སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོའི་རྣམ་ཐར།
[ཟླ་ཚེས། 2016-11-10 19:03:37][རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།
སྐྱང་ཁ་མའི་བླ་མ་ལུང་རྟོགས་བསྐལ་བཟང་རྒྱ་མཚོ་མཆོག་ནི། མདོ་གམ་སྨད་ཀྱི་ཆར་གཏོགས་ཤར་ཕྱོགས་ས་ཡི་ཐིག་ལེར་གྱུར་བ། རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཆེན་དམུ་རི་སེང་གེ་ཡོངས་རྫོངས་ཀྱི་གཡས་མདུན། ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་ཉིན་ངོ་ཡུལ་ཚོ་གཙོ་ཚུལ་ཁ་ཞེས་པའི་གྲོང་སྡེ་རུ། ཡབ་དཔའ་མཛངས་དང་གཏོང་ཕོད་ཆེ་ཞིང་བློ་གྲོས་དང་སྤྱང་གྲུང་འཛོམས་པ་ལྕགས་འཕན་དང་། ཡུམ་སེར་སྣ་དང་འཇུར་གེགས་ཆུང་ཞིང་དད་གུས་དང་བརྩོན་སེམས་ཆེ་བ་ཁྱུང་དམར་འཚོ་གཉིས་ཀྱི་སྲས་སུ་རྔ་ཆེན་ཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་ང་དྲུག་པའི་ཆུ་ཁྱི་སྟེ(སྤྱི་ལོ1922ལོར)སྐྱེད་བྱེད་ཡུམ་ལ་གནོད་པ་མེད་པར་འགྲོ་བ་རང་མཐུན་དུ་སྤྲུལ་བ་བཟུང་བ་ནི། སྐྱེ་བཞེས་ཀྱི་མདོ་ལས། འཇིག་རྟེན་ཁམས་ཀྱི་སྒྲོན་མེ་འདེགས་པ་དང་། །འགྲོ་བ་སེམས་ཅན་སྨུག་པ་གསལ་བ་དང་། །སྣང་སྲིད་མུན་པའི་དྲྭ་བ་འཇོམ་པ་དང་། །མ་རིག་རྨོངས་པའི་ལྐུགས་པ་ཁ་འབྱེད་ཕྱིར། །སྤྲུལ་བ་ང་ཉིད་འཇིག་རྟེན་ཁམས་འདིར་འོང་། །འགྲོ་བ་རང་མཐུན་ཆ་ལུགས་བསྟན་པའི་ཕྱིར། །དེ་དག་མཐུན་པའི་སྐྱེ་བ་བསྟན་ཏུ་གསོལ། །ཞེས་གསུངས་པ་ལྟར་ཉམས་དགའ་རྨིས་ལྟས་ལེགས་པའི་མཚན་རྟགས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།
སྐུ་ན་ཕྲ་བའི་དུས་ནས་བྱིས་པའི་ངན་སྤྱོད་ལང་ཤོར་དང་པྲ་ཚག་འདུ་འཛིའི་གཡེང་བ་མེད་པར་བག་ཕབ་མཉམ་བཞག་གི་འདུག་སྟངས་དང་། ཁྲི་བཞུགས་དབང་བསྐུར་གྱི་ཉམས་སོགས་དམ་པའི་རང་རྟགས་བཅོས་མིན་ལྷན་སྐྱེས་སུ་མངའ་བའི་ངང་ཚུལ་ལ། སོ་སྐྱེས་ཕལ་རྣམས་ཀྱང་ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་འདྲེན་པ་ལྟར་ཡིད་ཆེས་ཅིག་ཅར་ཏུ་ཐོབ་པ་མ་ཟད། དགུང་ལོ་དྲུག་གི་སྟེང་རིགས་ཀྱི་ཅོད་པན་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་གིས་ལུང་བསྟན་པ་བཞིན། ཐུགས་སྟོན་དྲན་པ་ནམ་མཁའི་ཟློས་གར་བསྒྱུར་བ་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་གྱི་སྐུའི་སྤྲུལ་བ་ཚུལ་ཁྲིམས་བསྟན་འཛིན་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་སྟེ། དམ་པ་དེའི་དྲུང་ནས་དགེ་ལེགས་ཀུན་གྱི་རྩ་བ་སངས་རྒྱས་ཀྱི་བསྟན་པའི་གཞི་མ་སྐྱབས་འགྲོའི་སྡོམ་པ་ཚུལ་བཞིན་བཞེས། རྟོགས་ལྡན་འོད་ཟེར་རྒྱལ་མཚན་ཞེས་པ་ཀློག་སློབ་པའི་དགེ་རྒན་དུ་བསྟེན་ནས་རིང་པོར་མ་ཐོག་པར་ཤེས་བྱ་ཀུན་གྱི་རྨང་གཞི་བདེ་བླག་ཏུ་མཁྱེན་རྟོགས་བྱུང་ནས། དུས་དེར་དམ་པ་སྐྱང་གི་གདན་ས་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་དུ་གདན་དྲངས་ཏེ། བཀྲ་ཤིས་རྟེན་འབྲེལ་ལེགས་པའི་སྒོ་འཕར་ངང་གིས་ཕྱེས་ཏེ། མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་པ་ནི། རྒྱལ་བུ་རྒྱལ་སར་བཏོན་པའི་མདོ་ལས། གཤེན་རབ་ཆེན་པོ་འགྲོ་བའི་དཔལ་དང་མགོན། །དབྱིངས་ནས་སྐུ་སྤྲུལ་རང་བཞིན་མཁའ་ལ་བྱོན། །དོག་ལ་སེམས་ཅན་དོན་མཛད་རིན་པོ་ཆེ། །རྒྱལ་སྲས་འཕགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་དཔལ་དུ་ཤར་ཏེ་ཀུན་ཀྱང་མྱ་ངན་མེད་པ་དད་པའི་མེ་ཏོག་འཛུམ་པའི་ཉི་མ་གཞོན་ནུར་གྱུར།
