འགྲོ་མགོན་གཡོར་པོ་མེ་དཔལ།

[ཟླ་ཚེས། 2014-01-03 09:41:21][རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      དབྱིལ་གྱི་ལྡེ་མིག་འབྲིང་བོ་ལས། ཡར་མེ་སྐུ་སྐྱེ་ཡིན་གསུངས་པས། །དེ་རྗེས་གཡོར་པོའི་ས་ཆ་རུ། །རུས་མེ་མིང་དཔལ་ཞེས་བྱར་འབྱུང༌། །སེམས་ཕྱོགས་གདམས་པས་འགྲོ་དོན་མཛད། །འགྲོ་བ་ཐར་བར་དེ་ཡིས་འདྲེན། །ཞེས་གསུངས་པ་ལྟར། རྗེ་བཙུན་བླ་མ་སྐུ་བལྟམས་པའི་ཡུལ་ནི། གཡོར་པོ་དོལ་ཞེས་བྱ་བའི གཙང་གི་མངའ་ཁོངས་སུ་གཏོགས གདུང་རུས་མེའི་རྒྱུད་པར་བོད་ཤིང་སྟག སྤྱི་ལོ1134ལོར་འཁྲུངས། དེ་ཡང་སྔོན་གོམས་སྦྱངས་འཕྲོ་བཟང་བས། སྐུ་ཆུང་ངུའི་དུས་སུ་ཡིག་འབྲུ་ཁ་ཤས་མ་བསླབས་པར། རང་བརྡོལ་དུ་ཐུགས་ལ་ཤར་བར་གསུངས། དད་པ་དང་སྙིང་རྗེ་སོགས་སྐྱེས་བུ་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱིས་རྒྱུད་ལ་ལྡན་པ་དང༌། འབྲི་ཀློག་དང་བོན་སྤྱོད་ཆོ་གའི་ཕྱག་ལེན་རྣམས་ལ་མཁས་པར་སྦྱངས། སྐུ་ན་ཇེ་ཆེར་སོན་རྗེས་གཡས་རུ་དབེན་ས་ཁར་བྱོན་ཏེ། བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་མདུན་དུ་གཙང་གཙུག་གི་སྡོམ་ཁྲིམས་བླངས་ཤིང༌། སྡེ་སྣོད་གཞུང་བརྒྱ་སྨྲ་བའི་མཁས་པ་མང་པོའི་ཞབས་པད་བསྟེན་ནས། མདོ་སྔགས་ཀྱི་རིག་གནས་མཐའ་དག་ལ་ཐོས་བསམ་བརྩོན་འགྲུས་མཛད་པས་བཀའ་ལུང་རྒྱུད་སྡེ་ཀུན་ལ་མཁས་པར་གྱུར། དེའི་རྗེས་སུ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་མདུན་ནས་དྲང་སྲོང་གི་བསླབ་པ་རྫོགས་པར་བླངས་ཏེ་ཉེས་ལྟུང་གི་དྲི་མས་མ་གོས་པར་བསྲུངས། ཞང་དམ་པ་ཚུལ་ཁྲིམས་ཡེ་ཤེས་ཀྱི་མདུན་ནས་ཐེག་པ་ཆེན་པོ་ངོ་སྤྲོད་ཀྱི་གདམས་པ་གེགས་སེལ་གཞུང་བཞི་དང་བཅས་པ་ཞུས་ཤིང༌། ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས། ཉིད་ཀྱིས་མཛད་པའི་ཞལ་གདམས་ལས་ཀྱང༌། ཁོ་བོ་གཡོར་པོ་མེ་དཔལ་ངས། །སྤྱིར་བླ་མ་རྣམས་ལ་མོས་གུས་བྱས། །དགོས་དྲིན་ཅན་གསུམ་ལ་གསོལ་བ་བཏབ། །གདམས་ངག་བདུད་རྩིའི་ཆུ་འཐུང་བས། །ཉམས་མྱོང་གི་རྟོགས་པ་ནང་ནས་ཤར། །འདི་ཀ་རང་དུ་འདུག་པར་སྙམ། །སྤྲུལ་སྐུ་ཉི་རྒྱལ་གྱི་ཞབས་ལ་གཏུགས། །རྒྱུད་སྡེ་གསུམ་ལ་ཐོས་བསམ་སྦྱངས། །སྦྱང་བྱ་སྦྱོང་བྱེད་འདུག་རུང་མི་འདུག་རུང༌། །སངས་རྒྱས་ཀྱི་དགོངས་པ་འདི་ཀ་རང༌། །གཤེན་སྟོན་ནམ་མཁའ་རྒྱལ་མཚན་ལ། །གཙང་སྦྱོར་ཟབ་མོའི་ཚུལ་ཁྲིམས་བླངས། །བསྲུང་བྱ་སྲུང་བྱེད་འདུག་རུང་མི་འདུག་རུང༌། །སངས་རྒྱས་ཀྱི་དགོངས་པ་འདི་ཀ་རང༌། །ཞང་དམ་པ་ཚུལ་ཤེས་ཀྱི་ཞབས་ལ་གཏུགས། །མི་གཡོ་རྩེ་གཅིག་ཏིང་འཛིན་བསྒོམས། །བསྒོམ་བྱ་དང་སྒོམ་བྱེད་འདུག་རུང་མི་འདུག་རུང༌། །སངས་རྒྱས་ཀྱི་དགོངས་པ་འདི་ཀ་རང༌། །དབུ་རུ་ནག་པོ་དགོན་པ་རུ། །ཡི་དམ་ལྷ་ཡི་སྒྲུབ་པ་བྱས། །བསྒྲུབ་བྱ་སྒྲུབ་བྱེད་འདུག་རུང་མི་འདུག་རུང༌། །སངས་རྒྱས་ཀྱི་དགོངས་པ་འདི་ཀ་རང༌། །འདི་ཀ་རང་ལ་སྦྱངས་ཙམ་ན། །ཉམས་མྱོང་གི་བླ་མ་ནང་ནས་ཤར། །འཆར་བྱ་དང་འཆར་བྱེད་འདུག་རུང་མི་འདུག་རུང༌། །སངས་རྒྱས་ཀྱི་དགོངས་པ་འདི་ཀ་རང༌། །ཞེས་པ་ལ་སོགས་ཉམས་རྟོགས་ཀྱི་མགུར་དབྱངས་མང་དུ་གསུངས། གཞན་ཡང་གཉུག་མའི་སྤྲོས་བྲལ་གྱི་དོན་རྟོགས་པའི་རྣལ་འབྱོར་བ། གཤེན་སྒོམ་ཞིག་པོའི་ཞབས་ལ་གཏུགས་ཏེ། སྙན་བརྒྱུད་སྨྲར་བྱང་གི་དབང་ངོ་སྤྲོད་གདམས་པ་བཅས་ཞུས། བླ་མ་རྨ་སྟོན་སྲོལ་འཛིན་དང་མཇལ་ནས་བྱང་གཏེར་དང་ར་མའི་སྐོར་རྣམས་ཞུས། བྱེ་བྲག་སྙན་བརྒྱུད་ཨ་གསལ། སྒྲོན་མའི་དབང་བྱིན་ངོ་སྤྲོད་དང་བཅས་པ་ཞུས་ཏེ། དབུས་རུ་ནག་པོ་དང་ཡར་ལྷ་ཤམ་པོ་སོགས་སྒྲུབ་གནས་རྣམས་སུ་སྒོམ་སྒྲུབ་ཚུལ་བཞིན་མཛད་པས། དྲན་རིག་མ་བུ་འཕྲོད་ནས། གནས་ལུགས་ཀྱི་རྟོགས་པ་མངོན་དུ་ཤར་བས་སངས་རྒྱས་ཀྱི་རང་ས་ཟིན། དགུན་ལྷགས་པའི་ནང་དུ་བུམ་ཆུ་རང་འཁོལ་དུ་བྱུང་བ་དང་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང༌། ལྷའི་བུ་མོ་རྣམས་ཀྱིས་རྔ་གཤང་རོལ་མོ་ལ་སོགས་པའི་མཆོད་པ་ཕུལ་ནས་སྐུ་ལ་བསྐོར་བ་བྱེད། ལྗགས་ཀྱི་མཆིལ་མས་སེམས་ཅན་གྱི་སྡུག་བསྔལ་ཞི་བ་སོགས་གྲུབ་པ་ངོ་མཚར་བའི་རྟགས་མང་དུ་བཞུགས་ཀྱང་འདིར་མ་བྲིས། དགོངས་མཛོད་རི་ཁྲོད་ཡབ་སྲས་ཀྱི་མཛད་སྲོལ་ལ་སེམས་ཕྱོགས་སྤྱིའི་རྒྱབ་སྐྱོར་དང༌། ཁྱད་པར་བླ་ཆེན་གྱི་གདམས་པ་དང༌། ཉིད་ཀྱི་ཉམས་མྱོང་གིས་གསལ་བཏབ་ནས་ཉམས་ཁྲིད་ཡི་གེར་བཀོད་པ་ལ་