རྗེ་བཙུན་ཁྲོ་ཚང་འབྲུག་ལྷ།
[ཟླ་ཚེས། 2015-03-19 15:21:27][རྩོམ་པ་པོ། དབྲ་ཁྱུང་སྐལ་བཟང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༧དེ་ཡང་སྤྲུལ་པའི་སྐུ་མཆོག་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ནི། ཡབ་ནམ་པ་ལྡོང་གི་རིགས་ལས་མཆེད་པའི་ཁྲོ་ཚང་གསས་མཁར་གཉན་དང་། ཡུམ་དར་བཟའ་སྒྲོལ་ལྡན་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་པའི་ ༩༥༦ གི་མེ་འབྲུག་ལོའི་འབྲུག་གི་ཟླ་བ། འབྲུག་གི་ཉི་མ། ཉི་ཤར་འབྲུག་གི་དུས་ཚོད་ལ་ཉི་མའི་འོད་གསལ་བ་དང་འབྲུག་གི་སྒྲ་གྲགས་པ་དུས་མཉམ་དུ་སྐུ་འཁྲུངས། འཁྲུངས་ཡུལ་ནི་དེང་བོད་ལྗོངས་ནག་ཆུ་ས་ཁུལ། ཤེལ་ཚྭ་རྫོང་བ་ཚ་ཤང་ཁོངས་ཀྱི་དེང་ཁྲ་ཚང་ལུང་པ་རུ་སྐུ་འཁྲུངས། ཡབ་ཡུམ་དེ་གཉིས་ལ་སྲས་ལྕམ་དྲལ་གསུམ་བྱུང་བའི་སྲས་ཆེ་བ་ནི་ཐུབ་པ་དང་། འབྲིང་བ་ནི་ཁོང་། ཆུང་བ་སྲིང་མོ་ཁྲོ་ཆུང་མ་དང་གསུམ་བྱོན། ཁོང་ཚོ་སྐུ་ན་ཕྲ་བའི་དུས་སུ་ཡབ་འདས་པས་ཁང་ཁྱིམ་དང་འབྲོག་གི་རུ་བ་ནི་ཡབ་ཀྱི་དགེ་རྩར་བཏང་། སྲས་ཆེ་བ་ཐུབ་པས་ཁྱིམ་གྱི་ཤུལ་འཛིན། ལྕམ་མོ་ནི་ཐོག་མར་ལྷ་ཕུའི་སྡེ་རུ་བག་མ་རྫངས་ཀྱང་མཐར་འཁོར་བར་བློ་ལྡོག་ནས་རབ་ཏུ་བྱུང་། དམ་པ་འདི་ནི་གཤེན་ཚད་མེད་འོད་ལྡན་གྱི་སྤྲུལ་པ་སོགས་ལུང་ཟིན་དུ་མ་ བྱུང་བས་ཞང་ཞུང་གཤེན་པོ་ཐོག་གསས་དབང་གིས་རྟེན་འབྲེལ་བརྟགས་ནས། མཚན་སྤྲུལ་སྐུ་འབྲུག་ལྷར་གསོལ། ཡ་མཚན་ཅན་གྱི་དམ་པ་འདི་ནི་ཕྱི་ལྟར་འདུལ་འཛིན་དང་། ནང་ལྟར་སྔགས་ཀྱི་གཏེར་སྟོན། གསང་བ་ལྟར་ན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་ཡིན། དང་པོ་ལྟར་ན། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། “ཁྲི་ལྡེ་གུང་གྲགས་སྤྲུལ་པ་ནི། དྲང་སྲོང་ལུས་ལ་རྫུ་འཕྲུལ་ཅན། ཁྲོ་ཚང་འབྲུག་ལྷ་བྱ་བ་འབྱུང། ”ཞེས་ཕྱི་འདུལ་རྒྱུད་མི་སྣའི་གྲོལ་ཕུགས་སྤྲུལ་པའི་རྒྱལ་སྲས་མཁན་སློབ་རྣམ་དྲུག་གི་ནང་ཚན་གསུང་སྤྲུལ་ཁྲི་ལྡེ་གུང་གྲགས་ཀྱི་རྣམ་སྤྲུལ་བྱོན་ཏེ། དགུང་ལོ་བཅུ་གསུམ་དུས་དབུས་ཀྱི་མཁན་པོ་གཉོས་ལག་དྲུག་གམ་གཉོས་ཚུལ་ཁྲིམས་ཡེ་ཤེས་ཀྱི་དྲུང་ནས་ཁྱིམ་སྤངས་རབ་ཏུ་བྱུང་། ཕྱི་དར་བོན་གྱི་འདུལ་བའི་རྐང་འཛིན་པ་ཞིག་བྱུང་ཡང་འདུལ་རྒྱུན་ཡུན་རིང་དུ་མ་བཞུགས། དེ་ནས་གཏེར་སྟོན་བརྒྱ་རྩའི་ནང་ཚན་ཟབ་དཀར་སྔགས་ཀྱི་བོན་གཏེར་དུ་མ་བྱུང་ཚུལ་ནི། བྱང་སྟག་ལུང་དུ་དགོངས་པ་ལ་བཞུགས་པའི་ཚེ། ཕྱྭ་སྲས་ཀེང་ཙེ་ལེན་མེད་བྱིས་པའི་ཚུལ་དུ་མཇལ་ནས་རྫུ་འཕྲུལ་གྱི་རྐང་པ་བྱིན་པས་ཐོགས་མེད་ཀྱི་རྫུ་འཕྲུལ་ཐོབ། ས་གནས་དེ་ནི་དེང་ནག་ཆུ་ཤེལ་ཚྭ་རྫོང་གི་ཉེ་སྐོར། སྟག་ལུང་ཟམ་ཆེན་ཡོད་སར་ཁྲོ་ཚང་འབྲུག་ལྷས་བཞེངས་པར་གྲགས་པའི་སྟག་ལུང་མཆོད་རྟེན་ཡོད་སའི་ལུང་པ་དེ་ཡིན། ཁོང་དེར་བཞུགས་སྐབས་ཕྱ་སྲས་ཀེང་ཙེས་གཏེར་གྱི་ལུང་བསྟན་གནང་བ་ནི། མ་ཐང་ཤེལ་གྱི་གསང་ཕུག་ཏུ། ཐ་རམ་ལྕགས་ཀྱི་སྒམ་བུ་ནང༌། ། གཡུང་དྲུང་བོན་གྱི་གཏེར་མཛོད་ཡོད། ཁྱོད་ལས་ཅན་ཡིན་པས་དངོས་གྲུབ་ལོངས། ། ཞེས་གསུངས་པས་བོད་ལྕགས་འབྲུག་སྤྱི་ལོ་༩༨༠ལོར་དགུང་ལོ་ཉེར་བཞི་བཞེས་པའི་དུས་སུ། བྱང་སྟག་ལུང་ནས་མར་ཕེབས་ཏེ་དེང་རྣམ་གླིང་རྫོང་ཁོངས་སུ་ཡོད་པའི་ཟར་གྱི་སྟག་སྣའི་བོན་གྱི་ཟབ་གཏེར་རྙེད། དེ་ཡང་བསྟན་པ་སྐུའི་དཔེའུ་ཙེ་སོགས་དཔེའུ་ཙེ་རྣམ་པ་གསུམ། ཞི་བ་ལྷ་ཁུག་ལ་སོགས་ཁུག་སྨད་བཅོ་བརྒྱད། གཤེན་ལྷ་མཚན་བཅས་མཚན་མེད། དབང་གི་ཁྱུང་མོ་དམར་མོ། དབལ་མོ་ལས་ཀྱི་ཐིག་ལེ་སྲོག་གི་སེག་གདར་ཆེ་ཆུང༌། གཉན་གྱི་སྙིང་བཅོས་དཀར་ནག