དབྲ་སྲས་འཇའ་ལུས་པ་ཟླ་བ་གྲགས་པ།

[ཟླ་ཚེས། 2015-11-20 12:49:07][རྩོམ་པ་པོ། སྨན་རིའི་དགེ་བཤེས་བྲག་མགོ་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དབྲ་སྲས་འཇའ་ལུས་པའི་རྣམ་ཐར་སྐལ་ལྡན་ཡིད་ཀྱི་དགའ་སྟོན་བཞུགས།
1.jpg

༼ཀུན་བཟང་ནམ་མཁའི་སྙིང་པོའམ་དབྲ་སྲས་འཇའ་ལུས་པའི་རྣམ་ཐར།༽
གོ་ལའི་མཐོ་སྒང་རྟག་གཟིགས་ཞང་བོད་བྲུ་ཤའི་ཡུལ།།
གཤེན་རབ་མི་བོས་སྲོལ་འབྱེད་གཡུང་དྲུང་བོན་གྱི་བསྟན།།
སྒོ་བཞི་མཛོད་ལྔ་བརྒྱད་ཁྲི་བཞི་སྟོང་ཐེག་དགུའི་བོན།།
གནད་དྲིལ་འཕོ་ཆེན་ཉེར་བཞིའི་རྗེས་སྙེགས་དབྲ་སྲས་འདུད།།

   སྲིད་ན་གྲགས་པའི་ཟླ་བ་གྲགས་པའམ་མཚན་གཞན་ནས་སྨོས་ན་དབྲ་སྲས་འཇའ་ལུས་པ་ཀུན་བཟང་ནམ་མཁའི་སྙིང་པོ་མཆོག་ནི་ཁམས་ཡུལ་རྫ་སྟེང་ཆེན་དགོན་གྱི་ལྷ་སྡེ་གྲུབ་པའི་དབང་ཕྱུག་ངེས་པ་དོན་གྱི་རྣལ་འབྱོར་བ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་དང་། ཨ་ཆེན་ཧོར་གྱི་རུས་རྒྱུད་ལས་འཁྲུངས་བའི་བདེ་སྐྱིད་ལྕམ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔའི་ཆུ་ཕོ་རྟའི་ལོ། ཕྱི་ལོ་༡༨༨༢ ལོར་སྐུ་མཆོག་མངོན་པར་བཞད། སྐུ་འཁྲུངས་དུས་སུ་སྙིང་པོ་ཨ་དང་ཧཱུྃ་འདྲེན་ཞིང་ཆུང་དུས་ནས་བྱིས་པའི་བྱ་བ་ཉུང་ཞིང་རྩེད་མོ་རིགས་ལའང་ལོ་ངོས་གསུམ་བཞིའི་དུས་སུ་དབང་སྐུར། ཉམས་ལེན་མཛད་ཚུལ་དང་རྩིག་ངོས་ཀྱི་རྡོ་ལ་ཡི་གེ་འབྲི་བ་བཅས་རྟགས་མཚན་བཅོས་མིན་ཁྱད་པར་ཅན་རང་གཤིས་སུ་མངའ་བ་ཡོངས་གྲགས་སུ་མཛད། དགོངས་ལོ་བདུན་ཟིན་མཚམས་སུ་བོན་སྐལ་དུ་ཡབ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཞུས་མཚན་ལ་ཟླ་བ་གྲགས་པ་ཞེས་གསོལ། དེ་ནས་དགེ་རྒན་བདེ་དགའ་དང་སློབ་དཔོན་ལྷ་ཁོ་བཅས་བསྟེན་ནས་ཡོན་ཏན་གྱི་རྨང་གཞི་འབྲི་ཀློག་དང་ཡུལ་ལུགས་སུ་སྤྱོད་བཞིན་པའི་གསས་མཁར་མཆོག་ལྔ་སོགས་འཕྲིན་ལས་དང་ཕྱག་བཞེས་སྦྱོང་བ་མཛད། གཞན་ཡང་ནག་རྩིས་དང་རིག་གནས་སྐོར་ལའང་མ་རྨོངས་པར་སློབ། སྨན་རི་ནས་ཐོན་པའི་བླ་མ་བསམ་གཏན་ཡེ་ཤེས་མཆོག་གི་མདུན་ནས་རྒྱལ་བ་བྲུ་ཡི་རང་ལུགས་ཀྱི་དཀྱིལ་འཁོར་དང་ཕྱག་བཞེས་བཅས་ཁུངས་བཙན་དང་། གཤེན་ལུགས་ཀྱི་ཕྱག་ལེན་དང་གར་འཆམ་སོགས་ཀྱང་བསླབས་པར་གྲགས། དེ་ནས་བོན་རི་གནས་འཇལ་དུ་ཕྱིན་ཏེ་ཕྱག་སྐོར་གཅིག་དང་རྐྱང་སྐོར་བཅུ་གསུམ་ཚོགས་མཆོད་རྒྱས་འབུལ་ཞུས་ནས་ཡབ་རྗེའི་མདུན་ནས་སོ་སོར་ཐར་པའི་གདམས་པ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་གནང་བཞེས། དབུས་ཁུལ་དུ་སྐོར་བ་ཕྱིན་ནས་བོན་གྱི་གདན་ས་ཆེན་མོ་༸སྨན་རིའི་གླིང་དུ་གཤེན་བསྟན་ཚུལ་ཁྲིམས་དབང་རྒྱལ་གྱི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་ཚུལ་བཞིན་བཞེས་ནས་མཚན་ལ་སླར་ཡང་ཟླ་བ་གྲགས་པ་ཞེས་གསོལ། དེ་ནས་སྨན་རིའི་ཚོགས་གྲོལ་དུ་ཞུགས་ཤིང་མེ་ཏོག་མཆོད་པ་དང་མང་ཇ་གསོལ་འདྲེན་གང་ལེགས་འབུལ་ཞུས་མཛད། དེ་ནས་རང་ཡུལ་དུ་ཕེབས་ནས་ཀུན་མཁྱེན་ཤར་རྫ་བའི་མདུན་ནས་རྨེའུ་ལྷ་རི་གཉན་པོའི་ཕྱག་ལེན་ཐེག་ཆེན་ལྷའི་མེ་ལོང་ལྟར་བྱང་སེམས་ཀྱི་སྡོམ་པ་བཞེས་པས་མཚན་དུ་གཞན་ཕན་སྙིང་པོ་ཞེས་གསོལ། ཡབ་རྗེ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་གྱིས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་དབང་མོ་ཆེ་རྒྱས་པར་བུམ་པ་གང་བྱོ་ཡི་ཚུལ་དུ་གནང་བས་མཚན་ནམ་མཁའི་སྙིང་པོ་ཞེས་གསོལ། དམ་པ་ཁོང་གི་ཞལ་ནས་<<གསང་སྔགས་ཀྱི་དབང་བསྐུར་འདི་ལ་དམ་ཚིག་བསྲུང་བ་གལ་ཆེ་བ་ཁོ་བོས་ཆུང་ནས་བཟུང་དབང་ཞུས་པའི་བླ་མ་དང་ཡི་དམ་གྱི་དམ་ཚིག་ལ་འགལ་མ་མྱོང་། དམ་ཚིག་གི་རིམ་པ་མཐའ་ཡས་ཀྱང་སྒོ་གསུམ་གཡུང་དྲུང་གསུམ་གྱི་རང་བཞིན་ལས་མི་གདའ་བའི་ཁྱེར་སོ་ཞིག་ཡོད། དེས་གས་འཐུས་པར་གདའ་བས་དེ་དང་མ་བྲལ་བའི་འདོག་ལྟ་བུ་ཡིན།>>ཞེས་གསུང་པས་ཉམས་ལེན་གྱི་གནས་ཚོད་མཐོན་པོའི་གསུང་ཡིན་པར་མངོན་ལ་དེ་ཡང་སྐྱེ་འཕྲེང་མང་པོར་ཉམས་ལེན་རྒྱུན་མཐུད་ནས་ཉམས་རྟོགས་འཕེལ་བ་ཞིག་ཡིན་ཏེ་<<ཏིང་འཛིན་ཐུན་གཅིག་གི་ཉན་མཚན་ཁོར་ཡུག་འཁྱོལ་བ་ལན་མང་པོ་བྱུང་སྣང་སྟེ། དེ་ནི་སྐུ་ཚེ་སྔོན་མ་ནས་གོམས་པའི་བག་ཆགས་སད་པའི་རྟགས་ཡིན་པར་འདུག>>ཅེས་གསུངས། དགོང་ལོ་བཅུ་བདུན་བཞེས་པའི་ས་ཁྱི་ལོར་ཀུན་མཁྱེན་ཤར་རྫ་བའི་མདུན་ནས་ཡེ་གཤེན་ཆེན་མོ་གསང་བ་སེམས་ཕྱོགས་ཀྱི་རྩ་བ་བྱང་སེམས་གབ་པ་དགུ་བསྐོར་དང་དེའི་ཡན་ལག་སེམས་སྨད་སྡེ་དགུ་སོགས་གཤེན་གཏེར་ལས་བྱོན་པའི་དགོངས་པ་བྲུའི་ཨ་ཁྲིད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དབང་ཆོག་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་བ་ཞི་ཁྲོའི་དབང་མོ་ཆེ་གྲྭ་སའི་ཕྱག་ལེན་གྱིས་བརྒྱན་པ་རྒྱས་སྤྲོས་སུ་གནང་པས་ཐ་མལ་གྱི་སྒོ་གསུམ་དག་པ་ལྷའི་གཡུང་དྲུང་གསུམ་དུ་བསྒྲུབ་པའི་ངེས་ཤེས་དང་དབང་ལས་ཐོབ་པའི་ཡེ་ཤེས་