སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས།
[ཟླ་ཚེས། 2018-11-26 21:50:02][རྩོམ་པ་པོ། དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧ དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་༧སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གི་མཛད་རྣམ་གནད་བསྡུས།
མདོ་སྨད་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་དཔོན་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་མཆོག་ནི། སྤྱི་ལོ་༡༩༣༨བོད་ས་ཕོ་སྟག་གི་ལོ་ཟླ་བ་༨པའི་ཚེས་༡༨ལ་ཟིང་ཆུ་རྫོང་ཆོས་ཡག་གྲོང་སྡེ། ཁང་རྙིང་ཚང་དུ་ཡབ་དོན་འགྲུབ་དང་ཡུམ་མཁར་སྒང་ཟ་གཉན་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་རྟོགས་ལྡན་ཤེས་རབ་ཕུན་ཚོགས་མདུན་ནས་འབྲི་ཀློག་འདོན་གསུམ་སྦྱོང་སྟེ་རྟོགས་ལྡན་གྱིས་དགོངས་རྟགས་ལེགས་པར་གཟིགས་ཏེ་སློབ་བུ་གཞན་དང་མི་འདྲ་གསུངས་ནས་མཚན་ལ་ཤེས་རབ་བློ་གསལ་གསོལ། དགུང་ལོ་བཅུ་གཉིས་ཐོག་སྐྱིད་འཛོམས་གཡུང་དྲུང་གླིང་གི་ཚོགས་གྲལ་དུ་བཞུགས། བཅུ་གསུམ་སྟེང་བྱ་འཕུར་ཕུན་ཚོགས་དབང་རྒྱལ་དྲུང་དུ་བློ་ལྡོག་རྣམ་བཞི་སྔོན་འགྲོ་བསགས་སྦྱོང་སོགས་གསན་བསམ་གནང་བ་དང་དབང་ལུང་དུ་མ་ཐོབ། དགེ་བསྙེན་གྱི་སྡོམ་པ་ཞུས་ནས་མཚན་ལ་ཤེས་རབ་མཐར་ཕྱིན་གསོལ། རྣམ་གཙང་དགེ་རྒན་སྐལ་བཟང་ཚུལ་ཁྲིམས་ཀྱི་དྲུང་ནས་བྲིས་དང་གར་འཆམ། མདོ་སྔགས་ཀྱི་འདོན་ཕྱག་ལེན་གྱེར་དབྱངས་སོགས་བསླབས། དགུང་ལོ་བཅོ་ལྔའི་ཐོག་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་སེར་ཚ་གཡུང་དྲུང་བློ་གསལ་དྲུང་དུ་གསོ་རིག་ཕྱི་མ་རྒྱུད་དང་མཁར་ཡགས་རིན་པོ་ཆེས་མཛད་པའི་སྙིང་པོ་བཅུད་བསྡུས་སོགས་སྦྱངས། ཨ་འབེལ་ཁང་གསར་ཚང་རྟོགས་ལྡན་ཚུལ་ཁྲིམས་ཡེ་ཤེས་དྲུང་ནས་ས་སྨན་དང་རྡོ་སྨན་འབྲུ་སྨན་ཤིང་སྨན་རྩི་སྨན་སོགས་སྨན་སྣའི་ངོས་འཛིན་བསླབས། དེ་ནས་སྨན་སྦྱོར་ལུགས་དང་བརྡུང་ལུགས་རྣམས་སྔ་སྲོལ་བཞིན་སྦྱོང་པར་མཛད། དགུང་ལོ་བཅུ་བདུན་ཐོག་སྣང་ཞིག་དགོན་ནས་ཁྲི་སྨིན་སོག་པོ་རྟོགས་ལྡན་དྲུང་དུ་གསོ་རིག་རྩ་རྒྱུད་དང་སྨན་སྦྱོར་སྙིང་པོ་བཅུད་བསྡུས་སོགས་སྦྱངས། དགུང་ལོ་ཉེར་གཅིག་སྟེང་དུས་འགྱུར་གྱི་སྐབས་སུ་ཞིང་འབྲོག་གི་ངལ་རྩོལ་སྣ་ཚོགས་བྱས། དེ་ནས་ངེས་འབྱུང་གི་བློ་སྐྱེས་ནས་ཧོར་བཙུན་དམ་པ་བསྟན་འཛིན་བློ་གྲོས་ཞབས་པད་སྤྱི་བོར་བཀུར་སྟེ་ཐུན་མོང་རིག་གནས་དང་གཏན་གྱི་འདུན་མ་སྔོན་འགྲོ་བསགས་སྦྱོང་ནས་ལོ་གསུམ་ལ་སྔོན་འགྲོ་འབུམ་དགུ་རེར་རྫོགས། དགུང་ལོ་༣༤ཐོག་དངོས་གཞི་རྫོགས་ཆེན་སྐུ་གསུམ་རང་ཤར་ལྟར་ཨ་གཏད་ལ་སེམས་སྦྱོང་དང