་པས། ཕལ་ཆེར་ནུབ་པ་ཡིན་ན་སྙམ། ཁ་ཅིག་གིས་མཁས་གྲུབ་ཀྱིས་མཛད་པའི་ཕར་ཕྱིན་སྐབས་བརྒྱད་ཀྱི་འགྲེལ་གཞུང་ཞིག་ཡོད་འདུག་ཟེར་ཡང་། རྣམ་ཐར་དུ་ཕར་ཕྱིན་གྱི་གཞུང་ཡོད་པ་མ་གསལ་ལ། མདོ་སྨད་སྣང་ཞིག་དགོན་ནས་ཕར་ཕྱིན་གྱི་གཞུང་དེ་དཔར་སྐྲུན་བྱས་ཡོད་ལ། དེའི་གསལ་བཤད་དུའང་མཁས་གྲུབ་ཀྱི་གཞུང་མིན་ཞེས་མཐའ་གཅིག་ཏུ་གསུང་ཡོད་པས། དེས་ན་ཁོ་བོས་བསམ་ན་ཡང་མཁས་གྲུབ་ཀྱི་གཞུང་མིན་ལས་ཆེ་མོད་འོན་ཀྱང་བརྟགས་པར་འོས་སོ། ། ། ། གཡས་རུ་སྟོན་པའི་མཛད་བཟང་ཇི་ལྟར་བ། ། རང་བློའི་དཔོག་ཚོད་ཙམ་ཞིག་གླེང་བ་འདི། ། ལོག་བཤད་ཅན་རྣམས་ཕ་མཐར་བསྐྲོད་ཕྱིར་དང་། ། རྗེས་འཇུག་དད་མོས་ལྷག་པར་སྐྱེ་ཕྱིར་བཀོད། ། མཐོང་ཐོས་བློ་ལ་ཚད་བཀག་ཡོད་སྲིད་པས། ། ནོར་འཁྲུལ་ལོག་བཤད་ཇི་སྙེད་མཆིས་པ་རྣམས། ། གཡས་སྟོན་མཁས་གྲུབ་བླ་མ་གང་ཉིད་དང་། ། དེང་གི་རིག་སྨྲ་དག་ལ་བཟོད་གསོལ་ཞུ། །
ཅེས་འདི་ནི་ཤོག་ལྔའི་སྨྱུག་མིང་པ་དོན་སྙིང་རྒྱལ་ཞེས་པ་དེས་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཕུལ་བའོ། །