ཁྱད་པར་ཅན་ཐུགས་རྒྱུད་ལ་བརྙེས་ཅིང་། ཞང་ཞུང་མེ་རིའི་དབང་བཞིའི་ཡན་ལག་དང་བཅས་པ་གསན་མནོས་མཛད། དེ་ནས་རིམ་བཞིན་མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་གཞི་བཟུང་སྟེ། མན་ངག་རིན་པོ་ཆེའི་བརྒྱུད་པའི་རྣམ་ཐར་དང་བཀའ་ལུང་རྒྱ་མཚོའི་སྔོན་འགྲོའི་སྒོམ་རིམ། ཞི་གནས་དང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཁྲིད་བཅས་ལོ་གཅིག་རིང་ཐོས་བསམ་སྨིན་བཞེས་མཛད། གཞན་ཡང་ཚེ་དབང་བོད་ཡུལ་མ་དང་སྐུ་གསུམ་རང་ཤར་དབྱིངས་རིག་མཛོད། ཀུན་ཏུ་བཟང་པོའི་སྙིང་ཐིག་བཅས་གསན་སྦྱངས་མཐར་སོན་པར་མཛད། དེ་ནས་བཟང་<<གདམས་ངག་གི་སྤྲོས་པ་ཐམས་ཅད་ཆོད་པ་ཡིན།>>ཞེས་ཞལ་ད་ཡང་གསུངས་བར་གྲགས། ཀུན་མཁྱེན་ཤར་རྫ་བས་ཀྱང་སློབ་མ་ཡོངས་ཀྱི་གྲལ་ནས་གཙིགས་སུ་འཛིན་པའི་སློབ་མ་དེ་ཡིན་པར་གྲགས། གཞན་ཡང་དབང་ཁྲིད་སོགས་གསན་བཞེས་ཡབ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་དང་ཀུན་གྲོལ་བདུད་འདུལ་གླིང་པ། རྣལ་འབྱོར་བ་ཚུལ་ཁྲིམས་དབང་ཕྱུག བྱ་བྲལ་ལྷུན་འགྲུབ་ཐོགས་མེད། མཆོག་སྤྲུལ་ཉི་མ་འོད་ཟེར། རྟོགས་ལྡན་གཡུང་དྲུང་བསྟན་པ། ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ། རིག་འཛིན་གསང་སྔགས་གླིང་པ་སོགས་ཀྱི་མདུན་ནས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་དང་སྙི་པ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་གི་མདུན་ནས་བཀའ་འགྱུར་(བྱིང་)དང་། བརྟེན་འགྱུར་ལུང་རྒྱུན་སོགས་གསན་བཞེས་མང་དུ་མཛད་ཡོད་ཚུལ་སོགས་ཟབ་རྒྱས་ཤེས་པར་འདོད་ན་<<གསན་ཡིག>>དང་རྣམ་ཐར་<<ངོ་མཚར་ཨུད་འབར་མེ་ཏོག>>ཅེས་པར་ཞིབ་གཟིགས་འཚལ། སྒྲིབ་སེལ་ཉམས་ལེན་མཛད་ཚུལ་ནི་སྔ་རབས་པའི་ཕྱག་སྲོལ་མདོ་སྔགས་ཀྱི་གཞི་ལམ་འབྲས་གསུམ་གྱི་གཞུང་དང་ཁྱད་པར་རྫོགས་ཆེན་གྱི་ཁྲིད་གཞུང་སོགས་ལ་ཉམས་ལེན་ཚུལ་བཞིན་བཞེས་ཏེ། ཨ་རྫོགས་སྙན་གསུམ་སོ་སོའི་རིང་ལུགས་མ་རྒྱུད་དང་། དམར་མོ་འཛུབ་ཚུགས་ལྟར་ལན་གྲངས་བསྐྱར་གནང་དང་རྐྱང་ཕྱག་ཁོ་ན་ལའང་བྱེ་བ་ལས་བརྒལ་བར་འཚལ། དུས་རྒྱུན་སྔོན་འགྲོའི་གཤར་སྦྱོང་སོགས་དུས་དྲུག་ཏུ་ཀུན་མཁྱེན་ཤར་རྗ་བའི་བཀའ་སྲོལ་བཞིན་རྒྱུན་བསྐྱངས་མཛད་པར་གྲགས་ལ་སྔོན་འགྲོ་འབུམ་དགུ་བསགས་གྲངས་ཚར་བཅུ་གསུམ་ལྷག་དང་། ཡི་དམ་སོ་སོའི་བསྙེན་བསྒྲུབ་སོགས་རང་རང་གི་གཞུང་བཞིན་མཛད་སྟེ་ཉམས་རྟོགས་ཐུན་མིན་རྒྱས་པ་མངོན་གསལ་དུ་བྱུང་ཡང་དེ་དག་གིས་རློམ་ནས་བྱ་སྤྱོད་ཡ་མ་ཟུང་དང་གདུལ་བྱའི་ཚོགས་བཅག་པ་སོགས་གང་ཡང་མི་ཆོས་སུ་མི་མཛད་པར་རང་ཤར་རང་གྲལ་ཚུལ་དུ་མ་བཅོས་པར་བཞག་པ་ནི་ཉམས་རྟོགས་ཐ་རེ་ཐོར་རེ་ཙམ་ཞིག་མ་ཡིན་པར་རྒྱ་ཆེར་སྨིན་རྟགས་སུ་མངོན། ཞལ་ནས་<<ཉམས་དང་རྟོགས་པ་ཤན་འབྱེད་པའི་ཟབ་གནད་རྩ་རླུང་ལ་ཡོད་འདུག>>གསུངས་ནས་རྩ་རླུང་ལ་ཡང་ཡང་འབད་པ་དང་མདུན་ཐུར་དང་རྒྱབ་ཐུར་བཅུད་ལེན་དང་རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ། སྒྲོན་མ་བཞིའི་ཉམས་ལེན་ལས་སོགས་དགུང་གྲངས་སོ་བརྒྱད་བར་དུ་འབད་པ་ཆེ་ཆེར་བྱས་ཏེ་སྦྱངས་འབྲས་སྨིན་རྟགས་མ་ཐོན་གྱི་བར་དུ་མཛད་པར་གྲགས་ཅིང་ཞལ་ནས་<<ཉམས་ལེན་དེ་དག་གི་སྐབས་ཐམས་ཅད་དུ་ཐར་ལམ་གྱི་ཡོན་ཏན་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ཡིན་པས། ནམ་ཡང་བླ་མའི་བཀའ་དྲིན་དྲན་པ་དང་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་བ་ལས་གཞན་པའི་ལྷ་དང་བོན་ཞིག་གཏན་ནས་མེད།>>ཅེས་གསུངས། དེས་ན་ཉམས་ལེན་ཟེར་བ་འདི་ལོ་དང་ལོར་མཐུད་སྐྱེ་བ་མང་པོའི་འཕྲོད་མཐུད་ནས་སྦྱངས་བ་མ་བྱས་པར་ལོ་གཉིས་གསུམ་ཙམ་ལ་ཉམས་ལེན་བྱས་ཁར་གྱིས་དབང་སྐུར་བ་དང་འགྲོ་དོན་ཡིན་ཞེས་ཟང་ཟིང་བསྡུད་དེ་བླ་མའི་ཞལ་གསུངས་དང་ཉམས་ལེན་འཕྲོད་མི་སྐྱོང་བར་དུས་འདའ་བ་ནི་རང་ཉིད་འཇིག་རྟེན་བོན་བརྒྱད་ཕྱོགས་སུ་ཞེན་པ་ཆེ་བའི་མངོན་རྟགས་ཡིན་པ་ལས་དམ་པའི་བོན་སྤྱོད་རྣལ་མ་ཞིག་མིན་པ་ཤེས་ནུས། བོན་འཆད་པའི་སྐབས་སུ་ཡང་བོན་རྣམ་དག་ཞིག་མི་འཆད་པར་འཇིག་རྟེན་པའི་མི་ཆོས་དང་འདྲེས་ཏེ་བཤད་ཚུལ་མང་ཡང་ཐ་མལ་པ་རྣམས་མགུ་ཡང་དམ་པ་རྣམས་ནི་སྐྱོ་བའི་རྒྱུ་ལས་མ་འདས་པས་ཚེ་འདི་རྣམ་གཡེང་གི་བྱ་བ་དབེན་སར་ནས་དགེ་སྦྱོར་དང་ཉམས་ལེན་མཛད་དགོས་ཚུལ་སོགས་ནན་དུ་གསུངས། རང་ལ་གྲོས་སུ་འདེབས་པའི་མགུར་གླུ་ལས་<<ས་དབེན་པ་མི་མེད་ལུང་སྟོང་ན། །ཚོང་སོ་ནམ་འདུ་འཛིའི་གཡེང་བ་མེད། །དུས་རྟག་ཏུ་ཉིན་མཚན་དགེ་བས་འདའ། །གནས་དེ་འདྲ་ཕྱིན་ན་ཉམས་རེ་དགའ།>>ཞེས་དང་<<བོན་འཆད་ཉིན་བྱེད་པ་ཡང་འཕགས་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་གཞན་ལ་འཆད་ཉན་བྱས་ཀྱང་ཕན་ཐོག་ཆུང་ཞིང་རང་གི་ཉམས་ལེན་གྱི་བར་ཆད་དུ་འགྲོ་བ་ཡིན།>>ཞེས་ཡང་ཡང་གསུངས་བར་གྲགས། དམ་པ་ཁོང་གི་མཛད་སྤྱོད་ལ་མཆོག་དམན་སུས་དཔྱད་ཀྱང་མོས་གུས་ཤུགས་ཀྱིས་འཁྲུངས་བའི་ངང་ཚུལ་ལྡན་ཞིང་། ཡུལ་སྡེ་དགེའི་ཕྱོགས་ནས་ལྷ་རི་དཔོན་འཁོར་བཅས་ཀྱིས་ཞབས་རྡུལ་སྤྱི་བོས་ལེན་པ་དད་འཁོར་མང་དུ་བྱུང་ནས་ཡུལ་དེར་ཕྱོགས་སུ་བྱོན་བསྐུལ་ལེན་མང་ཞུས་ཀྱང་མ་གསན། ཉིན་ཞིག་སྡེ་དགེའི་དཔོན་ཞིག་གིས་ཕེབས་བསུ་ཨུ་ཚུགས་བྱས་སྐབས་<<ང་རང་གར་འདུག་ང་རང་གིས་ཤེས། །གཞན་གྱིས་ཤེས་ན་སྲོག་ཁག་ཁུར་དགོས།>>ཞེས་བཀའ་བཀྱོན་གནང་རབས་འདུག འཇིག་རྟེན་དང་མཐུན་པའི་བྱ་བ་དང་འདུ་འཛི་ཆེ་ས་ལ་སྤྲོ་སྣང་གཏན་ནས་མི་བྱེད་བར་གྲགས། སྤྱིར་དམ་པ་འདི་ཉིད་ལ་ནང་གི་ཉམས་རྟོགས་ཀྱི་ཡོན་ཏན་ནི་སོང་ཕྲུག་ལ་རྩལ་རྫོགས་པ་བཞིན་ཏུ་གྱུར་ཟིན་པ་ཞིག་ཡིན་མོད་ཀྱང་འཇིག་རྟེན་པའི་སྣང་ཚུལ་ལ་གྲུབ་རྟགས་རིགས་ནི་ཅིང་ཟད་འཁོད་པ་ལ་<<གཞོན་དུས་སུ་སྟོན་ཆེན་སྒྲུབ་ཁང་ནང་དུ་དབལ་གསས་བསྙེན་སྒྲུབ་སྐབས་རྔ་གཤང་ལ་མེ་འོད་(མེ་སྟག)འཕྲོ་བ་མཆོད་གཡོག་གིས་དངོས་སུ་མཐོན་བར་བཞེད། རི་ཁྲོད་དུ་དབལ་ཕུར་བསྙེན་སྒྲུབ་སྐབས་རྒྱབ་རི་ངོས་ནས་རྦབ་རྡོ་ཆེན་པོ་ཞིག་འགྲིལ་བ་ལ་སྡིགས་མཛུབ་བསྟན་པ་ཙམ་གྱིས་འགྲིལ་འཕྲོ་བཟློག་པས་དེར་ཡོད་བླ་གྲྭ་ཐམས་ཅད་ཡ་མཚན་དང་མོས་གུས་འཁྲུངས། ཡང་སྒྲུབ་ཁང་དུ་དངོས་གྲུབ་འབུལ་ལེན་ཞུས་སྐབས་སུ་ནམ་མཁར་ཁྲ་གླག་ལྡིང་བ་དང་ཉེ་འཁོར་དུ་སྤྱང་ཀུ་འཁོར་བའི་ལྟས་ཡ་མཚན་བྱུང་། ཚེས་བཅུ་ཞིག་གི་སྐབས་སུ་ཐོད་ཞལ་ནང་གི་ཆང་ནི་འོས་མའི་ངོ་བོར་གྱུར་ཞིང་དྲི་ཞིམ་ནི་སྒྲུབ་ཁང་ཕྱོགས་ཡོངས་ཁྱབ་བར་གྲགས། མ་རྒྱུད་ཀྱི་ཚོགས་མཆོད་སྐབས་ཞིག་ན་ལྷོ་ཕྱོགས་ནས་གཞའ་ཚོན་ཞིག་བྱུང་ནས་དཀྱིལ་འཁོར་ལ་ཟུག་ཅིང་བུམ་པར་སྐོར་བའི་ཚུལ་འཁྱིལ་བ་དེར་ཡོད་ཀུན་གྱིས་མཐོང་བར་གྲགས། རྗེ་ཉིད་ལ་སྨྱོ་འདུལ་བླ་མ་ཞེས་ཐོག་ཚུལ་ནི། ཏྲེ་ཤོད་ཧོར་སྟོད་དུ་བོན་ནག་ཚང་ཟེར་བའི་ཁྱིམ་ཚང་ཞིག་གི་མནའ་མར་སྨྱོ་ནད་ཀྱིས་བཟུང་ཡོད་པས་བླ་མར་མང་པོར་སར་ཕྱིན་ཀྱང་སྨྱོ་ནད་བདེ་རུ་མ་ཕྱིན་སྐབས་ཞིག་ལ་སྐུ་ཞབས་ལམ་བྲག་གྲུབ་ཆེན་གྱིས་དབྲ་སྲས་ཟླ་གྲགས་ཀྱིས་ཕན་ངོ་འདུག་གསུངས་པས། བོན་ནག་ཚང་གི་གདན་ཞུས་ངོར་ཕེབས་ཏེ་གཅོད་ཅིག་གསུངས་སྐབས་སུ་སྨྱོན་པ་འཆིང་ཐག་བཅད་ནས་ཤོར་ནས་འུང་ལིང་དེ་མཆོང་བྱུང་བར་སྐུ་མདུན་དུ་ཐོན་དུས་<<བཀའ་ཉིན་གསུང་སྡོད་བྱེད་པར་གྱུར་ཅིག>>ཅེས་པའི་སྐབས་དང་འཕྲེད་པར་བསྟུན་ནས་སྨྱོན་པ་དེ་མ་ཐེག་ཏུ་སྨྱོ་ནད་ཞི་ཞིང་ཐལ་མོ་སྦྱར་བྱུང་བས་དེ་ནས་བཟུང་སྨྱོ་འདུལ་བླ་མ་ཞེས་གྲགས། སྐུ་ཚེའི་སྨད་ཧོར་བྲག་མགོར་བྱོན་སྐབས་རྒྱ་རྗེའི་གྲུབ་ཐོབ་རྡོ་རྗེ་དོན་འགྲུབ་བྱ་བའི་མདུན་བྱོན་པས་གྲུབ་ཐོབ་དེ་ཉིད་སྨྱོན་པའི་རྣམ་པར་ཡིན་ཀྱང་རྗེ་ཉིད་ལ་བསུ་བ་ལུགས་བཞིན་མཛད། གྲུབ་ཐོབ་དེའི་སྒྲུབ་ཕུག་གི་ནང་དུ་བྱོན་དུས་མུན་ཁུང་ལྟ་བུར་འདུག་ཡང་ཐབ་ཀ་ཐལ་བས་བཀབ་པའི་སྟེང་རྗེ་ཉིད་ཡུན་རིང་བཞུགས་སྐབས་མེ་དམར་ལྷང་ངེར་མངོན་ཀྱང་སྐུ་ལུས་ལ་ལྟ་ཅི་ན་བཟའ་ལའང་མེས་མ་ཟིན་པ་ཀུན་གྱིས་མཐོང་བར་གཞེད། གྲུབ་ཐོབ་དེ་ཡར་བཞེངས་ནས་རྗེ་ལ་མོས་གུས་དང་ཕྱག་འཚལ་ཞིང་མཚན་དུ་བླ་མ་པདྨ་རིག་འཛིན་ཞེས་འབུལ་བར་མཛད། ལེན་གཅིག་བྲག་མགོར་བསོད་སྙོམ་ཞིག་བྱོན་སྐབས་ཤ་ར་ཐང་དུ་རྒྱ་སྤྲུལ་གྱི་ཁྱིམ་རྒྱུད་དུ་བྱོན་པའི་ཚེ་སྔོན་ནས་བུད་མེད་ཅིག་བྱུང་ནས་ཟླ་གྲགས་འདིར་བྱོན་རྒྱུ་ཡིན་པས་གྲྭ་སྒྲིགས་གྱིས་ཟེར་བ་ཞིག་བྱུང་བ་དེ་སུ་ཡིན་དེར་ཡོད་མི་རྣམས་ཀྱིས་ཤེས་རུང་ཕྱིས་སུ་དེ་ནི་<<དགྲ་བླ་མོ་ཡིན་འདུག>>ཞེས་གསུངས་བར་གྲགས། རྒྱ་དམག་གི་འུར་ཟུང་སྐབས་ཤིག་ལ་གཏོ་དགོན་དུ་བྱོན་སྐབས་སྐྱ་མི་རྟ་དམར་ཞོན་པའི་མི་ཞིག་གིས་སྐྱེལ་མ་ཞུ་བ་ཞིག་བྱུང་བ་རྗེས་ནས་མི་དེ་ངོ་ཤེས་མཁན་སུ་ཡང་མི་འདུག་པས། རྗེ་ཉིད་ལ་ཞུས་པས་<<སྲུང་མ་ཡིན་པར་མངོན>>ཞེས་གསུངས། གཏོ་དགོན་གཡུང་དྲུང་གླིང་གི་རི་ཁྲོད་དུ་བཞུགས་སྐབས་རྔོན་པ་ཞིག་གི་རྔོན་ཁྱི་ལ་སྲུང་མདུད་ཅིག་བཏགས་པས་དེ་ནས་བཟུང་རི་དྭགས་མི་འདེད་མཁན་ཞིག་བྱུང་རབས་དང་ཁྱི་དེས་བླ་མར་དད་པ་ཅན་ལ་དགའ་བ་དང་། མི་དད་པ་ལ་རྨུགས་པ་སོགས་ཡ་མཚན་དངོས་སུ་བྱུང་བར་བཞེད། དགུ་བླ་བྲང་གི་གདན་སར་བྱོན་ཚེ་མགར་བ་ཆོས་སྐྱོངས་ཞེས་པས་ཆིབས་ཁ་ཁྲིད་ནས་ཆུ་གཤུར་འཕྲང་བྱ་བ་དེར་སླེབ་ཚེ་བླ་མ་ནི་ཆིབ་གོང་ན་མི་བཞུགས། རྒྱང་བལྟས་བྱས་པ་སྔུན་དུ་མདའ་རྒྱང་གཉིས་ཙམ་གྱི་སྤང་ཐང་ཞིག་ན་བཞུགས་པར་དངོས་སུ་མཐོང་བར་གྲགས། སྐུ་མཆེད་གཡུང་དྲུང་རྒྱལ་མཚན་དང་ཚུལ་ཁྲིམས་འོད་ཟེར་བཅས་བདེ་ཆེན་རིའི་གཡོན་ཕྱོགས་སུ་དམ་ཅན་གནས་རིའི་ངོས་སུ་ར་དམར་བྲག་ཟེར་བ་ཞིག་ཡོད་དེར་བྱོན་སྐབས་སུ་བྲག་གསེབ་ནས་རྡོ་སྒྲོམ་ཞིག་བླངས། སྐབས་དེར་བྲག་ངོས་ནི་པར་བུའི་ཁ་ཕྱེ་བ་ལྟར་འདུག་བའི་ནང་ནས་རྡོ་རྗེ་ཆུང་ངུ་ལ་ཤོག་སེར་དྲིལ་བ་ཞིག་འདུག