་སེམས་ངོ་འཕྲོད་པས་རྗེ་བླ་མའི་ཞལ་ནས་རྟེན་འབྲེལ་ལེགས་གསུངས་ནས་དམར་ཁྲིད་གདམས་པ་གང་མང་གནང་། དེ་ནས་གྲུབ་དབང་ཤར་རྫ་རིན་པོ་ཆེའི་གྲོས་འདེབས་སོགས་ཞལ་ཁྲིད་གནང་ནས་རང་གཞན་གྱི་ལས་དོན་ལ་འབད་དགོས་ཚུལ་སོགས་བསླབ་བྱ་གནང་། དགུང་ལོ་སོ་དྲུག་སྟེང་སྒེར་གྱི་སྨན་བཅོས་འཕྲོད་བསྟེན་ཁང་བཙུགས་ནས་མི་དམངས་ལ་སྨན་གྱི་སྦྱིན་པ་གཏོང་། དགུང་ལོ་ཞེ་གཅིག་ཐོག་སྐྱང་ཚང་གྲོང་ཚོ་ནས་ཟླ་༤རིང་ལ་སྨན་རྒན་ལྷུན་གྲུབ་དྲུང་ནས་རྩ་རྒྱུད་བཤད་རྒྱུད། མན་ངག་ལྷན་ཐབས་སོགས་བསྐྱར་སྦྱོང་གནང་།
༧རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དང་ལྷན།
༡༩༧༩ལོར་རྒྱ་ནག་གླང་ཆེན་འགྱིང་རི་སོགས་གནས་མཇལ་དུ་ཕེབས། ༡༩༨༠ལོར་ལྷ་སར་ཕེབས་ཏེ་གདན་ས་ཁག་དང་ཀོང་པོ་བོན་རི་སོགས་ལ་མཇལ་སྐོར་ཕེབས། ཁྱད་པར་དུ་གྲྭ་ས་སྨན་རིའི་དཔོན་སློབ་ཚུལ་ཁྲིམས་དབང་ལྡན་དང་གཡུང་དྲུང་གླིང་གི་དགེ་སློང་ཤེས་རབ་བསྟན་འཛིན་རྣམ་གཉིས་དྲུང་ནས་རབ་བྱུང་ཡོངས་རྫོགས་ཀྱི་སྡོམ་པ་ཞུས་ཏེ་འདུལ་ཁྲིམས་རྨ་མེད་མིག་འབྲས་བཞིན་དུ་བསྲུངས། དགུང་ལོ་ཞེ་བཞིའི་སྟེང་རྒྱལ་ཁབ་ཀྱིས་ཟིང་ཆུ་རྫོང་གི་དགོན་ཁག་རྣམས་ལྷན་གཅིག་ཏུ་འཚོགས་ཆོག་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཆོག་ཆེན་གནང་ནས་སྐྱ་སེར་ཡོངས་ནས་མཁན་ཆེན་ཤེས་རབ་མཐར་ཕྱིན་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རྣམ་གཉིས་མཁན་སློབ་ཀྱི་ཁྲི་བཞེངས་མཛད་དེ་དགའ་མལ་དགོན་ཆེན་སླར་ཚུགས་མཛད་ནས་ནང་དགོན་ཁག་ལྔ་དང་ཕྱི་ཡི་དགོན་ལག་བཅུ་གསུམ་ལྷན་དུ་འཚོགས།
༡༩༨༢ལོར་དགའ་མལ་དགོན་ཆེན་གྱི་དབུ་མཛད་གནང་། དགོན་ཆེན་གྱི་ཚོགས་ཁང་བཞེངས་པར་བར་ཆད་ཟློག་ཕྱིར་ཕྱི་ནང་གསང་བའི་བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་བསྐྱངས། གནས་ཆེན་མཁའ་འགྲོ་འུག་གདོང་རི་ཁྲོད་དུ་དཔོན་སློབ་རིན་པོ་ཆེ་བསྐལ་བཟང་དར་རྒྱས་ཀྱི་མདུན་ནས་རྫོགས་ཆེན་ཁྲེགས་ཆོད་དང་རྩ་རླུང་། ཐོད་རྒལ། འོད་གསལ་འཁོར་འདས་རུ་ཤན། བཅུད་ལེན། མུན་མཚམས་སོགས་ཀྱི་ཞལ་ཁྲིད་མཛད་དེ་དབང་ལུང་གང་མང་གནང་། དེ་ནས་དང་ར་ཕྱུག་གཙོ་མཁན་པོ་རང་ཡུལ་མདོ་སྨད་དུ་ཕེབས་སྐབས། གནས་ཆེན་མཁའ་འགྲོ་འུག་གདོང་དུ་གདན་དྲངས་ནས་མཁའ་འགྲོ་གསང་གཅོད་ཕྱི་ནང་གསང་གསུམ་དབང་ལུང་མན་ངག་དང་ཀུན་རིག་ལས་བཞི་རྒྱུ་ལྔ་སོགས་དབང་ལུང་གནང་བ་མཛད། དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་དགའ་མལ་དགོན་ཆེན་དུ་མདོ་སྔགས་བཤད་སྒྲུབ་སློབ་གླིང་འགོ་ཚུགས་ཏེ་ལོ་ངོ་བཞིའི་རིང་ལ་གསང་གཅོད་ཕྱི་ནང་གསང་གསུམ། ཁྱུང་གི་གཅོད་གདམས་དང་བཅས་པ་སྒྲུབ་པ་བསྙེན་ཚད་རྫོགས། བོད་ཡུལ་མ་དང་དྲན་པ་ཡང་གསང་སོགས་སྒྲུབ་ཆེན་རྫོགས། དེའི་སྐབས་སུ་ཡོངས་འཛིན་སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་གངས་ཅན་བོད་ལ་ཆིབས་བསྒྱུར་གནང་ནས་མདོ་སྨད་ཤར་ཁོག་ཏུ་ཕེབས་སྐབས་མཆོག་གི་ཞལ་སྔ་ནས་མཁའ་ཀློང་གསང་མདོས་ཀྱི་ཕྱག་ལེན་དང་ཙི་ཏ་འདྲེན་ལུགས། ནམ་མཁའ་རྒྱང་བུ་ཤིང་བྱང་གཏོར་མ་བཅའ་ཐབས་སོགས་གཞི་ཁྲིད་དང་དབང་ལུང་སོགས་ཞུས། སྐབས་དང་པོ་བཤད་སྒྲུབ་རྣམས་ལ་སློབ་དཔོན་མཆོག་གི་ཞལ་བཀོད་ལྟར་སྨན་སྤོས་སྣ་ཚོགས་གང་དགོས་ལས་དོན་བསྒྲུབས།
༡༩༨༩ལོ་སྒྲུབ་གྲྭ་སྐབས་གཉིས་པའི་མི་བཅོ་ལྔ་ལ་དཔེ་ཁྲིད་དགེ་རྒན་མཁན་སློབ་གཉིས་ཀྱིས་ཞལ་བཀོད་ལྟར་འགན་བཞེས་ནས་དུས་དང་རྣམ་པ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པའི་ལས་དོན་ཁོ་ནར་ཐུགས་འགན་བཞེས། སླར་ཡང་མཁན་སློབ་དྲུང་ནས་དྲང་སྲོང་གི་སྡོམ་པ་ཆིག་རྫོགས་ཞུས་ཏེ་མཚན་ལ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་གསོལ་ནས་སློབ་དཔོན་བསྐང་བཟང་དར་རྒྱས་མཆོག་གི་རྗེས་འཛིན་སྒྲུབ་གྲྭའི་སློབ་དཔོན་ཁྲི་བཀོད་མཛད། དེ་ནས་སྒྲུབ་གྲྭ་སྐབས་གཉིས་པའི་ལོ་བར་མའི་ནང་དུ་རྗེ་མཁས་བཙུན་དམ་པ་དཔོན་སློབ་བསྐལ་བཟང་དར་རྒྱས་མཆོག་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་ཏེ་སྒྲུབ་གྲྭ་རྣམས་ལ་དཀའ་ཁག་གང་མང་བྱུང་ཡང་ཐུགས་ལ་དམ་བཅའ་བརྟན་པོས་ཐང་ལྷོད་མེད་པར་བབ་བཟོའི་རྟོགས་ལྡན་བསྟན་འཛིན་ཉི་མ་མཆོག་གདན་དྲངས་ནས་བདེར་གཤེགས་འདུས་པའི་དབང་དང་ཞི་ཁྲོ་དབང་ལུང་གསང་གཅོད་དབང་ལུང་སོགས་མན་ངག་གང་མང་ཞུས། དགོན་ཆེན་དུ་ཡང་བསྐྱར་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་གདན་དྲངས་ནས་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ཆ་ཚང་ལུང་དང་སྡེ་སྣོད་རིན་པོ་ཆེ་འཆད་ཁྲིད་མཛད། རྗེས་སུ་རྫོགས་ཆེན་སྐུ་གསུང་རང་ཤར་དབང་དང་ཚེ་དབང་བྱ་རུ་མའི་ཚེ་སྒྲུབ་དབང་ཞལ་འདོན་བསང་མཆོད་སྐབས་སོགས་ལུང་དུ་མར་གནང་ནས་བཀའ་དྲིན་བསྩལ།
༡༩༩༡ལོ་སྒྲུབ་གྲྭ་སྐབས་གསུམ་པ་རྣམས་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་སྡེ་སྣོད་མཛོད་སྡོམ་གསུམ་ཊྀ་ཀའི་སོགས་ཞལ་ཁྲིད་གནང་།
༡༩༩༤ཤིང་ཁྱི་ལོའི་སྒྲུབ་གྲྭ་བ་རྣམས་ལ་སྔར་བཞིན་འཆད་ཁྲིད་གནང་། དེ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གངས་ཅན་བོད་ལ་ཕེབས་སྐབས་སུ་དབང་ལུང་སོགས་གང་མང་ཞུས།
༡༩༩༦ལོར། དཔལ་གཤེན་བསྟན་མདོ་སྨད་སྣང་ཞིག་དངུལ་སྐུ་དགོན་དུ་སྣང་དགོན་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་བསྡོངས་ཏེ་སྒྲུབ་གྲྭ་གསར་བཙུགས་གནང་ནས་༧དཔལ་ཤར་རྫ་བའི་རིང་ལུགས་འཁྲུལ་མེད་སྐྱོང་ཞིང་སྐབས་དེར་སྐྱང་སྤྲུལ་དྲི་མེད་འོད་ཟེར་གདན་དྲངས་ཏེ་རྫོགས་ཆེན་དང་བདེ་འདུས་ཀྱི་བཀའ་དབང་སོགས་ཀྱི་ཟབ་གདམས་གང་མང་ཞུས། སྣང་ཞིག་དངུལ་སྐུ་དགོན་གྱི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་བླ་མ་སྐལ་བཟང་རྒྱ་མཚོ་འམ་ཡོངས་གྲགས་སུ་ཕྱག་འཚལ་བླ་མ་རྣམ་གཉིས་གཙོས་པའི་དགོན་དེའི་གྲྭ་བཙུན་རྣམས་ལ་སྨྲ་སེང་དང་གེ་ཁོད་གསང་བ་དྲག་ཆེན་གྱི་བཀའ་དབང་བསྩལ། གཞན་དགོན་དེའི་སྐུ་གསུང་ཐུགས་རྟེན་གྱི་རྟེན་བཞེངས་དང་འདོན་ཕྱག་ལེན་སོགས་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་བཀའ་དྲིན་བསྐྱངས། སྒྲུབ་གྲྭ་སྐབས་གསུམ་གྱི་རིང་དུ་བླ་གྲྭ་བཅུ་ཕྲག་གཉིས་མ་ཟིན་ཙམ་ལ་མགོ་སྔོན་འགྲོ་ནས་བརྩམས་ཏེ་མཇུག་རྩ་རླུང་མུན་མཚམས་ཀྱི་བར་དུ་དབང་ལུང་ཁྲིད་གསུམ་སོགས་ཀྱི་ཞལ་གདམས་བསྩལ།
༡༩༩༧ལོའི་དགའ་མལ་དགོན་ཆེན་མདོ་སྔགས་བཤད་སྒྲུབ་གླིང་གི་སྒྲུབ་གྲྭ་བ་རྣམས་ལ་སྔར་ལྟར་གྲུབ་དབང་ཤར་རྫ་རིན་པོ་ཆེ་དང་སློབ་དཔོན་བསྐལ་བཟང་དར་རྒྱས་མཆོག་གི་ཞལ་ལུང་ལྟར་སྔོན་འགྲོ་ནས་རིམ་བཞིན་སྔ་ལྟར་འཆད་ཁྲིད་གནང་།
༡༩༩༨དཔལ་སྐྱིད་འཛོམས་གཡུང་དྲུང་གླིང་གི་ལྷ་སྡེ་མི་དམངས་རྣམས་ཀྱིས་རེ་བསྐུལ་ལྟར་དབུ་བླའི་འགན་བཞེས་ནས་བྲག་བཙུན་ཨ་བསེ་རྒྱལ་བའི་སྒྲུབ་ཁང་དང་རྔ་གྲལ་ཁང་སོགས་ཕྱི་ཡི་རྟེན་བཞེངས་དང་། རྒྱལ་བའི་བཀའ་དང་བཀའ་བརྟེན་སོགས་གདན་དྲངས་ནས་དགོན་པའི་རྟེན་བཞག་མཛད།
༢༠༡༤ལོའི་བར་གྱི་རིང་ལ་སྐྱིད་འཛོམས་གཡུང་དྲུང་གླིང་གི་ཕྱི་ནང་གི་རྟེན་དང་བརྟེན་པའི་དོན་ལ་མཛད་འཕྲིན་རྒྱ་ཆེར་བསྐྱངས།
༢༠༠༠ལོའི་སྒྲུབ་གྲྭ་བ་རྣམས་ལ་སྔོན་འགྲོ་དངོས་གཞི་ནས་སྔ་ལྟར་འཆད་ཁྲིད་གནང་། དེའི་རིང་དུ་དགོན་པའི་གཞུང་གིས་སྒྲུབ་གྲྭ་ཁང་གི་འཚོགས་ཁང་ཐོག་རྩེག་ཅན་ཞིག་གསར་སྐྲུན་བྱས་པ་དེར་རྒྱ་ཕིབས་དང་རི་དྭགས་ཕོ་མོ་གསེར་ཏོག་དང་བཅས་པ་བཞེངས་སྐྲུན་བྱས་ཤིང་། ཚོགས་ཁང་དུ་དབུས་སུ་ཀུན་མཁྱེན་ཤར་རྫ་བའི་སྐུ་བརྙན། གཡས་སུ་ཀུན་བཟང་རྒྱལ་བ་འདུས་པའི་སྐུ་བརྙན། གཡོན་དུ་ཁྲོ་བོ་གཙོ་མཆོག་སྐུ་བརྙན། ཡེ་ཤེས་དབལ་མོ་སྐུ་བརྙན། སྲིད་རྒྱལ་དྲེལ་དམར་སྐུ་བརྙན། བྲག་བཙན་ཨ་བསེ་སྐུ་བརྙན། མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་སོགས་དང་། རྒྱལ་བའི་གསུང་རབ་བཀའ་འགྱུར་གཙོས་པའི་པོ་ཏི་བཞི་བརྒྱ་མ་ཟིན་ཙམ་རྟེན་བཞག་མཛད། སྒྲུབ་གྲྭའི་གཡོན་རྒྱབ་ཏུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་དབུ་བརྒྱན་པའི་རྒྱལ་བ་རྒྱ་མཚོ་དང་བྱམས་མ་སོགས་ལས་གྲུབ་པའི་རྡོ་འབུམ་བཞེངས་གྲུབ་མཛད།