དགུང་ལོ་བདུན་བཞེས་པ་ས་འབྲུག་སྟེ་སྤྱི་ལོ༡༩༢༨སྟེང་། སྐུ་རབས་གོང་མ་རྣམས་ཀྱིས་ཉམས་ལེན་སྒོམ་སྒྲུབ་དང་རྩ་ཐིག་རླུང་གི་དྲོད་རྟགས་འབྱིན་ས། འོག་མིན་མཁའ་སྤྱོད་གཉིས་པའི་མཚན་སྙན་མངའ་བའི་མདའ་ཆེན་དཀར་མོ་རི་ཁྲོད་ཞེས་པ་ལྷ་དང་དྲང་སྲོང་དགྱེས་པའི་བསྟི་གནས་དམ་པར་ཕེབས་ཏེ། མཁས་བཙུན་བཟང་ལྡན་གྱི་གཏེར་གྱི་ཕུང་པོར་གྱུར་བ་དཔལ་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་དྲུང་ནས་ཡན་ལག་མཆོག་མའི་སྐྲ་ཕུད་ཕུལ་ཅིང་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཐུགས་རྒྱུད་ལ་བཞེས་ཏེ་ཚུལ་མཚན་ལ་ལུང་རྟོགས་རྒྱ་མཚོར་གསོལ། དེ་ཡང་འདུལ་བ་མདོར་བསྡུས་ལས། མི་དགེ་བ་དང་ཁ་ཟས་དང་། །སིལ་བུ་ཁྲི་སྟན་ཡན་ལག་ཡིན། །ཞེས་གསུངས་པ་ལྟར། རྩ་བ་བཞི་ལས་གཞན་ དུ་ཆང་ཤ་སྒོག་ལ་སོགས་མི་དགེ་བའི་སྤང་བྱར་གྱུར་བའི་རིགས་རྣམས་གཏན་མེད་དུ་སྤངས་ཏེ། དགེ་སྒྲུབ་རྒྱུན་སྤྱོད་དང་སྔོན་འགྲོ་བསགས་སྦྱོང་གི་ཐད་ལ་འབད་པ་རྩེ་གཅིག་ཏུ་གཞོལ་བས། འཕྲིན་ལས་ཟབ་མོ་འདུལ་བའི་བསླབ་བྱ་ལ་ཉེས་སྐྱོན་གྱི་དྲི་མས་མ་གོས་ཤིང་། ཟག་བཅས་ཕུང་པོའི་ལུས་རྟེན་དེ་ཡང་རིན་ཆེན་ཤེལ་སྒོང་གསལ་བའི་དྭངས་མ་བཞིན་ཤེས་བྱ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་སྣོད་བཟང་དུ་གྱུར། སྙིང་པོ་ཉག་གཅིག་གི་རྒྱུད་ལས། འཁོར་འདས་མ་རེག་འབྱུང་བས་མ་བསླད་པའི། །རང་སེམས་བོན་ཉིད་མ་བཅོས་གཉུག་མ་ནི། །བོན་རྣམས་ཀུན་གྱི་སྙིང་པོ་ཡིན་པར་བཤད། །ཞེས་གསུངས་པ་ལྟར་རོ། །
དགུང་ལོ་བརྒྱད་བཞེས་པའི་ས་སྦྲུལ་ཏེ་སྤྱི་ལོ༡༩༢༩ནས་བཟུང་རིགས་ཀྱི་ཅོད་པན་དུ་གྱུར་བ་མཁས་གྲུབ་གཉིས་ལྡན་ཀྱི་སྐྱེས་བུ་ཆེན་པོ་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་གྱི་མདུན་ནས་ཤེས་བྱ་རྒྱ་མཚོར་འཇུག་པའི་སྒོ་མོ། སུམ་རྟགས་དག་གསུམ་དང་། སྒྲ་སྦྱོར་སྙན་ངག སྨན་རྩིས་དཀར་ནག གར་ཐིག་དབྱངས་རོལ། བཅའ་བསྒྱུར་འདོན་གསུམ། ཆོ་ག་ཕྱག་ལེན་བཅས་ལ་སྦྱངས་པ་མཐིལ་ཕྱིན་མཛད་པ་དང་། ལོ་དེར་དམ་པ་གང་གི་ཞབས་གཡོག་དང་ཕེབས་རོགས་འོག མཚལ་རི་ལྷ་ཡི་མདུན་སར་གྲགས་པའི་ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ལ་གནས་མཇལ་དུ་ཕེབས་ཤིང་། དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་དབྱེར་མ་མཆིས་པའི་འདྲེན་མཆོག་ཆེན་པོ་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་གསེར་ཞལ་ཐོག་མར་མཇལ་ཏེ། སངས་རྒྱས་དངོས་མཐོང་གི་ངེས་ཤེས་ཐུགས་རྒྱུད་ལ་འཕོས་ཏེ་དོན་རྒྱུད་དགོངས་པའི་བྱིན་རླབས་བླངས། ཟླ་ཡུན་གཉིས་ཙམ་གྱི་རིང་ལ་གནས་དེར་བཞུགས་ནས། མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་ལྟ་ཁྲིད་དང་དམར་ཁྲིད་དུ་གསན། བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གང་མང་བུམ་པ་གང་བྱོས་ཚུལ་དུ་བླངས་ཏེ་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱི་དགོངས་ཉམས་འཆར། ཐོས་བསམ་སྒོམ་པའི་གནས་ལ་སྒྲོ་འདོགས་ཆོད་པ་ཞིག་བྱུང་། དེ་ནས་མུ་མཐུད་དུ་གཡས་རུ་གཙང་གི་གདན་ས་ཆེན་པོ། གཡུང་དྲུང་བོན་གྱི་རྩ་བའི་གྲྭ་ས་སྨན་གཡུང་མཁར་གསུམ་དང་། གཤེན་གྱི་གསེར་སྒོ་ཁྲ་མོ། དར་སྡིངས་སྐུ་འབུམ་རིག་བྱེད་གླིང་། ས་དགེ་རྙིང་གསུམ་གྱི་དགོན་སྡེ་ཆེན་པོ་རྣམས་དང་། བོད་བཙན་པོའི་ཕོ་བྲང་པོ་ཏ་ལ། ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུ། བྲག་དཀར་ཤེལ་རྫོང་། ཁྱུང་པོ་རི་རྩེ་དྲུག་སོགས་སུ་ཕེབས་ཏེ་གནས་མཇལ་དང་རྟེན་མཇལ་མང་དུ་ཞུས་ཏེ་བྱིན་རླབས་བདུད་རྩིའི་ཆུ་བོ་ཐུགས་ཀྱི་ཡོལ་གོར་ཆེན་པོར་ཀློང་དུ་བསྐྱིལ་བར་བྱས།
དགུང་ལོ་བཅུ་གཉིས་བཞེས་པ་ཆུ་བྱ་སྟེ་སྤྱི་ལོ༡༩༣༣ལོར། ཀུན་མཁྱེན་ཤར་རྫ་བའི་ཐུགས་སྲས་ཉག་རྫ་མཁས་གྲུབ་གཡུང་དྲུང་ཉི་མ་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ནས། བསྟུན་མར་ལོ་ངོ་དྲུག་གི་རིང་ལ་ཐུན་མོང་རིག་གནས་སྤྱི་དང་། བོན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མང་པོར་ཐུགས་བསམ་གཉེར་བ་དང་། ལྷག་པར་ཏུ་ཤར་རྫ་རིན་པོ་ཆེས་མཛད་པའི་བཀའ་འབུམ་མཛོད་ཆེན་ལྔ་དང་། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར། ཁྲིད་ཡིག་ཀུན་ཏུ་བཟང་པོའི་སྙིང་ཐིག རིགས་ལྔ་བདེར་གཤེགས་འདུས་པའི་སྒྲུབ་པ་སོགས་ཀྱི་ཁྲིད་ལུང་དབང་བཞིའི་ཆུ་བོ་མ་ལུས་པར་ཐུགས་གསན་རྒྱ་ཆེར་གནངས་ཏེ་ནང་བྱན་ཆུད་པར་མཛད་པ་སྟེ། ལེགས་བཤད་རིག་པའི་ལྡེ་མིག་ལས། གདམས་ངག་ཅན་གྱི་མཁས་པ་དང་། །ཞག་གཅིག་འགྲོགས་ཀྱང་ཡོན་ཏན་ཐོབ། །ག་པུར་གསེབ་ཏུ་དབྱི་མོང་ལྡུམ། །ཅུང་ཟད་བསྙལ་ཡང་དྲི་བཟང་ལྡན། །ཞེས་གསུངས་པ་ལྟར་དམ་པ་ཁོང་ནི་ན་ཚོད་གཞོན་ཡང་མཁྱེན་རབ་ཡེ་ཤེས་ཀྱི་རྩལ་རྒྱས་ཏེ་མཁས་པའི་སྙན་གྲགས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ལ་ཁྱབ་པར་གྱུར་ན་ཡང་། ཤེས་བྱ་ཡོན་ཏན་གྱི་གནས་ལ་ཚིམ་པ་མེད་པར་མཁས་མང་རྒྱ་མཚོའི་གྲལ་ཏུ་འགྲིམས་པ་མཁས་པའི་ཁྱད་ཆོས་ཏེ། དགུང་ལོ་བཅོ་བརྒྱད་བཞེས་པ་ས་ཡོས་སྟེ་སྤྱི་ལོ༡༩༣༩ལོར་སླར་ཡང་མདོ་སྔགས་རྫོགས་གསུམ་གྱི་བསྟི་གནས་ཤར་རྫ་གཡུང་དྲུང་ལྷུན་པོའི་གནས་སུ་བྱོན་ཏེ། ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་མཆོག་གི་ཞབས་དང་། སྟག་ཞིག་སེང་གེ་ཉི་མ། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན། བྱ་བཏང་ཚེ་དབང་འགྱུར་མེད་སོགས་ཆེ་དགུའི་གཙུག་རྒྱན་དུ་མའི་དྲུང་ནས་བོན་ཕྱི་ནང་གསང་བ་ཡང་གསང་གི་རྒྱུད་སྡེ་ཐམས་ཅད་ལ་ཐུགས་གསན་དང་ཉམས་བཞེས་གནང་བས་མཁས་པ་དང་གྲུབ་པའི་གོ་འཕང་བརྙེས།
དགུང་ལོ་བཅུ་དགུར་བཞེས་པ་ལྕགས་འབྲུག་སྟེ་སྤྱི་ལོ༡༩༤༠ལོར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མ་ལུས་ལྷུན་ལ་རྫོགས་པའི་ངེས་པ་དོན་གྱི་པཎྟི་ཏ་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་སོགས་མཁན་སློབ་གསོལ་བཞིའི་དྲུང་ནས་དག་པ་དྲང་སྲོང་གི་བསླབ་ཁྲིམས་རྣམས་འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ལྟར་དུ་ཚུལ་བཞིན་མནོས་ཏེ་ཚུལ་མིང་ལའང་མཁན་པོའི་མཚན་ཟུར་དྲས་ཏེ། ལུང་རྟོགས་བསྐལ་བཟང་རྒྱ་མཚོ་ཞེས་སུ་གསོལ་བ་ཡིན་ཏེ། འདུལ་བ་ཀུན་བཏུས་ལས། སྟོན་པའི་འཁོར་ལ་རྒྱ་ཆེ་གྲངས་མང་ཡང་། །དད་པ་ཤེས་རབ་ལྡན་པའི་དྲང་སྲོང་ལས། །སྙིང་རྗེ་མ་དང་ལྡན་པ་ཆེན་པོར་འགྱུར། །གཞན་དོན་མཐར་ཕྱིན་རང་དོན་རྩེ་རུ་ཆིབས། །ཞེས་གསུངས་པ་ནང་བཞིན་སྲིད་ན་མངོན་པར་དཀོན་པའི་ཨུ་དུམ་ཝ་རའི་མེ་ཏོག་ཇི་བཞིན་འགྲོ་བ་ལྷ་མི་ཡོངས་ཀྱི་གཙུག་གི་མཛེས་རྒྱན་དུ་གྱུར། དེ་ནས་ཕྱིར་རང་ཡུལ་དུ་ཕེབས་ལམ་ནས་རྗེ་ཚེ་དབང་རིག་འཛིན་གྱི་གྲུབ་གནས་གླང་ཆེན་འགྱིང་བའི་རི་བོ་ལ་གནས་མཇལ་དུ་ཕྱིན་པའི་སྐབས་སུ་ཡང་། འདུལ་བ་རིན་པོ་ཆེ་ཞལ་ནས་ཀྱང་། བླ་མ་དམ་པ་ཐང་ལྷོད་མེད་པར་སྤྱི་གཙུག་ཏུ་བསྒོམས་ནས་འདུ་འབྲལ་མེད་པར་གསོལ་བ་འདེབས་པ་འདི། དཀར་པོ་ཆིག་ཐུབ་ཀྱི་གདམས་པ་ཡིན། ཞེས་གསུངས་པ་ལྟར། བླ་མ་ལ་གསོལ་བ་ཕུར་ཚུགས་སུ་བཏབས་པས་རྗེ་ཚེ་དབང་རིག་འཛིན་གྱི་ཞལ་བཟང་གསལ་གྱི་ལེར་འཇའ་འོད་དང་བཅས་ཏེ་དངོས་མཇལ་བྱུང་བ་དང་། རྒྱ་ནག་ཁྲུང་ཆིན་དུ་ལྟ་གཟིགས་སུ་ཕེབས་སྐབས། གོང་མ་སྲིད་འཛིན་ཆེན་མོ་ཅང་ཅེ་ཧྲི་དང་ཐུགས་འཕྲད་བྱུང་སྟེ། གོང་མས་ཆེད་དུ་གདན་འདྲེན་ཞུས་ཀྱང་རྗེ་འདི་བས་འཇིག་རྟེན་གྱི་ཆེ་ཐབས་དང་གོང་མར་སྲི་ཞུ་སྒྲུབ་པའི་གོམས་སྲོལ་ཡེ་ནས་མི་ཤེས་གསུངས་ཏེ་བཏང་སྙོམས་སུ་བཞག་ན་ཡང་། གོང་མས་ཀྱང་ཁོང་གི་ཐུགས་ཉིད་སྒམ་ཞིང་བློ་གྲོས་བརྟན་པ་ཚོར་ནས་རྒྱལ་གྱི་ཐམ་ཀ་གནང་ཞིང་སྲུང་དམག་གིས་ས་ཐག་རིང་པོར་སྐྱེལ་མ་བྱས་ཏེ་བྱོན་པའི་གནས་ཚུལ་ཡང་ཟོལ་མེད་ཀྱི་གཏམ་ལས་ཐོས། གཞན་ཡང་ཧོར་བཙུན་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་དང་ཆོས་རྗེ་ར་སྔོན་མཁན་པོ་སོགས་ལས་ཐུན་མོང་རིག་གནས་སྤྱི་ལ་བག་ཆགས་རྒྱ་ཆེར་གནང་བས་ལུང་རིགས་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར།
དགུང་ལོ་ཉེར་གསུམ་བཞེས་པ་ཤིང་སྤྲེལ་ཏེ་སྤྱི་ལོ༡༩༤༤ལོ་ནས་བཟུང་། རྗེ་དགོངས་མཛོད་རི་ཁྲོད་པ་ཆེན་པོའི་ཞལ་ནས། ལུས་བྱ་བྱེད། ངག་ལོང་གཏམ། ཡིད་བསམ་མནོ་ལ་དགའ་བ་གསུམ་དགེ་སྦྱོར་གྱི་སད་ཡིན། འགྲོ་འདུག་མང་པོ། འཕོ་སྐྱས་མང་པོ། བློ་སྣ་མང་པོ་གསུམ་དགེ་སྦྱོར་གྱི་དགྲ་ཡིན། ཞེས་གསུངས་པ་ལྟར་རང་ཆེ་དང་རང་མཐོང་གི་སྤྱོད་པ་ཡེ་ནས་མི་མངའ་བར། རྟག་ཏུ་དམན་ས་བཟུང་ཞིང་རང་རྒྱུད་འདུལ་བར་དགོངས་ཏེ། མཁས་གྲུབ་གོང་མ་རྣམས་ཀྱི་བཞུགས་གནས་རིགས་ལྡན་གནས་ཀྱི་ཕོ་བྲང་མདའ་ཆེན་དཀར་མོ་རི་ཁྲོད་མཁའ་སྤྱོད་དཔལ་གྱི་གུར་ཁང་དུ་བཞུགས་ཏེ། སྤྱང་སྤྲུལ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལས་ཡི་དམ་ཀུན་འདུས་ཀྱི་སྒྲུབ་དབང་སོགས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་མང་དུ་ཐོབ། འཇའ་ལུས་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་ཤར་རྫ་བའི་རང་ལུགས་བཞིན་དུ་ལོ་གསུམ་སྒྲུབ་གྲྭའི་བསྙེན་མཚམས་དམ་པོར་སྒོ་གསུམ་བཅད་རྒྱར་བཞུགས་ཏེ། སྔོན་འགྲོ་འབུམ་དགུའི་བསགས་སྦྱང་དང་འབྲེལ་ཡི་དམ་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་རྟགས་ཚད་ལྡན་པ་དང་། མྱུར་ལམ་འཕོ་བའི་གདམས་པ། ཟབ་མོ་དངོས་གཞིའི་ལྟ་ཁྲིད། ཐུན་མོང་གཏུམ་མོའི་ཉམས་ལེན། རྩ་རླུང་འཁོར་འདས་རུ་ཤན། བོགས་འདོན་གེགས་སེལ་འཁྲུལ་འཁོར། ཐོད་བརྒལ་སྣང་བཞིའི་ཉམས་ལེན། མཚན་སྣང་ཨར་གཏད་གདམས་པ། མན་ངག་ཡེ་ཤེས་རང་འབར། གཉིད་ལམ་རྩལ་སྦྱང་འཁྲུལ་དག