གཉན་རྗེ་གོང་སྔོན་གྱི་ཕྱི་སྒྲུབ། ཨ་མ་དྲེད་དེའི་ནང་སྒྲུབ་ལ་སོགས་ཟབ་གཏེར་བསམ་གྱིས་མི་ཁྱབ་པ་ཞལ་ཕྱེས་ཀྱང༌། སྒྲོན་མ་རྣམ་གསུམ་དང་། ངན་སྔགས་ཀྱི་སྐོར་རྣམས་དུས་ལ་མ་བབ་པས་སླར་ཡང་འབྲོང་གི་ར་ཅོར་བཅུག་ནས་གཏེར་དུ་སྦས་གསུངས། དེའི་རྗེས་སུ་ཕ་དམ་པ་ཟེར་བའི་རྒྱ་གར་གྱི་གྲུབ་ཐོབ་དེ་བོད་དུ་ལན་གསུམ་ཕེབས་པའི་སྔ་རེས་ལ་མངའ་རིས་ཕྱོགས་སུ་བྱོན། རྗེ་འབྲུག་སྟག་ལུང་ལ་བཞུགས་དུས་ནུབ་ཕྱོགས་ནས་འཇའ་འོད་དཀར་པོ་ཞིག་བྱུང་བ་ལ་ཐུགས་འཕྲིག་སྐྱེས་ཏེ་ལ་སྟོད་ནས་ཡར་ཕེབས་པས་དམ་པ་དེར་བཞུགས། མཐའ་ཡི་ཨ་ཙ་ར་འདི་ལ་བལྟ་དགོངས་ནས་མཇལ་འཕྲད་བྱས་ཏེ་ཁྱེད་ཀྱི་ཅི་ཤེས་བྲིས། ངས་སྡུག་བསྔལ་ཞི་བྱེད་ཤེས་ཟེར། དམ་པ་ན་རེ། ཁྱོད་ཀྱིས་ཅི་ཤེས་དྲིས་པས། ངས་ཉུང་ངུ་མང་པོར་སྤྲོ་ཤེས། དུ་མ་གཅིག་ཏུ་དྲིལ་ཤེས་གསུངས། འོ་ན་དུ་མའི་མངོན་ཤེས་ཞིག་ཐོན་ཅིག་གསུངས་པས། བལ་བོད་གཉིས་ཀྱི་ས་མཚམས་བྲག་སེང་གེ་གནམ་ལ་མཆོངས་འདྲའི་རྩེ་མོར་བྱོན་ནས། རྔ་གཡུ་འབྲུག་འཁྱིལ་པ་ལ་བཅིབས་ཏེ་ནམ་མཁའ་ལ་འུར་སྒྲ་དང་བཅས་ཡར་འཕུར། ས་གཞི་ལ་བྱིའུ་བབ་པ་བཞིན་མར་བབ། དམ་པས་ངོ་མཚར་ཆེ་གསུངས་ནས་ཁྲུ་བདུན་གྱི་མཁའ་ལ་སྐྱིལ་ཀྲུང་བཅས་ཏེ་གྲོ་ཡུན་གཅིག་ཏུ་བཞུགས་སོ། ། དེ་ནས་ཁོང་རྣམ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་ནས་ཞི་བྱེད་ཀྱི་གདམས་པ་བསྡུར་ཏེ་བྱང་འབྲོག་སྟག་ལུང་དུ་ཕྱིར་བྱོན། ཉིན་གཅིག་ཚོགས་འཁོར་ཞིག་མཛད་དེ་ཚོགས་ལས་རྣམས་ཚར་ཙམ་ན། དམ་པས་ཚོགས་ཀྱི་ཡོ་བྱད་རྣམས་ཁྱེར་ནས་ནམ་མཁའ་ལ་བྱ་བཞིན་དུ་འཕུར་ནས་བྲོས། འབྲུག་ལྷས་རྔ་ལ་ཆིབས་ནས་བར་སྣང་ལ་དེད་དེ་དམ་པ་བཙིར་གྱིས་བཟུང༌། དེ་ནས་ཞལ་འཛུམ་མུ་ལུ་ལུ་གདན་ལ་བཞུགས་ཏེ་དངོས་གྲུབ་བླངས། ཡང་རེས་ཤིག་ཏུ་དམ་པ་ལ་ཨོ་རྒྱན་གྱི་མཁའ་འགྲོ་གཡུ་ལོ་མ་བྱ་བས་ཕྱག་རྒྱ་མ་མཛད་ཅིང་ཡོད་ཙམ་ན། ཅུང་ཟད་མ་མཉེས་ནས་སེང་ཕྲུག་ཅིག་ཏུ་སྤྲུལ་ཏེ་ཨོ་རྒྱན་དུ་བྲོས། འབྲུག་ལྷས་མཁྱེན་ཏེ་དམ་པ་ལགས་ལྟ་སྒོམ་སྤྱོད་གསུམ་ཅི་གདའ་གསུངས་པས། ལྟ་སྒོམ་སྤྱོད་གསུམ་གཡུ་ལོ་མའི་རྗེས་སུ་སོང་གསུངས། འོ་ན་མ་མཉེས་སམ་ཞུས་པས། ཐབས་ཤེས་བྲལ་བས་མ་མཉེས་གསུངས། དེ་ནས་རྗེ་འབྲུག་བྱ་ཁྱུང་ཞིག་ཏུ་སྤྲུལ་ནས་ནམ་འཕང་རླབས་ཀྱིས་གཅོད་པས། གཡུ་ལོ་མ་ཨོ་རྒྱན་དུ་ཅུང་མ་སླེབ་པའི་བར་དེར་ཁྱུང་གིས་སྡེར་མོས་སེང་གེའི་གཡུ་རལ་ནས་བཟུང་སྟེ་ཕྱིར་ཁྲིད་ནས་དམ་པའི་ལྟ་སྒོམ་སྤྱོད་གསུམ་དང་། གཡུ་ལོ་མ་འདི་རེད་དོ་གསུངས་པས་དམ་པ་མཉེས་སོ། དེ་འདྲ་བའི་རྫུ་འཕྲུལ་གྱི་རྩེད་མོ་དང་དགོངས་པ་བསྡུར་བའི་ལོ་རྒྱུས་མང་དུ་སྣང་།
ཁོང་གི་ཟབ་གཏེར་ཐུགས་རྗེ་བྱམས་མའི་མདོ་འབུམ་སྒྲུབ་སྐོར་ཆ་ལག་དང་བཅས་པ་དང་། རྫུ་འཕྲུལ་གྱི་བོན་མང་བ་ཞིག་ཐོན་པ་རྣམས་ནི། སྲིང་མོ་ཁྲོ་ཆུང་མ་ལ་བརྒྱུད། དེ་ནས་རིམ་གྱིས་བླ་མ་གཞོན་ནུས་དཔེ་རྒྱུད་རྣམས་མཐའ་བཞིར་བསྣམས་ནས་དར་རྒྱས་སུ་སྤེལ་བའོ། གསང་བ་སེམས་ཕྱོགས་སྐོར་ལ། ཡ་མཚན་ཅན་གྱི་སྤྲུལ་སྐུ་དེས། བྱང་སེམས་གབ་པའི་ཚིག་དོན་མ་བསླབ་པར་མཁྱེན། དགུང་ལོ་བཅུ་ཙམ་ནས་ར་ལྗགས་བླ་ཆེན་གྱི་དྲུང་དུ་སེམས་ཕྱོགས་ཀྱི་བོན་རྣམས་གསན། རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་རྫོགས་ཆེན་གྱི་ཉམས་མགུར་ཞལ་གདམས་མང་དུ་གསུངས་ཀྱང་ཀུན་གྱི་སྙིང་པོར་བསྡུས་པ་རབ་བྱུང་བ་འགའ་ལ་གསུངས་པ། བྱིན་རླབས་རང་གི་སེམས་ལ་ཞུས། སྦྱིན་པ་དབུལ་ཕོངས་རྣམས་ལ་ཐོངས། བཟོད་པ་ཁྲོ་གཏུམ་ཅན་ལ་སྒོམས། སྙིང་རྗེ་མ་ནུས་པ་ལ་བསྐྱེད། ། ལུས་ངག་ཡིད་གསུམ་དགེ་བ་རྣམས། ། རང་བས་གཞན་གྱི་དོན་དུ་སྤྱོད། ། ཅེས་པ་ནི་ཁོང་གི་ཞལ་གདམས་འདི་དག་དགེ་སྦྱོང་རྣམས་ཀྱིས་སྙིང