༢༠༠༣ལོའི་སྒྲུབ་གྲྭ་བ་རྣམས་ལ་གྲུབ་དབང་ཀུན་མཁྱེན་མཆོག་གི་ལུགས་དང་མཁས་བཙུན་དམ་པ་རྣམ་གཉིས་ལུགས་ལྟར་འཆད་ཁྲིད་མཛད། དེའི་སྐབས་སུ་གཡུང་དྲུང་གླིང་གི་དགེ་སློང་རིན་པོ་ཆེ་ནས་འཚོགས་ཁང་གསར་བཞེངས་ལེགས་གྲུབ་བྱུང་བས་དགའ་སྟོན་མགྲོན་ཤོག་འབྱོར་བས་དུས་ལྟར་དབུ་གཙང་ལ་ཕེབས་ནས་གྲྭ་ས་གོང་འོག་དང་གཤེན་དར་ལྡིང་སོགས་ལ་མཆོད་མཇལ་ཕེབས། མར་ཀོང་པོ་བསྐོར་བ་དང་རྒྱལ་རོང་མུ་རྡོ་ཕྱོགས་སུ་གནས་མཇལ་བསྐོར་ནས་གནས་ཀྱི་བྱིན་རླབས་ཞུས། སྔ་བཞིན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་བ་རྣམས་དབང་ལུང་ཁྲིད་གསུམ་གྱི་མཛད་འཕྲིན་བསྐྱངས་ཏེ་བཞུགས།
༢༠༠༨ལོར་ཝུན་ཁྲོན་ས་ཡོམ་གྱི་གོད་ཆགས་བྱུང་སྐབས་དཔལ་སྐྱིད་འཛོམས་དགོན་པ་འཐོར་ལ་ཁད་བྱས་པས་༢༠༠༩ལོར་བསྟན་ལ་ལྷག་བསམ་དཀར་བའི་བླ་མ་ཤེས་རབ་གོང་འཕེལ་དང་གྲྭ་ཀུན་གྲགས་སོགས་གཙོས་པའི་དཔལ་སྐྱིད་འཛོམས་འདུས་སྤྱི་ཡོངས་ནས་རྒྱབ་སྐྱོར་དང་། སྣང་ཞིག་དངུལ་སྐུ་དགོན་གྱི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱིས་དགོན་པ་ཆེ་ཆུང་ཞལ་བཀོད་གནང་བ་ལྟར་དགོན་པ་ཀ་རིང་བཞིའི་བདག་ཉིད་ཅན། གསེར་གྱི་རྒྱ་ཕིབས་དང་རི་དྭགས་ཕོ་མོ་འཁོར་ལོ་གསེར་ཏོག་རྒྱལ་མཚན་དང་བཅས་པ། བྱ་འདབ་གཉིས་བརྩེགས་ལས་གྲུབ་པའི་བཟོ་བཀོད་ལྟ་ན་སྡུག་པ་དང་། ནང་རྟེན་དུ་དབུས་སུ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ཁང་རྩེག་གཉིས་ཅན་དང་། གཡས་སུ་རྒྱུ་དངུལ་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན། གཡོན་དུ་ལྷ་ཤིང་ཨ་དཀར་རུ་ལས་གྲུབ་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་བརྙན་སོགས་གསར་བཞེངས་ལེགས་པར་གྲུབ། ལོ་འདི་དག་གི་རིང་དུ་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་མཛད་ཅིང་བུ་སློབ་བརྒྱ་ཕྲག་མང་པོ་གསོ་སྐྱོང་མཛད་ཞོར། གླང་ཆེན་འགྱིང་རི། རི་བོ་རྩེ་དགུ། རི་བོ་གྲུ་འཛིན། རི་བོ་རྩེ་ལྔ། རྨ་ཆེན་སྤོམ་ར། ཁྲི་ཤོར་རྒྱལ་མོ། དམུ་རི་གནས། བྲག་དཀར་བྱ་རྒོད། གཉན་ཆེན་དུང་རི། རྒྱ་མོ་དམུ་རྡོལ། ཐུགས་རྗེ་ཆེན་པོ་སོགས་གནས་མཇལ་ཕེབས།
༢༠༡༣ལོར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭའི་དཔོན་སློབ་ལས་ཁྲི་ཟུར་གནང་སྟེ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་མཆོག་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཁྲི་རབས་གསུམ་པའི་སྒྲུབ་སློབ་ཀྱི་ཁྲིར་བཞེངས་མཛད། དེ་ནས་ལོ་ལྔ་ཡི་རིང་དུ་དགའ་མལ་དགོན་ཆེན་སྒྲུབ་གྲྭ་ཁང་དུ་བཞུགས་ནས་སྐལ་ལྡན་གདུལ་བྱ་རྣམས་ཀྱི་བློ་དང་འཚམས་པའི་ཆོག་ག་ཕྱག་ལེན་དང་གྱེར་དབྱངས་གདངས་གསུམ་སོགས་བསླབ་པ་དང་ཉམ་ཐག་ནད་པ་རྣམས་ལ་སྨན་གྱི་སྦྱིན་པ་གཏོང་ནས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད། དེ་ནས་གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན། བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ཟླ་བ་༩བའི་ཚེས་༡༠ཉིན་༼སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༠བའི་ཚེས་༡༩ཉིན་༽གྱི་དགོང་མོའི་པེ་ཅིང་ཆུ་ཚོད་༨དང་སྐར་མ་༢༡སྟེང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་ཁོང་རིན་པོ་ཆེའི་བླ་བྲང་མི་གཡོ་བསམ་གཏན་ཁང་དུ་ཐུགས་དམ་གཡོ་མེད་ངང་དུ་རེ་ཞིག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་སོ། །
ཞེས་སྒྲུབ་སློབ་རིན་པོ་ཆེ་མཆོག་གི་མཛད་རྣམ་གནད་བསྡུས་འདི་ཉིད་དམུ་རའི་དགེ་མིང་བ་བསྟན་འཛིན་ཡེ་ཤེས་ཀྱིས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སོགས་ལས་བཏུས་ཏེ་ཕྱོགས་བསྡུས་བྱས་པ་དགེའོ། །
སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་མཆོག་གིས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གདམས་ཞུས་པའི་མཚན་ཐོ།
༡༽རྩ་བའི་བླ་མ་བྱ་འཕུར་གཡུང་དྲུང་ཕུན་ཚོགས་དྲུང་དུ། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་སོགས་སྔོན་འགྲོ་སྐོར་གྱི་ལུང་དང་། ཞི་ཁྲོ་དང་ཕུར་པའི་དབང་།
༢༽རྩ་བླ་བསྟན་འཛིན་བློ་གྲོས་རྒྱ་མཚོ་དྲུང་དུ། ཨ་ཁྲིད་སྒོམ་རིམ་གྱི་ཁྲིད་དང་། བསྙེན་སྨྱུང་གི་སྡོམ་ཆོག དུ་ཏྲི་སུ་དང་སྐྱབས་མགོན་བླ་སྒྲུབ་དང་སྐྱེ་སྒོའི་དབང་།
༣༽ཚུལ་ཁྲིམས་ཡེ་ཤེས་དྲུང་དུ། བརྩིས་འགོ་བདུན་པ་སོགས་ཆུ་གཏོར་རིགས་ཀྱི་ལུང་།
༤༽རིན་སྤུངས་མཆོག་སྤྲུལ་ཤེས་རབ་རྣམ་རྒྱལ་དྲུང་དུ། ལུང་འོད་ཟེར་དཔག་མེད་ཀྱི་ལུང་། རྒྱལ་བའི་བཀའ་འགྱུར་རྒྱུད་ལུང་།
༥༽སྤྱང་ནག་བླ་མ་ཀུན་བཟང་ནམ་མཁའ་གཡུང་དྲུང་དྲུང་དུ། ཨ་ཁྲིད་བརྒྱུད་འདེབས་འཕོ་བ་དང་བཅས་པའི་ལུང་། ལི་ཤི་ཞལ་གདམས་སོགས་ཞལ་གདམས་རིགས་དང་སྲིད་རྒྱལ་དྲེའུ་དམར་དང་ནང་བསྐང་སོགས་སྲུང་མའི་བསྐང་བའི་སྐོར་ལུང་།
༦༽སྨན་རིའི་སློབ་དཔོན་ཚུལ་ཁྲིམས་དབང་ལྡན་གྱི་དྲུང་དུ། མཉམ་མེད་གསོལ་འདེབས་སོགས་གསོལ་འདེབས་རིགས་དང་། དབལ་ཕུར་དང་སྟག་ལའི་བཅུད་དྲིལ་སོགས་ཀྱི་ལུང་།
༧༽ཞུ་བླ་གཡུང་དྲུང་ཚེ་མཆོག་གི་དྲུང་དུ། གཡུང་དྲུང་ལྟུང་བཤགས་དང་བར་དོའི་ཐོས་གྲོལ་སོགས་ཀྱི་ལུང་།
༨༽གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་གྱི་དྲུང་། དབལ་ཕུར་གཞུང་ཆ་ཚང་དང་ཨུ་དཔལ་རྒྱན་ཕྲེང་ལུང་།
༩༽འཇམས་དབྱངས་མཁྱེན་རབ་རྒྱ་མཚོ་དྲུང་དུ། སྡོམ་གསུམ་རྩ་བའི་ལུང་།