གཞན་ཡང་ཤེལ་དཀར་གྱི་སྒྲོམ་བུ་དང་གསེར་སྐུ་ཟིལ་པ་ཕྲོམ་མེ་བ་ཞིག་འདུག་བཏོན་པར་གནང་བ་ལས། ཕྱིས་སུ་རྡོ་རྗེ་ཤོག་དྲིལ་ལས་གུ་རུའི་བསམ་ལྷུན་ཉུང་ངུ་ཞིག་འབེབས་པར་གནང་ནས་སྤེལ་བར་གྲགས། ཤེལ་སྒྲོམ་ནི་རྫ་ཁོག་ན་སྐུ་གདུང་གི་ནང་རྟེན་དུ་བཞག་ཡོད་པ་དང་། གསེར་སྐུ་ནི་སྐུ་གཤེགས་རྗེས་སུ་མི་སྣང་བར་གྱུར་ཡང་གཏེར་དུ་སྦས་པའམ་གཏེར་བདག་གིས་ཁྱེར་བ་གང་ཡིན་ཆ་མ་འཚལ་ཟེར། རྦ་མདའི་ཁྱུང་གདོང་བྲག་ནས་ནས་རྡོ་སྒྲོམ་ནག་པོ་ལ་དཀར་པོའི་ཉི་ཟླའི་རི་མོ་མཿཡིག་གཤུར་མ་ཡོད་པ་ཞིག་བཏོན། དེའི་ནང་དི་རྣམ་སྲས་སྐོར་ཡོད་པར་བཞེད། སྙི་ཁོག་འཕྲང་ལམ་གྱི་གོང་ན་གཡུ་སྒྲ་སྙིང་པོའི་སྒྲུབ་ཕུག་ནས་རྡོ་སྒྲིམ་བེ་ཡིག་དང་དགའ་འཁྱིལ་གྱི་རི་མོ་དོད་པ་ཞིག་བླངས། གཞན་ཡང་ཟབ་གཏེར་བཞེས་ཚུལ་སྐོར་ནི་<<རྣམ་ཐར་ངོ་མཚར་ཨུད་འབར་མེ་ཏོག>>ལས་ཅིང་ཟད་རྒྱས་པོ་སྣང་བས་དེར་གཟིགས་པར་འཚལ། གྲྭ་གཡུང་ལོ་བྱ་བ་གྲྭ་སར་འགྲོ་ཁར་རྗེ་ཉིད་ལ་དབུ་སྐྲ་ཞིག་ཞུས་ངོར་དབུ་ནས་གྲིས་བསིལ་ཏེ་ཤོག་ཆགས་ཤིག་གནང་། ཁོང་གྲྭ་སར་ཕྱིན་ནས་ལོ་བཞིར་སོང་མཚམས་དབུ་སྐྲ་གཞན་ལ་སྤྲད་པ་རྣམས་ལ་བལྟ་སྐབས་རིང་བསྲེལ་བབས་ཡོད་པ་དངོས་སུ་མཇལ།(གཡུང་ལོ་ནི་རྦ་མདའ་མགུར་བ་ཚང་གི་བུ་ཡིན་ཞིང་ཁོང་ལྷ་སར་ནས་གྲྭ་སར་ཞུགས་སྐབས་ལྡེབས་ལྡེབས་ཤིག་གྱུར་ནས་འབྲས་སྤུངས་ལ་ཁམས་པ་ལུག་ར་མགོ་ཟེར་བའི་ལྡེབས་ལྡེབས་སྐད་གྲགས་ཅན་ཅིག་ཡིན།) རྦ་མདའ་གྲོང་དུ་བཞུགས་སྐབས་རྗེ་ཉིད་ཀྱི་བླ་མ་ཚུལ་ཁྲིམས་རྣམ་དག་སྐུ་ཞིང་ཏུ་གཤེགས་ནས་བྱང་བཞུ་གནང་དུས་སུ་མར་མེ་སྤར་མ་དགོས་པར་རང་འབར་དུ་བྱུང་བ་མགུར་བ་ཨོ་རྒྱན་སྐྱབས་དང་གྲྭ་གསང་སྔགས་གཉིས་ཀྱི་མངོན་སུམ་དུ་མཇལ་སྐལ་བྱུང་། ཉིན་ཞིག་རྦ་མདའ་དགོན་གྱི་གཡོན་ཕྱོགས་གནས་ཁོག་གི་དྲན་པའི་སྒྲུབ་ཕུག་མཇལ་སྐབས་སུ་ཉེ་འགྲམ་དུ་རྡོ་ལ་<<གཡུང་དྲུང་དང་དབྲ།>>ཞེས་པའི་ཡི་གེ་ཞིག་ཕྱག་འཛུབ་ཀྱིས་དངོས་སུ་བྲིས་པ་དེ་ད་དུང་གསལ་ལམ་མེར་མཇལ་རྒྱུ་ཡོད། སྒྲུབ་ཕུག་ནང་དུ་ཐོན་དུས་བླ་མ་གར་བྱོན་མ་ཤེས་པར་གྱུར་བུ་སློབ་རྣམས་ཀྱིས་ཕྱི་ནང་ཀུན་དུ་བཙལ་བས་མ་རྙེད་པའི་སྐབས་ཤིག་ན་གནས་མདའ་སྒྲུབ་ཕུག་ནས་ཡར་ཁྱུང་གདོང་གི་རི་རྩེ་ལ་ཟང་ཐལ་དུ་བྱོན་པ་རྗེས་སློབ་སྨོན་ལམ་གཙུག་ཕུད་དང་ཚུལ་ཁྲིམས་གྲགས་པ་སོགས་སློབ་མ་ཡོངས་ཀྱི་མཐོང་བར་གྲགས། རྗེ་ཉིད་ཚ་མདའ་ཚང་དུ་ཕེབས་ནས་བཞུགས་སྐབས་ཤིག་༸ས་སྐྱ་བའི་བླ་མ་སྨན་པ་ཚེ་དབང་ཕུན་ཚོགས་ཟེར་བའང་དེར་བཞུགས་པ་ལ། རྗེ་ཉིད་ཀྱིས་སྨན་པ་ལ་<<ཁྱོད་ང་ཡི་རྩར་ཕེབ་ཤོག ཡང་ན་ང་རང་ཁྱེད་རྩར་འོང་>>གསུངས་པས། བླ་མ་ཚེ་དབང་ཕུན་ཚོགས་ཕེབས་ནས་རྗེ་མཇལ་སྐབས་གསང་བདག་ཕྱག་རྡོར་གྱི་སྐུར་མངོན་དུ་མཇལ་ནས་དད་ཅིང་རྗེས་སུ་ཀུན་ལ་གསུང་གླེང་ཡང་ཡང་མཛད་པར་གྲགས། རྒྱལ་རོང་དུ་བྱོན་ནས་ཡར་ཕེབས་ལམ་དུ་རྦའུ་སྙི་རྒྱལ་བསོད་ནམས་རྒྱལ་མཚན་ཟེར་བའི་རྒྱལ་པོ་རྔམ་བརྗིད་ཅན་ཞིག་ཡོད་དེར་སོང་ནས་གསོལ་མཆོད་ཅིག་གནང་སྐབས་དེ་མ་ཐག་ཏུ་རྒྱལ་པོ་བབས་ན་རེ<<ངེད་བོན་བསྟན་པ་སྐྱོང་བའི་སྲིང་མ་ཡིན། །ཐ་ཚིག་གཡུང་དྲུང་བོན་ལ་སྔ། །ཐོག་མར་རྟོགས་ལྡན་ཁྲི་བཙུན་དམར་པོ། །ཏྲེ་སྟོན་བསམ་གཏན་རྒྱལ་མཚན། །དགེ་བཤེས་གཡུང་དྲུང་ཡེ་ཤེས། །རྗེ་མཚུངས་མེད་གཡུང་བསྟན་འཛིན། །དགེ་བཤེས་གཡུང་དྲུང་ཡེ་ཤེས། །རྗེ་མཚུངས་མེད་གཡུང་དྲུང་བསྟན་འཛིན། །རྟ་འུ་ཉི་མ་རྒྱལ་མཚན། །དབྲ་བཙུན་ཤེས་རབ་སྙིང་པོ། །དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ། །བསྟན་པའི་བདག་པོ་ཤར་རྫ་པ་ཆེན་པོ། །དབལ་གཏེར་གསང་སྔགས་གླིང་པ་རྣམས་ཀྱི་བཀའ་ལ་ཉན་པ་ཡིན་པས་འཕྲིན་ལས་ཡིད་བཞིན་དུ་བསྒྲུབ་པོ།>>ཞེས་ཞུས་ནས་མཇལ་དར་ཕུལ་ཏེ་ཕྱག་མཚལ་བ་ལ་དེར་ཡོད་སྐུའི་འཁོར་ཐམས་ཅད་ངོ་མཚར་བ་བྱུང་། >>ཅེས་པ་འདི་དག་ནི་རྗེའི་རྣམ་ཐར་<<ངོ་མཚར་ཨུད་འབར་མེ་ཏོག>>དང་རྦ་མདའ་སྡེ་བའི་ཡུལ་མིའི་དངོས་མཐོང་དང་ངག་རྒྱུན་མཐུན་སྣང་རིགས་བཀོད་པ་ཡིན་ནོ། གཞན་ཡང་<<གནས་ཁོག་སྤང་ཐོག་ཏུ་རྗེ་ཉིད་ཀྱི་བུ་སློབ་ལྷན་རྒྱས་སྤྲོད་སྐྱིད་ཞིག་གི་སྐབས་སུ་ལག་མགོ་གཡས་དང་སྐང་བ་གཡས་པ་གཉིས་མཉམ་དུ་བཅུང་ནས་བྲོས་པའི་རྗེས་སུ། གཅིག་ལ་མིག་གཟན་གྱིས་འགབ་ནས་འདེད་དུ་བཅུག་པའི་སྐབས་སུ་རྗེའི་ཞལ་ནས་<<འདི་ནི་ལོང་བ་ཐང་མདོ་ལ་ལུས་པ། ཟེར་བ་དེ་དང་གཅིག་པ་རེད།>>ཅེས་རྗེས་སུ་ཞལ་སློབ་ཚུལ་ཁྲིམས་མཐར་ཕྱིན་གྱིས་གསུངས། ཡང་ཁོང་ལ་ཉིན་ཞིག་རྗེ་ཡིས་<<གནས་ནང་དུ་འགྲོ>>གསུང་དེར་སོང་དུས་<<ད་ས་སྐོས་གསུངས>>ས་སྐོས་ནས་འདོམ་ཕྱེད་ཙམ་བསྐོས་རྗེས་རུས་པ་མང་པོ་ཞིག་བྱུང་དེ་ཅི་ཡིན་ཞུས་པས་<<དེ་རྦ་མདའ་སྡེ་བར་གནོད་སྐྱེལ་བ་རེད་འདི་འདྲ་བ་རྦ་བྱེའི་གཞི་བདག་ཟུར་ལ་གཅིག་ཡོད། དེ་ཐོག་གིས་བསློག་ཡོང་>>ཞེས་གསུངས། འདི་མཐུ་བྱེད་མཁན་དེ་ཅི་རེད་ཡོད་དམ་ཞེས་དྲིས་དུས་<<ད་རུས་པ་སྐྱ་ཚར་འདུག>>ཅེས་གསུངས། རྦ་མདའ་སྡེ་བར་ལོ་མང་པོ་ཞིག་ལ་བུ་མ་སོས་པ་དང་འདྲེ་མེས་ཁང་པ་བརྒྱུད་ནས་འགྲོ་བ་སོགས་བྱུང་ནས་དཀའ་ཁག་མང་པོ་ཞིག་འཕྲད་སྐབས་རྗེ་བླ་མས་<<སྡེ་བའི་གྲོང་མཐར་ལྕང་མའི་འོག་ཏུ་ཅི་འདུག་གཅིག་ལྟ་སོང་>>གསུངས། ལྟ་རུ་ཕྱིན་དུས་སྔོན་ནས་ཡོད་པའི་རྒད་པོ་དེས་མེ་ཞིག་སྤུར་ནས་ཡོད་པ་ལས་གཞན་གང་ཡང་མ་མཐོང་བར་བཞེད། དེས་ནས་རྗེ་ཉིད་ཀྱིས་<<དབལ་གསས་གཤེད་སྡོང་། མཁའ་ཀློང་གསང་མདོ་སོགས།>>སྒྲུབ་པ་མོང་པོ་ཞིག་འདོན་དགོས་གསུངས། དེ་ལྟར་འུད་བེའི་ནང་དུ་རས་གར་ཕུབ་ནས་སྒྲུབ་ཁག་མང་པོ་ལྷན་གཅིག་ཏུ་ཚོགས་ནས་འདོན་རྗེས་སུ་གྲོང་བར་གྱི་འདྲེ་མེ་དང་གྲོང་མཐའི་ནམ་རྒྱུན་རྒད་པོ་དེ་མེད་པར་གྲགས། སྡེ་མི་རྣམས་ཁོང་གང་དུ་ཕྱིན་སོང་པ་ཡིན་ནམ་ཟེར་ནས་གླེང་གཞི་འདྲ་མིན་བཤད་པའི་སྐབས་དེར་རྗེ་བླ་མས་<<ད་མ་འཚོལ་སྒྲུབ་པའི་ནུས་པ་ཐོན་འདུག>>གསུངས་ཟེར། ཕྱི་ལོ་སྡེ་བར་བུ་བཞི་བྱུང་བར་རྗེ་བླ་མས་<<བདུད་འདུལ་གྲགས་པ། རྣམ་རྒྱལ་གྲགས་པ། བཀའ་བརྒྱད་གྲགས་པ། དཀོན་མཆོག་གྲགས་པ།>>ཞེས་མིང་བཏགས་ཏེ་གྲགས་པ་རྣམ་བཞི་དང་དེ་ནས་རིམ་པའི་བུ་ཚ་སོགས་སོས། དགུན་དུས་སུ་རྦ་མདའ་སྡེ་བའི་བྱིས་པ་རྣམས་མཉམ་དུ་འདུས་ནས་བསང་མཆོད་ཀྱི་རྣམ་པར་མདའ་ཤིང་སོགས་ཁུར་ནས་<<སྤོ་མེའི་རྒྱབ་དང་། དཀྲིའུ་ཡི་>>མཐར་མདའ་ཤིང་འཛུགས་ནས་གཞི་བདག་གི་རྣམ་པ་སྟོན་ནས་རྩེད་མོ་ཡང་ཡང་རྩེད་དུས་སུ། རྗེ་ཉིད་ཀྱི་ཞལ་ནས་<<ཡུལ་དེར་ཅིག་འཁོར་ཡོང་གི་འདུག་པས། དེ་ལྟར་བྱེད་ན་འོས་པ་མི་འདུག>>ཞེས་གསུངས་ནས། དེས་ན་བདེ་ཆེན་རིའི་གཡོན་ཕྱོགས་སུ་<<ཁྱུང་གདོང་གཡུང་དྲུང་སྤུངས་པའི་རྫོང་>>ཟེར་བའི་གནས་ཤིག་ཡོད་དེ་ནི་ཕྱི་ལྟར་བཀོད་ལེགས་བྲག་རི་ལ་གཡུང་དྲུང་གི་རིས་མོ་དོད་པ་རྔམ་བརྗིད་ངོ་མཚར་གྱི་བཀའ་རྟགས་བསམ་གྱི་མི་ཁྱབ་པར་ཡོད། ནང་ལྟར་གསས་མཁར་མཆོག་ལྔའི་ཡི་དམ་ལྷ་ཡི་གནས་དང་། གསང་བ་ལྟར་ན་དྲན་པ་ཡབ་སྲས་དང་བོན་སྐྱོང་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་སྤྲིན་ལྟར་བཏིབ་པ། ཕྱི་ནང་གསང་གསུམ་སྐུ་གསུང་ཐུགས་ཀྱི་ཟབ་གཏེར་བསམ་གྱི་མི་ཁྱབ་པས་བཀང་བ་དེ་ཡི་གནས་བདག་གཏེར་པོ་ཆེ་<<ཁྱུང་གདོང་གཡུང་དྲུང་རིན་ཆེན་དྲག་པོ་རྩལ་>>གྱི་མཚན་ཅན་མཆོད་ཡུལ་ཞིག་བདེ་ཆེན་བསམ་གཏན་རིའི་འཕྲག་གཡོན་པའི་ཐོག་ཏུ་མཛད།>>ཅེས་སོགས་ནི་རྒན་རབས་པའི་ངག་རྒྱུན་ནས་དངོས་བྱུང་རིགས་འདིར་ཡིག་ཐོག་ཏུ་བཀོད་པ་ཡིན།

2.jpg

   རྗེ་ཉིད་དགོང་གྲངས་སོ་བརྒྱད་ནས་བཞི་བཅུར་མ་སོན་བར་དུ་ཀུན་མཁྱེན་ཤར་རྫ་བ་ཡུལ་མདོ་སྨད་ཕྱོགས་སུ་འགྲོ་དོན་དུ་ཕྱིན་སྐབས་སུ་རྒྱལ་ཚབ་བསྐོས། དེ་ནས་བཟུང་ལོ་གཉིས་རིང་སློབ་མ་རྣམས་ལ་འཆད་ཁྲིད་རིགས་སྔོན་འགྲོ་ཨ་ཁྲིད་དང་བཀའ་ལུང་རྒྱ་མཚོ། སྡེ་སྣོད་མཛོད། བསྐྱེད་རྫོགས་ལྷ་གཉེན་ཤེལ་སྒོང་སོགས་ཁྲིད་གནང་། གཞན་ཡང་ཨ་རྫོགས་སྙན་གསུམ་སྤྱི་དང་སྐུ་གསུམ་རང་ཤར་ལྟར་དམར་ཁྲིད་དང་རྩ་རླུང་ཞག་བརྒྱའི་ཁྲིད་དང་མཐའ་རྟེན་ཚུལ་དུ་ཀུན་བཟང་སྙིང་ཐིག་ཁྲིད་ཁ་བཅས་སྔར་རྒྱུན་ནས་ཕྱག་སྲོལ་གང་ཡོད་རྣམས་མ་ལུས་ཟབ་ཁྲིད་མཛད་ཏེ་ཀུན་མཁྱེན་ཤར་རྫ་བ་སླར་གདན་སར་ཞབས་སོར་འཁོར་ནས་བཀའ་དྲིན་ཞུས། ཕྱི་ལོ་༡༩༢༡ ལོར་འཁོར་ཚོགས་སྐྱོང་ནས་རང་ཡུལ་དུ་བཞུགས་ན་རྣམས་གཡེང་དུ་འགྲོ་བར་དགོངས་ནས་དེ་དག་ལ་བྱོལ་དགོས་དགོངས་པའི་དུས་ཤིག་ལ་རྗེ་ཉིད་ཀྱི་ཞལ་ནས་<<ནུབ་ཞིག་ལ་མལ་ལམ་དུ་བརྡ་ཞིག་བྱུང་བས་སྐྱེན་བསྐུལ>>ཞེས་གསུངས་བར་གྲགས། དེ་ནས་འཁྲུངས་གཞིས་དང་གྱེས་ནས་ཁམས་བྱང་བྲག་མགོའི་ཡུལ་དུ་བྱོན་ནས་གྲུབ་པའི་དབང་ཕྱུག་གཡུང་དྲུང་ཡེ་ཤེས་ཀྱི་གདན་ས་གཏོ་དགོན་གཡུང་དྲུང་གླིང་དུ་ཕེབས། དགོན་དེའི་གོང་དུ་ས་དབྱིབས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་དོད་པའི་ས་དེར་ཉམས་ལེན་ལ་འཇུག་བདེ་བའི་དབེན་གནས་དེར་ཉམས་ལེན་རྒྱུན་སྐྱོང་པར་མཛད། དེ་ནས་རིམ་བཞིན་མེ་ཏོག་གི་རྩི་ལ་བང་བ་འཁོར་བ་བཞིན་རྗེ་ཉིད་ལ་ཕྱོགས་ཀྱི་སློབ་མ་ངང་གིས་འདུས། དེ་ནས་རིམ་བཞིན་གཟིམ་ཤག་དང་སློབ་མ་སོགས་ལ་འདུག་གནས་བསྐྲུན་ཏེ་རི་ཁྲོད་ཅིག་གི་རྣམ་པ་གྱུར་ཞིང་དེར་རྗེ་ཉིད་ཀྱིས་<<གཏོ་ལུང་ཡང་དབེན་སྨིན་གྲོལ་གླིང་>>ཞེས་མཚན་གནང་། རི་ཁྲོད་དེའི་གཡོན་ཕྱོགས་ན་ཆུ་མིག་བཙན་པོ་ཕོག་ཐིག་སླ་བ་ཞིག་ཡོད་པས་གྲྭ་དཔལ་ལྡན་ལ་རྡོ་ཞིག་ལོངས་གསུངས་ཁོང་གིས་རྡོ་ཞིག་ལེན་ནས་རྗེ་ཉིད་ཀྱི་ཕྱག་ཏུ་ཕུལ། རྡོ་དེར་<< ཕུཿ >> ཞིག་བྲིས་ཏེ་བཀའ་དམ་ལ་བཏག་རྗེས་ཀླུ་དེ་ཡང་རབ་ཏུ་ཞི་བར་གྲགས། དེ་ནས་མུ་མཐུད་ཉམས་ལེན་དང་འཆད་ཁྲིད་སོགས་ལོ་གསུམ་རིང་རྒྱུན་བསྐྱོངས་མཛད་སྐབས་སུ་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་འཕེལ་དུ་སོང་གསུངས། དེ་ནས་དྲང་སྲོང་ཚེ་དབང་བསྟན་འཛིན་དང་རྒྱལ་བཟང་སྤྲུལ་སྐུ་བློ་གྲོས་མཐའ་ཡས་སོགས་དད་འཁོར་རྣམས་ལ་སྔོན་འགྲོའི་ཁྲིད་རིམ་དང་བསགས་རྒྱུན་བཞུགས་ཀྱི་རི་ཁྲོད་པ་རྣམ་ལ་ཉིན་རེར་ཉམས་ལེན་ཐུན་བཞི་དང་ཁྲིད་ཀ་བཅས་གཏན་བསྒྲིགས་བཙུགས། རྒྱལ་བཟང་སྤྲུལ་སྐུ་མཆོག་ལ་རྒྱལ་བཟང་གདོང་གི་གླང་ཆེན་ཉལ་འདྲའི་གཉའ་ལྟག་ཏུ་རི་ཁྲོད་ཅིག་སྦྱོང་དགོས་བཀས་བསྐུལ་གནང་། ཡུལ་དེར་རྒྱལ་བཟང་སྤྲུལ་སྐུས་རི་ཁྲོད་ཕྱག་བཏབ་ལེགས་འགྲུབ་བྱུང་རྗེ་ཉིད་ཀྱིས་མཚན་ཡང་<<ཐེག་མཆོག་ཚད་མེད་སྨིན་གྲོལ་གླིང་།>>ཞེས་གསོལ། གླིང་དེར་སྔོན་འགྲོའི་ཁྲིད་དང་སངས་རྒྱས་སྟོང་དབང་བསྐུར་བ་སོགས་མཛད། རྣམ་ཐར་ངོ་མཚར་ཨུད་འབར་མེ་ཏོག་ལས་<<ཆུ་རྟ་ལོར་ཁོང་དམུ་རྡོར་བྱོན་པས་བྲག་སྟེང་དར་རྒྱས་གླིང་མེས་འཇིག་པ་དང་འཛོམ་པས་ཁོང་དབུ་འཛིན་གྱིས་གཙུག་ལག་ཁང་གསར་བསྐྲུན་དང་སྟོན་པ་གཙོ་འཁོར་གསུམ་སོགས་བཞེངས་ནས་དགོན་པའི་སྒྲིགས་བཀོད་སོགས་ཞབས་འདེགས་ལེགས་ལམ་དུ་བྱུང་།>>ཞེས་གསུངས། ཕྱི་ལོ་༡༩༢༨ ལོར་བོད་རབ་བྱུང་བཅུ་དྲུག་ས་ཕོ་འབྲུག་གི་ལོར་བཞུགས་གནས་སྙི་ཁོག་ཏུ་དགོངས་ནས་དེར་ཕྱོགས་སུ་ཕེབས་སྐབས་སློབ་མ་མོང་པོས་འདོད་ཞུས་ལྟར་རྦ་མདའ་བདེ་ཆེན་དབེན་རི་དེར་བཞུགས། དབེན་གནས་དེར་གཟིགས་སྣང་དང་ལུང་རྟེན་ལེགས་པར་བྱུང་བའི་གནས་བྱིན་གྱིས་བརླབས་ཏེ་སྒྲུབ་ཁང་ཞིག་བརྩིགས་པར་གྲགས། དེ་ནས་རིམ་བཞིན་རི་ཁྲོད་པ་མང་དུ་ཕྱིན་ནས་<<མིང་དུ་བདེ་ཆེན་བསམ་གཏན་གླིང་>>ཞེས་མཚན་གསོལ་ནས་<<མ་འོངས་པར་སྒྲུབ་བརྒྱུད་ཀྱི་ཉམས་ལེན་སྐྱོངས་བའི་རི་ཁྲོད་ཅིག་ཆགས་ནས་རྒྱུན་རིང་བ་ཞིག་འོང་བ་ཡིན།>>ཞེས་ལུང་བསྟན་གནང་། དབེན་གནས་དེར་ཡོད་ཐུགས་ཀྱི་སློབ་མ་ཚུལ་ཁྲིམས་འོད་ཟེར་དང་། སྨོན་ལམ་གཙུག་ཕུད་སོགས་ཀྱི་ཐུགས་འདུན་བཞིན་དུ་ཐོག་མར་མདོ་དྲི་མེད་དང་ཁམས་ཆེན་སོགས་ལུང་མོང་པོ་གནང་། དེ་ནས་རིམ་བཞིན་ཨ་ཁྲིད་དང་བཀའ་ལུང་རྒྱ་མཚོའི་དམིགས་ཁྲིད་རྒྱས་པར་གསུངས། སྒོམ་རིམ་ལ་བརྟེན་ནས་བསགས་སྦྱོངས་སོགས་གང་དགོས་གནང་། རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་དབང་བཞི་རྒྱས་གནང་དང་། དངོས་གཞིའི་ངོ་སྤྲོད། གཏུམ་མོའི་ལག་ལེན། རྫོགས་རིམ་གྱི་སྐོར་སྒྱུ་ལུས་འོད་གསལ། རྨི་ལམ་བར་དོ་སོགས་རྒྱས་འཆད་གནང་ཞིང་མཐར་ཀུན་བཟང་སྙིང་ཐིག་སོགས་འཆད་ཁྲིད་མང་དུ་གནང་ཞིང་རྗེ་ཉིད་ཀྱི་ཞལ་ནས་<<རང་རེ་རྣམ་མཐའ་འདིར་ངེས་གསང་བླ་མེད་ཀྱི་བོན་སྒོ་དང་མཇལ། །གདམས་ངག་ལ་རིན་པོ་ཆེའི་གྲམ་པ་དང་འཕྲད་པ་ལྟར་འདོམས་པས་ཆོག་པ་འབྱུང་བ་འདི་ལྟ་བུ་སྐུ་ཚེ་སྔོན་ནས་བསོད་ནམས་རྒྱ་ཆེན་པོར་བསགས་པའི་འབྲས་བུ་ཡིན་པས་སྐལ་བ་རེ་བཟང་བ་ཡིན།>>ཞེས་དང་<<གསེར་ཐུར་ལས། སྲིད་པའི་བར་དོ་ངོ་ཤེས་ནས། །རིགས་དྲུག་སྐྱེ་བའི་བགས་ཆགས་ཟད། །སྤྲུལ་པའི་ཞིང་དུ་དབུགས་འབྱིན་ཞིང་། །སྨོན་ལམ་དག་པའི་མཚམས་སྦྱར་ནས། །ཕྱི་མར་ལྷག་མེད་ཨེ་མ་ཧོ།>>ཞེས་དང་<<ཚེ་འདིར་ཉམས་ལེན་ཆེན་པོ་མ་ནུས་ཀྱང་དམ་ཚིག་མ་ཉམས་ན་ངེས་གསུངས་བཀའི་བདེན་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མར་རང་བཞིན་སྤྲུལ་པའི་ཞིང་ངམ་རྟེན་དག་པ་ལ་ལམ་གྱི་འཕྲོ་མཐུད་ནས་སངས་རྒྱས་ཀྱི་ས་ལ་འགྲོ་བ་ཡིན་པས་དགའ་བ་རེ་སྒོམས་དང་ཨང་། ཁོ་བོ་སྒྱུ་མའི་རྣལ་འབྱོར་གྱིས་དེ་སྐད་སྨྲས་སོ།>>ཞེས་ཡང་ཡང་གསུངས་བར་བཞེད་ལ་རི་ཁྲོད་འདིར་ཐོག་མར་བྱོན་སྐབས་དགེ་བསྐུལ་གདན་ཞུས་དང་ཡོན་བདག་རིགས་སར་ཕེབས་བཞུད་མཛད་ཅིང་དགོང་ལོ་ཞེ་བརྒྱད་ཙམ་ནས་གང་དུའང་མི་བྱོན་པ་དང་བསྔོ་རྟེན་རིགས་འབྱོར་བ་གང་ཡོད་ནས་ཕྱོགས་སུ་བསྡུས་ནས་ཀུན་མཁྱེན་ཤེར་རྫ་བ་མཆོག་ལ་བརྟན་བཞུགས་སྟར་འབུལ་ཟབ་རྒྱས་ཞུས་མཚམས་ནས་སྔོན་འགྲོ་སོགས་རྒྱས་བཤད་མི་གནང་བར་གྲགས། ཨ་ཁྲིད་དང་ཀུན་བཟང་སྙིང་ཐིག་གཉིས་གཙོ་བོར་བཟུང་ནས་ལོ་བསྟར་ཆགས་མེད་དུ་དངོས་གཞི་སོགས་གནད་འདྲིལ་རེ་བཀའ་དྲིན་སྩོལ། རྗེ་ཉིད་ཉམས་རྟོགས་སོགས་གོང་དུ་འཕེལ་ཏེ་སྔར་དང་མི་འདྲ་བ་ནི་བོན་སྤྱོད་སྐོར་མི་མཛད་པར་བླ་མའི་རྒྱང་འབོད་དང་གསོལ་འདེབས་ཉམས་མགུར་རེ་མཛད་ནས་དུས་རྒྱུན་དུ་བྱ་མེད་བརྩོལ་མེད་དགོངས་པ་རང་ཤར་རང་གྲོལ་གྱི་ཚུལ་བཟུང་ནས་དུས་འདའ་བར་མཛད། རྗེ་ཉིད་ཀྱིས་ཞོར་དུ་ཉམས་མགུར་གསུངས་པ་མང་དུ་ཡོད་ཀྱང་འདིར་བཀོད་མེད་པས་གཞན་<<རྣམ་ཐར་ངོ་མཚར་ཨུ་འབར་མེ་ཏོག>>རྗེ་ཉིད་ཀྱི་མཛད་པ་ལས་འཇིག་རྟེན་པའི་སྣང་ཐུབ་རིགས་ཀྱི་དགེ་སྤྱོད་མཛད་ཚུལ་ནི་སྔོན་འགྲོའི་བསགས་གྲངས་ཕྱག་དང་བཅས་པ་འབུམ་གྲངས་བཅུ་གསུམ་དགྱིས་བ་དང་ལན་ཆགས་ཆབ་གཏོར། གསུར་བསྔོ་ལུས་སྦྱིན། སཙྪ་རྡོ་རྐས་ཡན་དང་། ཚོགས་མཆོད་རྒྱས་འབུལ་སོགས་ལེན་མང་དུ་གནང་ཞིང་བྱིས་པ་རྣམས་བསྡུས་ཏེ་མཉམ་དུ་ཐུགས་སྤྲོ་བཅས་ཡང་ཡང་བྱེད་པ་སོགས་ནི་འཇིག་རྟེན་པའི་སྣང་ཐུབ་པའི་དགེ་སྤྱོད་རིགས་སུ་སྙམ། ཕྱི་ལོ་༡༨༩༣ ལོར་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོར་ཐུགས་ཀྱི་སློབ་བུ་བླ་མ་ཚུལ་ཁྲིམས་འོད་ཟེར་མཆོག་སྐུ་མདུན་དུ་བོས་ནས་ཐོག་མར་གཤང་ཆེན་ཞིག་གནང་ནས་<<རྟེན་དང་ཡི་གེ་འདི་རྣམས་ཁྱེད་ཀྱིས་བདག་པོར་གྱིས། ཕྱིས་ནས་རང་རེ་ཐུན་མོང་བྱེད་རྒྱུ་འོང་>>ཞེས་གསལ་བོ་གསུངས། རྟེན་སྒམ་དུ་རྟེན་སྣ་<<གྲུབ་ཐོབ་ཨ་ཐན་རྩ་ཟན་གྱི་ཚེམ་སོགས་རྟེན་སྣ་བཅུ་གཉིས་ཡོད>>ཅེས་རྣམ་ཐར་ཨུ་འབར་མེ་ཏོག་ལས་གསལ་ལ་གསུང་པོད་ཤར་རྫའི་གསུང་འབུམ་པོད་བཅུ་གསུམ་དང་ཆོ་ག་འཕྲིན་ལས་སྒྲུབ་པོད་བཅུ་གཉིས་བཅས་ཁྱོན་པོད་དཔེ་ཉེར་ལྔ་ཡོད་པར་གྲགས། གཞན་ཡང་བཱཻ་རོའི་མཁན་ཞུ་ཞིག་ཀྱང་གནང་། སློབ་མ་ཚུལ་ཁྲིམས་འོད་ཟེར་མཆོག་གིས་བཀའ་དྲིན་དང་རྟེན་འབྲེལ་ཞུ་བའི་ཚུལ་དུ་ལགས་སོ་དང་བཅས་ཁང་པ་འདི་སྤྱོད་ཡུལ་བདེ་སྟབས་ཁྱེད་ཀྱི་བཞུགས་མལ་དུ་འབུལ་བ་ཡིན་ཞེས་ཞུས་ཏེ་རྗེ་ཉིད་ཀྱིས་ཞལ་ནས་<<ད་རེ་ཙམ་ང་ལ་མི་དགོས་ཀྱང་ཁྱེད་ཀྱི་རྟེན་འབྲེལ་དེ་ལེགས་པར་གདའ།>>ཞེས་དགྱེས་གསུངས་གནང་ནས་ཉམས་མགུར་གནང་བར་<<ཨ་ཧོ། །ལྟ་བ་ལྟ་བའི་ཡུལ་ལས་འདས། །ཡེ་གྲོལ་ཆེན་པོ་ལྟ་བའི་ཀློང་། །འཛིན་པ་མེད་པ་ཉམས་རེ་དགའ། །ལྟ་བ་རྩེ་རྒྱལ་ཨེ་མ་ཧོ། །སྒོམ་པ་སྒོམ་པའི་ཡུལ་ལས་འདས། །ཅེར་གྲོལ་ཆེན་པོ་སྤྱོད་པའི་ཀློང་། །བླང་དོར་མེད་པ་ཉམས་རེ་དགའ། །སྤྱོད་པ་བྱུང་རྒྱལ་ཨེ་མ་ཧོ། །འབྲས་བུ་འབྲས་བུའི་ཡུལ་ལས་འདས། །མཐའ་གྲོལ་ཆེན་པོ་འབྲས་བུ་ཀློང་། །རེ་དོགས་མེད་པ་ཉམས་རེ་དགའ། །འབྲས་བུ་ཐོབ་རྒྱལ་ཨེ་མ་ཧོ། །>>ཞེས་སོགས་མགུར་མོང་དུ་གསུངས་བར་བཞེད་ལ། དེ་ནས་རྗེ་ཉིད་ཡུན་རིང་མ་ལོན་པར་ཐུགས་གཤིས་འཛིན་མེད་དུ་གནས་ཤིང་སྤྱོད་པ་ལའང་བླང་དོར་མེད་པར་མཛད་ཅིང་མི་ཚུགས་ཀྱི་གཤིས་ཀ་དོར་ནས་གསུང་གླེང་སོགས་ཅི་བདེ་རེ་མཛད་པར་བཞུགས། ཕྱི་ལོ་༡༩༣༢ ལོར་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ལོ་ཤར་མཚམས་དགུང་ལོ་ང་གསུམ་ཟིན་དུས་སློབ་མ་ཁེན་ཐར་ལ་རྗེ་ཉིད་ཀྱི་ཞལ་ནས་<<སང་ཕོད་ཕན་ཆད་རང་རེ་རྣམས་མི་འཕྲེད་པའི་ལྟས་མཐོང་།>>ཞེས་གསུངས་བས་སློབ་མ་ཁེན་ཐར་གྱིས་རྒྱུ་མཚན་གང་ཡིན་དྲིས་མ་ཕོད་ཀྱང་། སྐུ་འཁོར་སློབ་མ་རྣམས་ཀྱིས་ཡིག་བརྒྱ་དང་ཚེ་བསྙེན་གསོག་སྒྲུབ་དང་དམ་བཅའ་མང་དུ་གནང་། སྡེ་འབངས་ནས་ཞབས་བརྟན་སྐུ་རིམ་སོགས་རྒྱ་ཆེ་གྲུབ་རྗེ་མནྜལ་སྐུ་གསུང་ཐུགས་རྟེན་བསྟར་འབུལ་དང་འབྲེལ་ད་དེང་བསྟན་དང་འགྲོ་བའི་དོན་ཕྱིར་སྐུ་འཚོ་བཞུགས་གནང་དགོས་བསྐུལ་ཡང་ཡང་ཞུས་ཀྱང་ཞལ་བཞེས་མཛད་པའི་རྣམ་པ་གང་ཡང་མ་མཛད་ཅེས་གླེང་། རྣམ་ཐར་ངོ་མཚར་ཨུ་དཔར་མེ་ཏོག་ལས་<<ཁོ་བོ་གཤེགས་པའི་ཚེ་དགུང་ཞག་བཅུ་བཞིར་གསང་རྒྱ་བགྱིད་པ་གལ་ཆེ>>ཞེས་གསུངས་བསྐུལ་གནང་། སྨོན་ལམ་ཉམས་མགུར་ཚིག་ནི་འདི་ལྟར་ཏེ་<<ཀ་དག་ལྷུན་གྲུབ་གཞི་ཡི་གནས་ལུགས་དོན། །ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས། །མཐར་ཐུག་འབྲས་བུ་གཞོན་ནུ་བུམ་སྐུའི་ཀློང་། །མངོན་པར་བྱང་ཆུབ་འཁོར་བ་དོངས་སྤྲུག་ཤོག །>>ཅེས་གསུངས་བར་གྲགས། ཕྱི་ལོ་༡༩༣༥ ལོར་སྟེ་ཤིང་མོ་ཕག་ལོའི་དབྱར་ཟླ་ར་བའི་ཚེས་བཅུ་གསུམ་ཉིན་སྔར་ལས་ཀྱང་སྤྱོད་པ་བཅོས་མེད་རང་སར་དུ་བཞག་པ་མཚན་ལྟས་སོགས་མཛད་ཚུལ་མ་ངེས་སྣ་ཚོགས་ཤིག་བྱུང་སྟབས་སློབ་བུ་ཚུལ་ཁྲིམས་འོད་ཟེར་དང་ཚེ་དབང་བསྟན་འཛིན་གཉིས་མདུན་འདུག་བྱས། ཕྱི་ཐུན་ཐོ་རངས་ཀྱི་དུས་བཞད་པ་དང་ལྷན་སྐུ་ཆ་ལུགས་ལྔ་ལྡན་དུ་བཞུགས་ནས་ཡུད་ཙམ་ཕྱིན་དུས་རིམ་གྱིས་སྐུ་མདངས་ཤེལ་དཀར་གྱི་བུམ་པ་འོ་མས་བཀང་བ་ལྟ་བུ་ལས་མདངས་རབ་ཏུ་དཀར་ལ་གསལ་འཚེར་བ་ལྟ་བུ་དེ་མདུན་སློབ་གཉིས་ནས་མངོན་དུ་མཇལ། དེ་ནས་སྐུ་གཤེགས་པའི་སྟ་གོན་དུ་ཤེས་ནས་རྗེ་ཉིད་ཀྱིས་ཞལ་ཆེམས་སེམས་ངོགས་སུ་བཟུང་སྟེ་ཞལ་སློབ་ཚུལ་ཁྲིམས་འོད་ཟེར་དང་ཚེ་དབང་བསྟན་འཛིན་སྨོན་ལམ་གཙུག་ཕུད་བཅས་ཀྱིས་གཟིམ་སྒོ་ལེགས་པར་སྡོམ་སྟེ་བླ་གྲྭ་རྣམས་བོས་ནས་ཐུགས་གྲོས་མཛད་ནས་གསས་ཁང་གི་སྒོ་བཅས་རྗེའི་ཞལ་གསུངས་ཅི་བཞིན་དུ་གསང་རྒྱ་ནན་མོ་དང་གསང་སྒོ་དམ་དུ་སྲུང་ནས་གཤེགས་སྦྱང་དང་འབྲེལ་བའི་ཡིག་བརྒྱ་དང་གསོལ་འདེབས་གསོག་སྒྲུབ་ཞུས་ནས་བསྡད། ནམ་མཁའ་ནི་ཤིན་ཏུ་དྭངས་བའི་གཡའ་མེད་ཀ་དག་དགོངས་པ་མཚོན་ཚུལ་དུ་གནས་པ་ལ་ཀུན་གྱི་ཡ་མཚན་ཐོག་མ་དེ་བྱུང་། ཚེས་བཞིའི་ནུབ་མོའི་སྲོད་ཙམ་འུར་བའི་སྒྲ་ལྡིར་བ་ས་གཡོ་སོང་ངམ་བསམ་པའི་ཚོར་སྣང་ཅིག་དེར་ཡོད་ཀུན་ལ་བྱུང་། ཞག་གསུམ་དྲོ་བཞིའི་བཅུ་དྲུག་ནམ་ལང་དུས་ནས་རྗེ་ཡི་བཞུགས་ཤག་གི་དབུ་དཀྱིལ་ནས་སྤོས་དུད་འཁྱིལ་བ་བཞིན་དུ་འོད་ཧ་ཅིང་དྭངས་གསལ་བའི་རྣམ་པ་ཁ་དོག་སྔོ་བའི་མདངས་ལྡན་ཅིག་འཕྲོས། དེ་ནས་རིམ་བཞིན་ལྕགས་ཐག་ཉིས་སྦྲེལ་གྱི་དབྱིབས་ལྟ་བུ་དང་ཐིག་ལེ་ཁ་དོག་སྣ་ལྔ་ལྡན་པའི་ཆེ་ཆུང་འདྲ་མིན་སོགས་རིམ་གྱི་འོད་དང་ཟེར་གྱི་ཐིག་ལེ་མི་ཁྱུའི་རྣམ་པ་ཁ་དོག་སྣ་ཚོགས་པ་ནམ་མཁའ་ལ་ཐིམ་བཞིན་པ་སོགས་དེར་ཡོད་ཀུན་གྱིས་མངོན་གསལ་དུ་མཇལ་རྒྱུ་བྱུང་། ནམ་མཁའི་མཐའ་ནས་ཚར་གཞའ་ཚོན་སྣ་ཚོགས་གཟིམ་ཁང་ལ་སྣེ་ཟུག་སྟེ་ཀུན་གྱི་མཐོང་སྣང་དུ་ཐུན་མོང་བར་བྱུང་བ་ལས་རེ་འགས་མཇལ་བ་དང་རེ་འགས་མ་མཇལ་བ་ལྟ་བུ་མེད་པས་དེར་ཡོད་ཀུན་