་ཏིག་ཏུ་འཛིན་པའོ། སྐུ་ཚེའི་སྨད་ཙམ་ན་རྗེ་བཙུན་གྱི་ཞལ་ནས། ང་འབྱུང་བ་བཞི་ལ་རང་དབང་ཐོབ་པས་ད་རེས་ཀྱི་སྐྱེ་བ་འདིར་སྒྱུ་ལུས་བཞག་ནས་རོ་བསྲེག་ཟེར་བའི་དུ་བ་ཚུབ་ཚུབ་དེ་མི་བྱེད་གསུངས་ནས། ན་བཟའ་པད་ལོ་རིས་དྲུག་སྐུ་ལ་གསོལ། པད་ཆ་པད་ཁུག་ཕྲག་ལ་བཀལ། ཧོས་རུ་གསིལ་བ་ཕྱག་ན་བསྣམས། ཨ་དཀར་ས་ལེ་ཞལ་ནས་གསུངས་ཏེ་མཆོད་རྟེན་ལ་བསྐོར་བ་མཛད་ཀྱིན་ཞབས་ས་ལ་མི་རེག་པར་ཇེ་མཐོ་ཇེ་མཐོ་མཁའ་ལ་བཞུད་ཙམ་ན། སྲིང་མོ་ཁྲོ་བཙུན་མས་ན་བཟའ་ལ་འཇུས་ཏེ་ང་ཡང་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། དེའི་གྲིབ་ཀྱིས་སྐུ་ས་ལ་ཕབ། སྲིང་མོ་དེ་མིན་ན་དེ་ཉིན་རང་སྐུ་ལུས་མ་སྤང་ནས་འོག་མིན་གནས་སུ་གཤེགས་པར་ཡིན་ནོ། རྗེ་འབྲུག་ལ་བསྟན་འགྲོར་ཕན་པའི་སློབ་མ་མང་བར་བྱུང་ཡང༌། གྲགས་ཆེ་བ་རྨེའུ་ལྷ་རི་གཉེན་པོ། འདུལ་བ་ཕོག་པའི་སློབ་མ་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང༌། ལ་སྟོད་འོལ་སྒོམ་རྒྱལ་མཚན་གཉིས། ཞལ་མ་མཇལ་ཡང་བྱིན་གྱིས་བརླབས་པའི་སློབ་མ་དགོངས་མཛོད་རི་ཁྲོད་ཆེན་པོ། དད་པ་དང་ལྡན་ཅིང་སྐུ་ལ་རྒྱུན་དུ་འཁོར་བའི་སློབ་མ་ཁྲོ་བཙུན་མ་དང༌། དབང་གི་རྒྱལ་པོ་། སྟོན་པ་སྒོ་ཚེ་དབང་རྣམས་ཡིན་ནོ། ། སྐུ་ཚེའི་ཚད་ཀྱང་སྟོན་པ་སྒོ་ཚེ་དབང་ལོ་ཉི་ཤུ་རྩ་བརྒྱད་ལོན་དུས་རྗེ་འབྲུག་ལ་དགུང་ལོ་དུ་ལོན་ཞུས་པས་བདུན་ཅུ་རྩ་ལྔ། སྒོ་ཚེ་དབང་བདུན་ཅུ་རྩ་ལྔ་ལོན་དུས་སྐུ་ཡལ་བས་མི་ལོ་བརྒྱ་དང་ཉེར་གཉིས་བཞུགས་པས་བོད་མེ་སྦྲུལ་སྤྱི་ལོ་༡༠༧༧ལོར་སྐུ་ཞི་བར་གཤེགས་སོ། དེ་ལྟར་བསྟན་པ་ཕྱི་དར་གྱི་ཁོངས་འདིར་འགྲོ་བའི་དོན་མཛད་པའི་སྤྲུལ་སྐུ་དུ་མ་ཞིག་བྱོན་ཡང་རྫུ་འཕྲུལ་དང་གྲུབ་རྟགས་ངོ་མཚར་ཆེ་བ་རྗེ་འབྲུག་འདི་བསྔགས་འོས་ཀྱི་དཔལ་དུ་གྱུར་པའོ། །