༡༠༽འཇིགས་མེད་ནམ་མཁའ་འོད་གསལ་གྱི་དྲུང་དུ། སྡོམ་གསུམ་གསོ་སྦྱོང་དང་སྡོམ་གསུམ་སྨོན་ལམ་ལུང་།
༡༡༽ལྕགས་མདུད་སྐལ་བཟང་རྒྱ་མཚོའི་དྲུང་དུ། དབལ་གསས་ཞི་ཁྲོ་སྐོར་དང་དེའི་བསྐང་བ། སྲིད་རྒྱལ་ནང་བསྐང་སོགས་ཀྱི་ལུང་།
༡༢༽ལྕགས་མདུད་རྟོགས་ལྡན་གྱི་དྲུང་དུ། ཀུན་རིག་གནས་འདྲེན་དབང་ལུང་གཉིས། སྐྱེ་སྒོ་དབང་ལུང་གཉིས།
༡༣༽ལྕགས་མདུད་མཁའ་འགྲོ་མའི་དྲུང་དུ། རྣམ་འཇོམས་དབང་།
༡༤༽སྐལ་བཟང་བསྟན་འཛིན་དྲུང་དུ། ༼སྐྱང་ཚང་གྲྭ་ཚང་བླ་མ༽མ་ཏྲི་དང་ཚེ་སྒྲུབ་ཀྱི་དབང་། བླ་བསླུ་འཆི་བསླུའི་ལུང་།
༡༥༽ཤེས་རབ་ཚུལ་ཁྲིམས་དྲུང་དུ། གསང་དྲག་ཚེ་སྒྲུབ་དང་བཅས་པའི་ལུང་།
༡༦༽ཤེས་རབ་རྣམ་དག་གི་དྲུང་དུ། ༼རྗེ་འཕེན་ཨ་ཁུ༽སྨན་ལྷ་དང་དྲན་པ་ཚེ་སྒྲུབ། ཚེ་དབང་བྱ་རི་མ། མ་ཏྲི་ཚེ་སྒྲུབ། སྐྱབས་མགོན་བླ་སྒྲུབ། དབལ་ཁྱུང་དམར་པོ། སོགས་ཀྱི་དབང་ལུང་གཉིས།
༡༧༽གཡུང་དྲུང་བློ་གསལ་དང་སོག་པོ་རྟོགས་ལྡན་དྲུང་དུ། ཕྱི་མ་རྒྱུད། མཁོ་བསྡུས་ཀྱི་ཁྲིད།
༡༨༽བསོད་ནམས་ལྷུན་གྲུབ་དྲུང་དུ། མན་ངག་ལྷན་ཐབས་དང་རྩ་རྒྱུད་སྡོམ་འགྲེལ། མན་ངག་རྒྱུད། བཤད་པའི་རྒྱུད་སོགས་སྨན་གྱི་སྐོར་ཁྲིད།
༡༩༽ཚུལ་ཁྲིམས་རྣམ་དག༼ཨ་ཁུ་ཕྱུག་དབང་༽རྩ་རྒྱུད་དང་བཤད་རྒྱུད་གཉིས་ཀྱི་ལུང་།
༢༠༽ལ་སྟོད་དང་ར་དགོན་གྱི་མཁན་པོ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ། ཀུན་བཟང་རྒྱལ་འདུས་དང་ཚེ་དབང་བོད་ཡུལ་མ། ཚེ་དབང་རྒྱ་ནག་མ། མཁའ་འགྲོའི་གསང་གཅོད་དབལ་གསས་སོགས་ཀྱི་དབང་། ཀུན་རིག་ལས་བཞི་རྒྱུན་ལྔའི་གཞུང་ཆ་ཚང་གི་ལུང་། གདུགས་དཀར་ཆ་ཚང་གི་ལུང་། ནམ་མཁའ་འཕྲུལ་མཛོད། གཡུང་དྲུང་ལྟུང་བཤགས་སོགས་ཀྱི་ལུང་།
༢༡༽བྱ་འཕུར་ཤེས་རབ་བློ་ལྡན་དྲུང་དུ། བཀའ་རྒྱུད་སྐོར་བཞི་ཆ་ཚང་། ཡང་རྩེ་ཀློང་ཆེན་ཆ་ཚང་། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་སོགས་རྫོགས་ཆེན་སྔོན་འགྲོའི་ཆ་ཚང་། འཕོ་བའི་རིགས་དང་། གཞན་རྣམ་པར་རྒྱལ་བ་དང་ཚེ་དབང་བྱ་རི་མ་སོགས་ཀྱི་ལུང་། གེ་ཁོད་གསང་བ་དྲག་ཆེན་གྱི་དབང་། མ་ཏྲི་ཚེ་སྒྲུབ་དབང་།
༢༢༽མཁན་ཆེན་ཤེས་རབ་མཐར་ཕྱིན་གྱི་དྲུང་དུ། བྱ་རི་མ་དང་དུ་ཏྲི་སུ། མ་ཏྲི་རིན་ཆེན་སྒྲོན་མ་དང་དྲན་པ་ཚེ་སྒྲུབ། མཁའ་ཀློང་གསང་མདོས་བཅས་ཀྱི་དབང་།
༢༣༽སྐྱང་སྤྲུལ་དྲི་མེད་འོད་ཟེར་དྲུང་དུ། རྫོགས་ཆེན་སྐུ་གསུམ་རང་ཤར་སོགས་རྫོགས་ཆེན་གྱི་བོན་སྐོར་དང་། སྨོན་ལམ་མཐའ་ཡས་སོགས་ཕྱི་རྒྱུད་ཀྱི་སྐོར་དང་། མ་རྒྱུད་དབང་བཞི་སོགས་ནང་རྒྱུད་ཀྱི་སྐོར། སྐུ་གསུམ་སྨོན་ལམ་སོགས་གསོལ་འདེབས་སྐོར་བཅས་དབང་ལུང་གཉིས། ཤར་རྫ་གསུང་འབུམ་ཕལ་ཆེ་བའི་ཁྲིད་ལུང་དང་བཅས་པ།