བཅུད་ལེན་ཐར་བའི་རྒྱགས་ཕྱེ། འབྲས་བུ་སྐུ་གསུམ་ལམ་འཁྱེར་སོགས་ལ་ཉམས་ལེན་མཐིལ་ཕྱིན་མཛད་པས། རྩ་ཐིག་རླུང་གི་དྲོད་རྟགས་དང་བྱིན་རླབས་མངོན་སུམ་དུ་ཐུགས་རྒྱུད་ལ་འཁྲུངས་ཏེ། ལུས་བསྐྱེད་བྱེད་རྩ་ཡི་སྒྲིབ་པ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུར་གྲུབ། ངག་འཕེལ་བྱེད་རླུང་གི་སྒྲིབ་པ་དག་སྟེ་སོ་སོར་སྤྲུལ་བའི་སྐུར་གྲུབ། ཡིད་འཕེལ་བྱེད་ཐིག་ལེའི་སྒྲིབ་པ་དག་སྟེ་སྐྱེ་མེད་བོན་སྐུའི་ངོ་བོར་གྲུབ་པས། བླ་མའི་བྱིན་རླབས་ཐུགས་རྒྱུད་ཀྱི་རང་བྱུང་ཡེ་ཤེས་སུ་ཞུགས་ནས་མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་ཀློང་དུ་རང་བབས་སུ་ཀློད་དེ་བཞུགས། གཞན་ཡང་ཐུན་མཚམས་རྣམས་སུ་ཕྱོགས་འདུས་ཀྱི་སློབ་བུ་རྣམས་ལ་ཁྲིད་ལུང་བདུད་རྩིའི་དངོས་གྲུབ་ཆར་བཞིན་དུ་བསྩལ་པས་སྐལ་ལྡན་སློབ་མ་མེ་ཏོག་ཚལ་ལ་བུང་བ་རྩེན་པའི་དཔེ་ལྟར་གྲངས་མང་བསམ་ལས་འདས་པ་བྱུང་།
དགུང་ལོ་ཉེར་དགུ་བཞེས་པ་ལྕགས་སྟག་སྟེ་སྤྱི་ལོ༡༩༥༠ལོར་དམ་པ་ཁོང་ཉིད་མདོ་སྨད་བྱང་རྒྱུད་ཀྱི་གནས་འདིར་ཕེབས་ཤིང་། ཨ་མདོ་ཉི་མ་བླ་བྲང་བཀྲ་ཤིས་འཁྱིལ་བའི་སྡེ་དང་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྟེ་བ་རོང་བོ་དགོན་ཆེན། བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་། བོན་མང་ཕུར་ཐོགས་སྟོང་གི་སྒྲུབ་སྡེ་རྣམས་དང་། དེ་མིན་རྩེ་ལྗོངས་གཡང་གི་ཕྱུག་མོ། མང་འབའ་བྱ་གསུམ་དུ་གྲགས་པའི་འབྲོག་སྡེ་ཆེན་པོ། ཁྲི་ཀ་ཁྱུང་མོ་དགོན་གཡུང་དྲུང་ཕུན་ཚོགས་གླིང་། སྟོང་ཆེ་བོན་མང་གསང་སྔགས་དར་རྒྱས་གླིང་། སེ་བརྒྱ་བོན་མང་བདུད་འདུལ་མེ་རི་འཁྱིལ་བའི་གླིང་། དུང་དཀར་དགོན་གཤེན་བསྟན་དར་རྒྱས་གླིང་། རྐ་གསར་བོན་དགོན་གསང་སྔགས་བདུད་འདུལ་གླིང་། སྐུ་འབུམ་བྱམས་པ་གླིང་། དྡྷི་ཚ་བཀྲ་ཤིས་ཆོས་སྡིངས། བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། སྟོང་ཁྱུང་དགོན། དོ་ཞི་གསང་སྔགས་བདུད་འདུལ་གླིང་། ཤར་སྟེང་གསང་སྔགས་གཡུང་དྲུང་དར་རྒྱས་གླིང་སོགས་རིས་མེད་ཀྱི་དགོན་སྡེ་ཀུན་ལ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་མ་ཟད། དད་ལྡན་སྐྱ་སེར་ཡོངས་ལ་བཀའ་དབང་ལུང་ཁྲིད་ཀྱི་གྲུ་ཆར་བར་མེད་དུ་འཇོ་བས་མདོ་གམ་གཡར་མོ་ཐང་གི་ཡུལ་གྲུ་འདི་ལ་སྟོན་པ་གཉིས་པ་ལྟར་གྱི་འཕྲིན་ལས་རྒྱ་ཆེར་འཕེལ། དུས་དེར་སྙན་པའི་གྲགས་པ་བོད་ཡུལ་སྟོད་སྨད་ཀུན་ལ་ཁྱབ་པའི་ཡོངས་ཀྱི་བཤེས་གཉེན་ཆེན་པོ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་གསེར་ཞལ་ཉི་མའི་དཀྱིལ་འཁོར་ལ་མཇལ་ཏེ། དབུ་མའི་སྐོར་གྱི་བཀའ་འདྲི་དོག་ཙམ་བྱས་པས་ཀྱང་། དགེ་བཤེས་ཁོང་ཡང་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོ་བྱུང་སྟེ། དམ་པ་འདི་ནི་སྐུ་ན་གཞོན་ཡང་མཁྱེན་རབ་ཡེ་ཤེས་ཀྱི་རྩལ་ཆེན་རྒྱས་འདུག་ཅེས་ཨ་ར་པ་ཙའི་རྗེས་གནང་དང་འཇམ་དབྱངས་རིགས་ལྔའི་སྐུ་བརྙན་གྱིས་ལེགས་སྐྱེས་གྱ་ནོམ་བསྩལ། ཁྱད་པར་དུ་རེབ་གོང་སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་སྐུ་འཕྲེང་བདུན་པ་ཆེན་པོས་རོང་བོ་དགོན་པའི་ཐོས་བསམ་དར་རྒྱས་གླིང་དུ་གདན་དྲངས་ནས། ཉིན་གསུམ་གྱི་རིང་ལ་བཀའ་འབྲེལ་ཟབ་མོ་བཞག་སྟེ་དམ་ཚིག་གསེར་གྱི་ཐག་པ་དམ་དུ་སྒྲིལ་བ་མ་ཟད། སྐབས་དེར་མཁས་དབང་ཆེན་མོ་རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་དང་ལྷན་དུ་དབུ་མའི་སྐོར་གྱི་དྲི་བ་དྲིས་ལན་གྱི་ཚུལ་དུ་བགྲོ་གླེང་མཛད་པས། མཁས་དབང་མཆོག་གི་ཞལ་ནས་ཀྱང་། དམ་པ་འདི་ནི་ཤེས་བྱ་ཡོན་ཏན་གྱི་ཁོ་ལག་རབ་ཏུ་རྫོགས་འདུག་ཞེས་བསྔགས་བརྗོད་ཡང་ཡང་གནང་བ་དང་། གངས་ཆེན་རྨ་ཆེན་པོམ་རར་གནས་སྐོར་དུ་ཕེབས་པའི་ལམ་སྐབས་སུ། སྔགས་སའི་མཚམས་ཐོག་གོང་མའི་དགེ་བཤེས་དང་ལྷན་དུ་བླ་མེད་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེ་གསུམ་གྱི་སྐོར་ནས་བཀའ་མོལ་མཛད་པས། བོན་དང་རྙིང་མའི་རྫོགས་པ་ཆེན་པོའི་ལྟ་བ་ལ་ཁྱད་པར་མི་འདུག་ཅེས་དགེ་བཤེས་མཆོག་ཡང་ངེས་ཤེས་སྐྱེས་ཏེ་ཡི་རངས་དད་པའི་མེ་ཏོག་བྲང་ཁར་སྦྱར་བ་སོགས། མཁས་པ་མཁས་པའི་དྲུང་ན་མཛེས་པའི་ཁྱད་ཆོས་ལས་རིས་མེད་གྲུབ་མཐའ་འཛིན་པའི་སྐྱེས་ཆེན་རྣམས་ཀྱིས་དམ་པ་ཁོང་ལ་མཁས་པའི་མཚན་སྙན་གྱི་ཆོ་ལོ་གང་མང་སྤྲད་མྱོང་།
དགུང་ལོ་སུམ་ཅུ་བཞེས་པ་ལྕགས་ཡོས་ཏེ་སྤྱི་ལོ༡༩༥༡ལོར་སླར་ཡང་ཤར་རྫའི་རི་ཁྲོད་དང་ཉག་ཤོད་གོང་ལམ་དགོན་སོགས་ལ་ཕེབས་ཏེ། བྱ་བཏང་ཚེ་དབང་འགྱུར་མེད་ལས་རྗེ་རིན་པོ་ཆེའི་བཀའ་འབུམ་གྱི་སྐོར་གྱི་ལུང་དང་། དབྱིངས་རིག་མཛོད་ལས་དཀའ་གནད་ཀྱི་སྐོར་ལ་བསྐྱར་སྦྱོང་དང་། རྫོགས་ཆེན་སྐུ་གསུམ་རང་ཤར་དང་རིགས་ལྔ་བདེར་གཤེགས་འདུས་པའི་དབང་བཞི་སོགས་རྒྱལ་ཐེབས་སྤྱི་ལུགས་སུ་བསྐུར་ཏེ་བསྟན་པའི་བདག་པོར་མངའ་གསོལ་མཛད། ཁོང་གི་རྣམ་ཐར་རིན་ཆེན་གཏེར་མཛོད་ལས། མཚུངས་མེད་གྲུབ་ཆེན་ཤར་རྫ་ཡབ་སྲས་ཀྱི་རྗེས་སུ་འབྲང་ནས། ཐོག་མར་བྱང་ཆུབ་ལམ་གྱི་རིམ་པ་དང་འབྲེལ་བའི་གསང་གསུམ་བླ་མེད་སྐོར་གྱི་སྔོན་འགྲོ་རྣམས་རྫོགས་ནས། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་ཉམས་ལེན་གྱི་གཞུང་བསྲིང་པས། ཐབས་བསྐྱེད་པའི་རིམ་པ་ལ་གསལ་དག་བརྟན་གསུམ་དང་། ཤེས་རབ་རྫོགས་པའི་རིམ་པ་ལ་ཐབས་ལམ་སྡེ་དྲུག གསང་བ་དབྱིངས་རིག་རྫོགས་ཆེན་རིམ་པ་ལ་ཁྲེགས་ཆོད་ཐོད་བརྒལ་གྱི་ཉམས་ལེན་སོགས་ལོ་ལྔ་ཕྲག་གཅིག་ལ་སྐུ་མཚམས་བཅད་དེ་ཐུགས་དམ་མཛད་པས། བདག་འཛིན་དང་གཅེས་འཛིན་གྱི་འཁྲུལ་བ་མཐའ་དག་རང་སར་ཞིག་སྟེ། དབུ་རྫོགས་ཕྱག་གསུམ་གྱི་དགོངས་པ་ཟབ་མོ་མངོན་དུ་རྟོགས། དེ་ལྟར་མདོ་སྔགས་ཀྱི་རིག་གནས་མཐའ་དག་ཐུགས་ལ་རྫོགས་ནས་མཁས་པའི་ཡང་རྩེར་སོན། ཞེས་གསུངས་པ་ནི་དམ་པ་འདི་ཡིས་སྦྱང་བྱའི་གནས་དང་ཉམས་ལེན་གྱི་གོ་རིམ་རྣམས་སྤྱི་དྲིལ་དུ་བསྟན་འདུག་པས་ཤིན་ཏུ་ངོ་མཚར་བའི་གནས་སོ། །
ཡང་རྩ་རྒྱུད་ལས། དབྱིངས་ཀྱི་བཞུགས་ཡུལ་དམ་པ་རུ། །རང་རིག་ཡེ་ཤེས་དོན་གྲུབ་པ། །གང་ལྟར་བཞུགས་ཀྱང་གནས་ཀྱི་མཆོག །ཅེས་གསུངས་པ་ལྟར། རྗེ་བཙུན་དམ་པ་ཁོང་ཉིད་ཀྱིས་མཚོ་སྔོན་བྱང་ཁའི་བརྒྱུད་ཀྱི་བོན་བསྟན་ཤིན་ཏུ་ཉག་ཕྲ་བར་དགོངས་ཏེ། ཕེབས་ཐེངས་གཉིས་ཙམ་གྱི་རིང་ལ། རེབ་གོང་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཀུན་ལ་སྐུ་དངོས་སུ་ཕེབས་ཏེ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བསྐྱངས་པ་དང་། ཆོ་ག་འཕྲིན་ལས་ཀྱི་གོ་རིམ་གསར་དུ་བཙུགས། དེ་མིན་མཚོ་སྔོན་པོའི་མཐའ་འཁོར་གྱི་བོན་སྡེ་དང་། ཙོང་ལ་རིང་མོའི་རི་རྒྱུད་ཀྱི་དགོན་སྡེ། མང་འབའ་བྱ་གསུམ་དང་ཁྲི་ཀ་གཡང་ལུང་རབ་གསུམ་དུ་ཁྱབ་པའི་བོན་སྡེ་ཀུན་ལ་དབང་ལུང་ཁྲིད་གསུམ་གྱི་སྲོག་རྒྱུན་མཐུད་པ་ནི་བཀའ་དྲིན་བླ་ལྷག་ཏུ་ཆེ་ན་ཡང་། ལྷག་པར་དུ་སྨིན་གྲོལ་དུང་དཀར་གཡས་སུ་འཁྱིལ་བའི་དགོན་སྡེ་རུ་ལོ་ངོ་ཕྱེད་གཉིས་ལྷག་གི་ཡུན་ལ་བཞུགས་ཏེ། རང་རང་གི་མོས་པ་དང་བསྟུན་ནས་དགེ་ཚུལ་སློང་གི་སྡོམ་པ་གནང་བ་དང་། ཡི་གེ་འབྲི་ཀློག་དང་སུམ་རྟགས་སྙན་ངག་བཟོ་རིག་སྨན་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། ཆོ་ག་ཕྲིན་ལས་བཅའ་བརྡུང་འབུད་དཀྲོལ་ལམ་རིམ་བློ་སྦྱོང་རང་སེམས་ངོ་སྤྲོད་སོགས་ཐུན་མིན་རིག་གཞུང་གི་སྐོར་ནས་འཆད་ཉན་གྱིས་སྲོལ་རྒྱུན་བསྐྱངས་པས། སྣུམ་ཟད་མར་མེ་ལྟར་གྱུར་བའི་མདོ་སྨད་བྱང་བརྒྱུད་ཀྱི་ཡུལ་ཁམས་འདིར་སླར་ཡང་གཡུང་དྲུང་བོན་གྱི་བསྟན་པའི་སྒྲོན་མེ་ཉིན་བྱེད་སྟོང་གི་འོད་སྣང་གསར་བ་ཞིག་འབྱིན་པ་ནི་རྗེ་བཙུན་དམ་པ་འདི་ཉིད་ཀྱི་སྐུ་དྲིན་རྨད་དུ་བྱུང་བ་ཡིན་པ་གོར་མ་ཆག
མདོར་ན་མཁས་བཙུན་བཟང་ལྡན་གྱི་སྐྱེས་བུ་དམ་པ་ཁོང་ནི། ཕྱི་འདུལ་ཁྲིམས་ཀྱི་བསླབ་པས་བཅུན་ཞིང་། བཅུ་ཕྲག་རིག་པའི་གཞུང་ལུགས་ལ་མཁྱེན་བརྩེ་ཡེ་ཤེས་ཀྱི་བློ་གྲོས་རབ་ཏུ་རྒྱས་པས་ཐུགས་རྒྱུད་ཞི་ཞིང་དུལ་བར་གནས་པས་ན། ལྷ་མིའི་དང་ཀ་དབང་མེད་དུ་འཕྲོག་ཅིང་ཀུན་གྱི་མཆོད་ཡུལ་དང་ཕྱག་བྱའི་སྟོན་པར་གྱུར་བ་དང་། ནང་བྱང་ཆུབ་སེམས་ཀྱི་ངོ་བོ་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱིས་ཀུན་ནས་བསླངས་ཏེ་སྒོ་གསུམ་གྱི་ཉེས་སྤྱོད་ཆ་དང་བཅས་པ་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའི་སྒོ་ནས། གསང་སྔགས་བསྐྱེད་རིམ་གྱི་དམ་ཚིག་རྩ་བ་ལྔ་དང་ཡན་ལག་ཉེར་ལྔ། རྫོགས་རིམ་གྱི་དམ་ཚིག་སུམ་ཅུ་དང་མཐར་ཐུག་བཞི་བསྲུང་བ་དང་། དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་དང་མ་བྲལ་བར་བསྙེན་སྒྲུབ་ལས་གསུམ་ལ་བརྩོན་པས་འབྲས་བུ་མི་ཚེ་གཅིག་ན་མཆོག་གི་དངོས་གྲུབ་ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་ལ་སྦྱོར་བ་དང་། གསང་བ་དབྱིངས་ཤེས་གཉིས་མེད་ཀྱིས་རང་བྱུང་ཡེ་ཤེས་མངོན་དུ་བྱེད་ཅིང་འཁོར་འདས་ཐམས་ཅད་རིག་པའི་རང་རྩལ་དུ་ཤེས་ནས། རིག་པའི་ངོ་བོ་ལམ་དུ་བྱེད་པ་ཀ་དག་ཁྲེགས་ཆོད་དང་རང་བཞིན་ལམ་དུ་བྱེད་པ་ལྷུན་གྲུབ་ཐོད་བརྒལ་གྱི་ཉམས་ལེན་གཞན་ལས་མ་བཙལ་རང་ལ་ཡེ་ནས་རྫོགས་པའི་ཚུལ་དུ་ཉམས་སུ་བླངས་པས། འབྲས་བུ་འཁོར་འདས་ཀུན་ལ་དབང་འབྱོར་ཞིང་ཚེ་ལུས་གཅིག་ལ་འཕོ་ཆེན་གཡུང་དྲུང་གི་སྐུར་བཞེངས་པའི་གཞི་ཐོག་ཏུ། མདོ་ལས། ང་ཡང་མྱ་ངན་འདའ་མ་ཡིན། །བོན་ཀྱང་ནུབ་པར་མི་འགྱུར་ཏེ། །རྟག་ཏུ་རེ་བ་སུན་ཕྱུང་ཕྱིར། །ལན་གཅིག་མྱ་ངན་འདའ་ཚུལ་སྟོན། །ཞེས་གསུངས་པ་ལྟར། དགུང་ལོ་སོ་དྲུག་བཞེས་པ་མེ་བྱ་སྟེ་སྤྱི་ལོ༡༩༥༧ལོའི་དབྱར་ཟླ་འབྲིང་པོའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཆ་ལ་དགོངས་པ་བོན་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏོ། །