གཡས་རུའི་ཨ་ཁྲིད་ཆེན་མོ་ཞེས་ཀུན་ལ་གྲགས་སོ།། དེའི་གཞུང་ཆ་ལག་ལ། སྔོན་འགྲོ་མཎྜལ་ཡན་ལག་བདུན་པ། གསོལ་འདེབས་རིན་ཆེན་ཕྲེང་བ། དངོས་གཞི་ཉམས་ལེན་ལ། སེམས་འཛིན་མཚན་བཅས་མཚན་མེད། འཇོག་བཤིག་སྐྱོང་གསུམ། ཐེག་ཆེན་སུམ་སྦྱོང༌། ངོ་སྤྲོད་རིན་ཆེན་གསལ་འདེབས། ལམ་བསླངས། རྩལ་སྦྱོང༌། བོགས་འདོན། མན་ངག་འཁོར་ལོ་སྤྱི་སྡོམ། གནད་འདུས་འཁོར་བ་དོང་སྤྲུག འཁོར་བ་བདུད་ཀྱི་འཕྲང་གྲོལ། འཕོ་བ་ཡེ་ཤེས་ཟང་ཐལ། ཉམས་ཀྱི་མགུར་འབུམ་སོགས་མང་དུ་མཛད་དོ། །དེ་ནས་བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་གདན་ས། གཡས་རུ་དབེན་ས་ཁར་ལོ་འགར་བཞུགས་ཏེ། གཉོས་མཁས་པ་ཚུལ་ཁྲིམས་རྒྱལ་མཚན་དང་ཁོང་རྣམ་གཉིས་བསྟན་པའི་རྒྱལ་ཐེབས་སུ་བཞུགས་ཤིང༌། འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་གདན་སར་བཀའ་དྲིན་ཆེ་བ་དང༌། མེ་གཉོས་རྣམ་གཉིས་ཞེས་པའི་སྙན་པའི་གྲགས་པ་ས་གསུམ་ལ་ཁྱབ་པར་བྱས་སོ། །རྗེས་འཇུག་གི་སློབ་བུ་ལ། སྟོད་སྨད་བར་གསུམ་ཀུན་ན་བསྟན་དང་འགྲོ་ལ་ཕན་ཐོགས་པའི་མཁས་པ་མང་དུ་བྱུང་ཡང༌། ཕྱི་ནང་གསང་བའི་གདམས་པ་དང་དབང་ལུང་གི་རྒྱུད་པ་འཛིན་པ་ནི་འགྲོ་མགོན་བདུད་རྩི་རྒྱལ་མཚན་ཞེས་བྱ་བ་ལགས་ཤིང༌། མ་འོངས་ལུང་གིས་བསྔགས་ཚུལ་སོགས་མང་དུ་ཡོད་པ་རྣམ་ཐར་དུ་མངོན་ནོ། །དེ་ལྟར་གདུལ་བྱ་དཔག་མེད་ཅིག་ཐར་བའི་ས་ལ་བཀོད་ཅིང༌། བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད་དེ། འགྲོ་ལ་མི་རྟག་པའི་ཚུལ་བསྟན་ནས་བོད་ས་བྱི སྤྱི་ལོ 1168ལོ་སྟེ་དགུང་ལོ་སུམ་ཅུ་སོ་ལྔའི་སྟེང༌། སྙེ་མོ་རུ་མཚམས་སུ་འཇའ་འོད་ཀྱི་གུར་ཕུབ་ནས། སྒྲ་འོད་ཟེར་གསུམ་དང་བཅས་དགོངས་པ་བོན་དབྱིངས་སུ་ཐིམ། ཕྱི་རབས་འདྲེན་པའི་རྟེན་དུ་ཐུགས་ལྗགས་དང་རིང་བསྲེལ་སོགས་ངོ་མཚར་གྱི་རྟགས་མཚན་མང་དུ་བྱུང་ངོ༌། །

སྨྲས་པ།

རྨད་བྱུང་གྲུབ་བརྙེས་རྟོགས་བརྗོད་འོ་མཚོ་ལ། །

ཡིད་ཆེས་དད་པས་འགོག་མེད་བསྲུབས་པ་ལས། །

སྐལ་ལྡན་དགྱེས་པའི་ཡང་སྙིང་མར་འདི་བླངས། །

ཀུན་ལ་ཕན་ངེས་ཟོས་སུ་དང་དུ་ལོངས། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།