༢༤༽དཔོན་སློབ་བསྐལ་བཟང་དར་རྒྱས་དྲུང་དུ། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་དངོས་གཞི་སྐུ་གསུམ་རང་ཤར་སོགས་ཀྱི་ཁྲིད་དང་། རྫོགས་ཆེན་སྐོར། དྲན་པ་ཡབ་སྲས་སྐོར་དབང་ལུང་ཆ་ཚང་། གདུགས་དཀར་དབང་ལུང་ཆ་ཚང་། བདེར་གཤེགས་སྟོང་དབང་། རྩ་རླུང་མུན་མཚམས་སྐོར། ལེགས་བཤད་མཛོད་སོགས་ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཀྱི་ཁྲིད་ལུང་ཚང་།
༢༥༽བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དྲུང་དུ། ཞི་ཁྲོའི་སྐོར་ཆ་ཚང་། ཕུར་བའི་སྐོར། སྟག་ལའི་སྐོར། ཨ་ཁྲིད་དང་རིས་དྲུག་རང་སྦྱོང་སྐོར། སྨོན་ལམ་རྣམ་གསུམ། ཨ་དཀར་དགོངས་འདུས། ཞི་བ་ཨ་གསལ་དང་ཕྱག་བཞེས། མ་ཏྲི་རིན་ཆེན་སྒྲོན་མའི་སྐོར་སྒྲུབ་གཞུང་ཆ་ཚང་། ཤར་རྫའི་རིག་འཛིན་འདུས་པའི་སྒྲུབ་སྐོར་ཆ་ཚང་ལུང་ཐོབ།
༢༦༽རྒྱལ་བ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་དྲུང་དུ། རབ་གནས་རྒྱས་འབྲིང་བསྡུས་གསུམ་སྐོར་དང་། མཚན་ཉིད་རྩ་གཞུང་ཆ་ཚང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་འདུལ་བའི་བསླབ་བྱ། སྡོམ་གསུམ་སྨོན་ལམ། ཞི་བ་ཨ་གསལ། གསང་དྲག་གཞུང་། སྒྲ་བླ་མ། མཁའ་ཀློང་གསང་འདུས་སྐོར་གྱི་ཞལ་ཁྲིད་དང་བཅས་པ། མཉམ་མེད་བླ་སྒྲུབ་ཀྱི་དབང་། དགེ་སྤྱོད་དང་རྣམ་པར་རྒྱལ་བའི་དབང་སོགས་མང་།
༢༧༽ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་དྲུང་དུ། ཞི་ཁྲོ་གཉིས་ཀྱི་དབང་ལུང་ཡོངས་རྫོགས། གསང་དྲག་དབང་། ཕུར་པའི་དབང་། ཀློང་རྒྱས་སྐབས་ཆོག་སྐད་དང་ཁྲིད་ལུང་། ཨ་ཁྲིད་ཀྱི་གག་སེལ་འཁྲུལ་འཁོར་སོགས་ལུང་མང་།
༢༨༽རྟོགས་ལྡན་བསྟན་འཛིན་ཉི་མ་དྲུང་དུ། སྐུ་གསུམ་རང་ཤར་དབང་བཞི་ཡོངས་རྫོགས། བདེ་འདུས་དབང་བཞི་ཡོངས་རྫོགས། མཆོག་འདུས་མཁའ་འགྲོ་སོགས་ཀྱི་དབང་། ཞི་ཁྲོ་གཉིས་ཀྱི་དབང་ལུང་ཡོངས་རྫོགས། ཀྱེ་མ་འོད་མཚོ་ཟབ་གཅོད་དབང་ལུང་གཉིས། སྐྱང་སྤྲུལ་རྩ་གསུམ་གྱི་དབང་ལུང་གཉིས། ཚེ་དབང་བོད་ཡུལ་མའི་སྐོར་གྱི་ཞལ་ཁྲིད། བཀའ་ལུང་རྒྱ་མཚོ་དང་སྒོམ་རིམ་གྱི་ཁྲིད། བོན་འཆད་མཁས་པའི་མགུ་རྒྱན་སོགས་ཀྱི་ལུང་མང་།
༢༩༽རྒྱ་འོབས་ཚང་དྲུང་དུ། གཟའ་འཇོམས་དབང་། མ་རྒྱུད་དབང་བཞི་ཡོངས་རྫོགས་དང་། མཁའ་འགྱིང་ཚེ་སྒྲུབ་སོགས་ཀྱི་དབང་།
༣༠༽བླ་མ་ཨ་གཡུང་དྲུང་དུ། བོན་སྐུ་སྨོན་ལམ་གྱི་ལུང་། བཀའ་འགྱུར་རྒྱུད་ལུང་།
༣༡༽ལུང་རྟོགས་རབ་གསལ་གྱི་དྲུང་དུ། གཟུངས་རྫོང་རྒྱས་འབྲིང་བསྡུས་གསུམ་གྱི་ཁྲིད་ལུང་དྲིལ་ལུགས་དང་བཅས་པ།
༣༢༽གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དྲུང་དུ། བོད་ཡུལ་མའི་དབང་། རྫོགས་ཆེན་དབང་བཞི། བོད་ཡུལ་བརྒྱུད་ཁྲིད།