དེ་ཡང་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། སྟོན་པའི་འཕྲུལ་ངག་བདེན་པའི་བོན། །འོད་གསལ་ཐུགས་ཀྱི་མཛོད་ཁང་ནས། །ཡང་དག་དོན་གྱི་བཅུད་ཕྱུངས་ལ། །ཚངས་པའི་མགུར་གྱི་བུམ་པར་དྲིལ། །ཀུན་གྲོལ་ལྗགས་ཀྱི་བདར་ལ་བཀྲལ། །དུས་གསུམ་རྩད་གཅོད་ཚེམས་ལ་བཤར། །ཞེས་གསུངས་པ་བཞིན་དམ་པ་ཁོང་གི་ཐུགས་གསང་ཡེ་ཤེས་འཁོར་ལོའི་མཛེས་རྒྱན་ལས་འཕྲོས་པའི་ལྗགས་རྩོམ་ལ་ཡང་། བླ་སྒྲུབ་གང་སྣང་ཡེ་ཤེས་རང་ཤར་ལ་སོགས་ཕྱག་ལེན་ཆོ་གའི་སྐོར་དང་། གསོལ་འདེབས་སྙིགས་དུས་འཇིགས་པ་ཀུན་སེལ་ལ་སོགས་གསོལ་འདེབས་ཉམས་མགུར་སྐོར། གསང་སྔགས་ཚོགས་གཏམ་སེང་གེའི་གད་རྒྱངས་ལ་སོགས་ཐོ་ཡིག་ཚོགས་བཤད་སྐོར། སྐུ་ལྔའི་ཕྱག་བཞེས་སྣང་གསལ་འོད་ཁང་ལ་སོགས་ཆ་ལག་ཟིན་རིས་སྐོར། ཚོགས་འཁོར་ཉུང་འདུས་ཟད་མེད་གཏེར་ཆེན་ལ་སོགས་མངའ་གསོལ་འཕྲིན་བཅོལ་སྐོར། བསང་གི་ཁ་སྐོང་འདོད་དགུ་ཀུན་འབྱུང་ལ་སོགས་བསང་མཆོད་གཡང་འབོད་སྐོར། ལམ་རིམ་གཤེན་བསྟན་གསལ་བའི་མཛེས་རྒྱན་ལ་སོགས་དབང་རྒྱུན་སེམས་རིག་སྐོར། དབུ་མའི་ཚིག་མཛོད་རིན་ཆེན་ཕྲེང་བ་ལ་སོགས་ལྟ་ཁྲིད་མཆན་བུའི་སྐོར། གཞན་ཡང་ཐུན་མོང་རིག་གནས་ཀྱི་སྐོར་ལ། དག་ཡིག་འཁྲུལ་སྤོང་ལྷ་ཆབ་འཁྱིལ་བ་དང་། མངོན་བརྗོད་བསྟན་བཅོས་ཙན་དན་འཁྲི་ཤིང་། སྒྲ་སྦྱོར་ཉེར་མཁོ་རོལ་བའི་དགའ་སྟོན། སྙན་ངག་འཚོ་བྱུང་བཞད་པའི་སྒྲ་དབྱངས། རྩིས་ཀྱི་རྣམ་བཞག་དཔྱིད་ཀྱི་དབྱངས་སྙན་ལ་སོགས་ཚན་པ་མང་ཡང་ཕྱི་ནང་རིག་གནས་གཉིས་སུ་བསྡུས་ན་གླེགས་བམ་ཆེན་པོ་ལྔ་རུ་གྲུབ་ཡོད་གཤིས།
གསུང་སྐྱེས་བུ་སློབ་ལ་ཡང་། དེང་གི་དུས་ན་འཛམ་གླིང་མཁས་རྒུའི་གཙུག་རྒྱན་དུ་གྱུར་བ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྡེ་དང་། མཁས་བཙུན་བཟང་པོའི་ཡོན་ཏན་གྱི་ཁོ་ལག་རབ་ཏུ་རྫོགས་པ་སྣང་ཞིག་དགོན་འོག་མའི་བྱ་འཕུར་བླ་མ་ཤེས་རབ་བློ་ལྡན། མཁས་པ་དང་གྲུབ་པའི་རྩེ་མོར་སོན་པའི་གཞུང་ལུགས་སྨྲ་བའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར། ལྔ་རིག་གནས་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་ངང་གིས་ཐོབ་པ་ངག་གི་དབང་ཕྱུག་མཁས་དབང་བསྟན་པའི་རྒྱལ་མཚན། བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་ཆེ་བཞེས་ཀྱི་འགྲན་པའི་ཟླ་དང་བྲལ་བའི་སྐུ་མཆོག་སངས་རྒྱས་ཚུལ་ཁྲིམས། བདག་བས་གཞན་གཅེས་ཀྱི་ལྷག་བསམ་ཁུར་དུ་བཞེས་པའི་སྤྲུལ་སྐུ་ཀུན་བཟང་རྒྱལ་མཚན་སོགས་བསྟན་འགྲོའི་དོན་ཆེན་ནུས་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་བཞིན་དུ་གྲངས་མང་བསམ་གྱིས་མི་ཁྱབ་པ་བྱོན་ནས། འཁོར་ལོ་གསུམ་གྱིས་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་བསྐྱངས་དང་སྐྱོང་བཞིན་པ་ལགས་སོ། །
ཅེས་པ་འདི་ནི་མགོན་པོ་གང་གི་གསང་གསུམ་ཡོན་ཏན་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་ཅིང་མོས་པའི་པད་མོ་རབ་ཏུ་འཛུམ་པར་བྱེད་པ། གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་རྨ་ཀླུང་སྒེག་མོ་གཡས་སུ་འཁྱིལ་བའི་འགྲམ་ངོགས། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱི་ལས་ཤག་ནས་བྲིས་པ་དགེ་བར་གྱུར་ཅིག་གུ།