ལ་ཁོག་པའི་དཀྱིལ་ནས་དད་པའི་ལུས་ཀྱི་སྤུ་ལང་གཡོ་བ་ལྟ་བུའི་ཚོར་སྣང་ཁྱད་དུ་འཕགས་པ་བྱུང་། གཟའ་འཁོར་གཉིས་ཟིན་མཚམས་སུ་བར་སྣང་ནས་བྱ་རྒོད་ཅིག་བྱུང་ནས་གཟིམ་ཁང་ལ་བསྐོར་བ་ལེན་གསུམ་བྱས་ནས་སླར་ནུབ་ཀྱི་ཕྱོགས་སུ་འཕུར་བསྐྱོད་དང་མཉམ་དུ་འོད་ཀྱི་ཐིག་རིམ་བཞིན་ཅེ་ཉུང་ཕྱིན། དེ་མཚམས་ཞལ་སློབ་རྣམས་གྲོས་བྱས་ཏེ་དབྱར་ཟླ་ར་བའི་གནམ་སྟོང་ལ་གཟིམ་སྒོ་ཕྱེས་ནས་མཇལ་དུས་རྗེ་ཡི་སྐུ་ལུས་ནི་སྦྲུལ་ཤུབས་ནས་བུད་པ་ནང་བཞིན་ན་བཟའི་ཀླུང་ནས་འོད་དུ་ཡལ་ནས་ཤུལ་དུ་དབུ་སྐྲ་དང་ཕྱག་ཞབས་ཀྱི་སིན་མོ་དེ་ནབ་བཟའི་གསེབ་དུ་འཐོར་ནས་སྐལ་ལྡན་འབངས་རྣམས་ལ་རྟེན་སྐལ་ཙམ་ལས་གཞན་གང་ཡང་མི་སྣང་བར་གྱུར། དེ་ནས་བཟུང་<<དབྲ་སྲས་འཇའ་ལུས་པ>>ཞེས་ཁམས་བྱང་བྲག་མགོ་སྙི་ཡུལ་རྦ་མདའ་བདེ་ཆེན་རི་ནས་མཚན་གྱི་སྙན་པ་འཕྱུར་ཏེ་གངས་ལྗོངས་ཀྱི་འཛིན་མའི་ཁྱོན་འདིར་དུས་རབས་ཉི་ཤུ་པའི་དཀྱིལ་དུ་གྲགས་པ་འབར། ཕྱི་ཉིན་གཞའ་འོད་ཡར་ནས་ནམ་མཁའ་སྔོ་སོང་ངེ་བ་སྤྲིན་མཐེ་བོང་ཙམ་ཡང་སྣང་རྒྱུ་མེད་པ་ཀ་དག་བོན་སྐུ་ལྟ་བའི་ཀློང་དུ་དགོངས་པ་བཞུགས་པ་དང་གཉིས་མེད་དུ་གྱུར། ཞལ་སློབ་རྣམས་མཉམ་འདུས་མཛད་ནས་དབུ་སྐྲ་དང་ཕྱག་ཞབས་ཀྱི་སེན་མོ་རྣམས་ཤེལ་དཀར་གྱི་བུམ་གཙང་ནང་དུ་གདན་ཞུས་གནང་<<སེན་མོ་གཅིག་མ་རྙེད་པར་གྲགས་ཀྱང་ཕྱིས་སུ་ཞལ་སློབ་ཡ་མ་དགེ་འདུན་(ཡ་ལོ)ཟེར་བ་དེ་གཟིམ་ཤག་ཏུ་ཕྱག་འཚལ་སྐབས་རྙེད་པར་བཞེད་ལ། རྗེ་ཉིད་འདས་དུས་སུ་ཁོང་བཞུགས་མི་འདུག>> དེ་ནས་དད་འབངས་རྣམས་ལ་རྟེན་མཇལ་བཏང་། གྲྭ་ཚང་གིས་ངོས་ནས་དྲན་པ་ཡབ་སྲས་དང་རིག་འཛིན་འདུས་པ་བདེ་འདུས་རྩ་གསུམ་དཀྱིལ་འཁོར་གྱི་གཞུང་བསྲང་ནས་ཚོགས་མཆོད་རྒྱས་འབུལ་གནད་སྨིན་ཞུས། བན་བོན་རིས་མེད་ཀྱི་བླ་ཆེན་དང་དཔོན་ཆེན་མི་སེར་སོགས་དད་འདུས་བ་རྣམས་ལ་རྟེན་བསྐལ་མཇལ་ཁ་ཞུས་ཏེ་ཚེ་ཐར་དང་། མཚམས་བསྙེན་སྒྲུབ། ཁ་འདོན་དགེ་སྤྱོར་སོགས་དགེ་བསྐུལ་དགོང་ཞག་མ་རྫོགས་བར་དུ་བྱས་པས་དགེ་བསྐུལ་རྒྱ་ཆེན་པོ་ལེགས་འགྲུབ་དང་གཞན་ཡང་ཕྱོགས་ནས་ཕེབས་པའི་དགོན་སྡེ་ཁག་གི་བླ་སྤྲུལ་རྣམ་དང་དད་ལྡན་སེར་སྐྱ་བའི་མཐོང་སྣང་དུ་<<བླ་ཆེན་དྲན་པ་ཡབ་སྲས། མཉམ་མེད་ཤེས་རབ་རྒྱལ་མཚན། རྗེ་བློ་བཟང་གྲགས་པ། ལྷ་སྐུ་སོགས>>རང་རང་ལ་སྣ་ཚོགས་ཞིག་མཇལ་རྒྱུ་དང་ཕྱིས་སུ་དུས་བཟང་སོགས་ལའང་གཟིམ་ཁང་སྟེང་དུ་འོད་ཀྱི་བུམ་པ་དང་ཟེར་སོགས་མཐོང་དུ་ཡོད། དེར་ཉམས་ལེན་སྒོམ་སྒྲུབ་སོགས་གནང་ཚེ་འགྲུབ་རྟགས་སོགས་སླ་བའི་དམ་པ་ཁོང་གིས་བྱིན་གྱིས་རློབས་པའི་གདན་ས་ཁྱད་པར་ཅན་ཞིག་ཡིན། དེས་ནས་སྔོན་གྱི་བཞུགས་གནས་<<གཏོ་དགོན་གཡུང་དྲུང་གླིང་>>དུ་སྐྲ་སིན་བཅས་གདན་དྲངས་ཏེ་དད་ལྡན་རྣམས་ལ་མཇལ་ཁ་ཞུས་ནས་དགེ་བསྐུལ་རྒྱ་ཆེར་འགྲུབ་རྗེས་<<སྐུ་གདུང་མཆོད་རྟེན་གསུམ་རྟེན་དུ་བཞེངས།>>ཡབ་ཡུལ་རྫ་ཁོག་ཏུ་གདན་ཞུས་ཏེ་དེར་སྐུ་མཆེད་གཡུང་དྲུང་རྒྱལ་མཚན་དང་ཤར་རྫའི་སྐུ་ངོ་བཅས་ཀྱིས་མཐུན་རྐྱེན་སྦྱོར་ནས་སྐུ་གདུང་མཆོད་རྟེན་ཐོག་བརྩེགས་ཅན་ཞིག་ལ་གསེར་ཚ་གར་བྱུགས་དང་གཡུ་བྱུ་ཡི་རྒྱན་པའི་སྐུ་གདུང་བཞེངས། ཕྱིས་ལོར་སྙི་རྗེ་རིན་པོ་ཆེ་གཤེགས་ཤུལ་ཏུ་ཞལ་སློབ་ཚུལ་ཁྲིམས་འོད་ཟེར་དང་སྨོན་ལམ་གཙུག་ཕུད་གཉིས་གཙོས་སློབ་མ་ཡོངས་ཀྱི་མཐུན་རྐྱེན་སྦྱོར་བ་དང་། རྦ་མདའ་གྲོང་བ་སྤྱི་ནས་དངུལ་ཊཾ་སུམ་བརྒྱ་བཅས་བསྡུས་འབུལ་ཞུས་བ་ལས་སྐུ་གདུང་སྤུས་ལེགས་ཞིག་བཞེངས། ནང་གི་རྟེན་གསུམ་ནི་དབུ་སྐྲ་དང་གཏེར་སྒྲོམ་<<གཏེར་སྒྲོམ་དུ་མ་ཡོད་ཀྱང་གཅིག་ཡབ་བཞིས་ཀྱི་སྐུ་གདུང་དུ་ཡོད་པར་བཞེད།>>སོགས་ནང་གི་གཟུངས་འཇུག་ཏུ་བཞག རབ་གནས་རྒྱས་པར་གནང་ཞིང་དེའི་སྐབས་སུ་འོད་ཟེར་གྱི་རྣམ་པ་སྐུ་གདུང་ལ་འཕྲོས་བ་དང་། བྱ་རྒོད་བབ་པ། སྐུ་གདུང་རྟེན་མཇལ་དུ་དད་འདུས་བ་རྣམས་གྱིས་མཆོད་འབུལ་དུ་ཕུལ་བའི་ཡོ་བྱེད་རྣམས་ལ་བརྟེན་འདས་མཆོད་སྐྱབས་འགྲོའི་མཆོད་པ་སོགས་རྒྱས་འབུལ་བར་གནང་བར་མཛད།། ཅེས་པ་འདི་ནི་དགུན་མཚམས་ཀྱི་ཐུན་བར་དུ་རྣམ་ཐར་<<ངོ་མཚར་ཨུད་འབར་མེ་ཏོག>>དང་རྦ་མདའ་སྡེ་བའི་<<རྒན་རབས་ཀྱི་ངག་རྒྱུན།>>ལས་ཐོས་པའི་<<དངོས་བྱུང་>>མཐུན་སྣང་རིགས་ཕྱོགས་སུ་བསྡུས་ཏེ་རྒྱས་སྡུད་འཚམ་པོ་ཞིག་དད་ལྡན་དག་ལ་གཟིགས་བདེ་ཞིག་ཏུ་སྙོམ་ནས་འབྲི་ཁུལ་བྱས་པ་ཡིན་ནའང་ནོར་འཁྲུལ་སྤུངས་སྲིད་པའི་དགོངས་སེལ་དང་། འདི་བྲིས་དགེ་བ་གང་མཆིས་མ་གྱུར་འགྲོ་བ་ཀུན་ཐར་པ་ཐོབ་པའི་རྒྱུ་རུ་བསྔོས་ཅེས། ༸སྨན་རིའི་དགེ་བཤེས་ཀྱི་གྲལ་མཐའ་བ་བྲག་མགོ་ཚེ་དབང་རྒྱལ་མཚན་གྱིས་འབྱུང་ལྡན་༣༠༡ ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༢ བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ལུག་གི་ལོའི་དཔྱིད་ཟླ་ར་བའི་ཚེས་གསུམ་ཉིན་མཇུག་བསྡུས་པར་སྦྱར་བའོ།། ཐ་ཚན་མུ་ཙུག་སྨར་རོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།