འགྲོ་མགོན་བདུད་རྩི་རྒྱལ་མཚན།
[ཟླ་ཚེས། 2013-11-30 10:31:16][རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཞི་དབྱིངས་ཀུན་བཟང་དགོངས་པ་རྟོགས་ན་ཡང༌། །སྐལ་ལྡན་ཡང་དག་གནས་ལ་དགོད་པའི་ཕྱིར། །གསང་བ་གསུམ་གྱི་རྣམ་ཐར་མཐའ་ཡས་ཀྱང༌། །བླ་མའི་དྲིན་ལས་ཅུང་ཟད་འདི་ན་བཤད། །རྫོགས་ཆེན་སྐུ་གསུམ་རང་ཤར་ལས། གསང་སྔགས་རྒྱལ་པོ་རྒྱུད་སྡེ་ཀུན་གྱི་སྙིང༌། །ཟབ་པའི་ཡང་ཟབ་མན་ངག་རིན་ཆེན་ཁྲིད། ། འགྲོ་ལ་རབ་གཙོ་ཀུན་ཏུ་སྤེལ་མཛད་པ། ། །མཚུངས་མེད་བྲུ་ཆེན་ཡབ་སྲས་དུས་ཀུན་རྒྱལ། །ཞེས་མཆོད་པར་བརྗོད་པ་ལྟར། དེ་དག་གི་བཀའ་དྲིན་བཅོས་མིན་སྙིང་ནས་དྲན་ཏེ། ཀུན་ལ་མཚམས་སྦྱོར་གྱི་ཚུལ་དུ་རྣར་ཐར་ཅུང་ཟད་ཅིག་གླང་ན། དབྱིལ་གྱི་སྣུར་ཡིག་ལས། གཤེན་གསང་བ་དོན་གྲུབ་སྤྲུལ་བའི་སྐུ། །བདེ་བར་གཤེགས་པ་འགྲོ་བ་འདྲེན་པའི་དཔལ། །འ་ཞ་བདུད་རྩི་བྲུ་ཆེན་མཚན་ཅན་འབྱུང༌། །ཚད་མེད་བཞི་ལྡན་འགྲོ་ལ་མ་ལྟར་བྱོན། །ཡོན་ཏན་བརྒྱད་ལྡན་མཁན་སློབ་ཆེན་པོར་གནས། །ཞེས་གསུངས་པ་བཞིན། རྗེ་བཙུན་ཉིད་ཀྱི་སྐུ་མཆོག་ནམ་མཁའི་ནོར་བུ་ཉིད། དྲི་མེད་མཁའ་གོས་ལས་མངོན་པར་ཤར་བའི་ཡུལ་ནི་གཡོར་པོ་ཞེས་བྱ་བ། གདུང་རུས་འ་ཞ་ཡབ་འ་སྟོན་གཡུང་དྲུང་སེང་གེའི་སྲས་སུ་རབ་བྱུང་གསུམ་པའི་མེ་བྱི སྤྱི་ལོ1156ལོར་འཁྲུངས། དེ་ཡང་སྔོན་སྦྱངས་སྨོན་ལམ་སྟོབས་ཀྱིས་སྐུ་ན་ཕྲ་བའི་དུས་ནས། འབྲི་ཀློག་དང་ཡོན་ཏན་གང་ལ་མ་རྨོངས་པར་མཁྱེན་རབ་ཀྱི་རྩལ་ཡོངས་སུ་རྫོགས། ཡབ་ཀྱི་དྲུང་དུ་བཀའ་ལྷོ་བྲག་མའི་བོན་སྡེ་བསྒྲགས་པ་སྐོར་གསུམ། རྫོགས་པ་ཆེན་པོ་ལུང་དྲུག་གི་སྐོར་རྣམས་གསན་གཟིགས་གནང་བ་སྟེ། རྩ་བྲལ་ཉག་གཅིག་དགོངས་པའི་ལུང༌། ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པའི་ལུང༌། མན་ངག་ཐམས་ཅད་འདུས་པའི་ལུང༌། སུན་འབྱིན་རྫོགས་ཆེན་གསང་བའི་ལུང༌། རང་བྱུང་ཉག་གཅིག་སེམས་ཀྱི་ལུང༌། ལ་ཟླ་རྫོགས་པ་ཆེན་པོ་ལུང་དང་དྲུག་གོ །དེ་ནས་གཡས་རུ་དབེན་ས་ཁར་བྱོན་ཏེ། མཁས་པ་མེ་གཉོས་རྣམ་གཉིས་གཙོས་སྡེ་སྣོད་འཛིན་པའི་མཁས་པ་མང་དུ་བསྟེན་ཏེ། ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་དང་ས་ལམ་གྱི་རྣམ་གཞག བྱང་སེམས་གབ་པ། ཀུན་བཟང་མཉམ་པའི་རྒྱུད། རྫོགས་ཆེན་མུ་མེད་བདལ་བའི་རྒྱུད་ལ་སོགས། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད་ནས། མཁས་པའི་གོ་འཕང་བརྙེས་ཏེ་མཚན་སྙན་གྱི་རྔ་སྒྲ་ཕྱོགས་སུ་གྲགས། འགྲོ་མགོན་གཡོར་པོ་མེ་དཔལ་གྱི་མདུན་དུ་དག་པ་འདུལ་བའི་སྡོམ་ཁྲིམས་ཡོངས་རྫོགས་བླངས་ཏེ། མཚན་ལ་བདུད་རྩི་རྒྱལ་མཚན་དུ་གསོལ་བ་དང༌། བསླབ་གསུམ་ངུར་སྨྲིག་འདུལ་བ་འཛིན་པའི་སྲོག་ཤིང་དུ་གྱུར། ཁྱད་པར་གསང་སྔགས་ཀྱི་དབང་ལུང་བསྐྱེད་རིམ་རྫོགས་རིམ་རྫོགས་ཆེན་གྱི་སྐོར་རྣམས་ཡང་བསྐྱར་གྱི་ཚུལ་དུ་མནོས། ཐེག་པ་ཆེན་པོ་ངོ་སྤྲོད་ཀྱི་གདམས་པ་ཨ་ཁྲིད་ཆེན་མོ་ཞེས་གྲགས་པ་འདི་ཉིད་ཀྱི་ཚིག་དོན་མ་ལུས་པར་བཀའ་ལུང་རྗེས་གནང་དང་བཅས་པ་ཞུས་ཤིང༌། སྐྱིད་ཤོད་ཕུག་པ་སོགས་དབེན་པའི་གནས་ཀུན་ཏུ་བཞུགས་ཏེ། བསྐྱེད་རྫོགས་ཟུང་འཇུག་གི་བསྙེན་སྒྲུབ་མཐའ་རུ་ཕྱིན་པར་མཛད་པས། ཉམས་རྟོགས་མངོན་དུ་གྱུར་ཅིང༌། འཁོར་འདས་དབྱེར་མེད་རོ་གཅིག་དུ་གྲོལ་བ་དང། དེ་དུས་ཆགས་སྡང་གཟུང་འཛིན་གྱི་མཚན་མ་རྣམས་རང་སར་གྲོལ། གནས་ལུགས་སྤྲོས་བྲལ་གྱི་དོན་ནམ་མཁའ་ལྟ་བུ་རྟོགས་པས། མ་རིག་འཁྲུལ་བའི་བག་ཆགས་ཀྱི་ས་བོན་དང་བཅས་པ་དབྱིངས་སུ་ཟད་ནས། རྨི་ལམ་གྱི་སྣང་བ་མཐའ་དག་འགག་སྟེ། སྒྲིབ་མེད་འོད་གསལ་ཁོར་ཡུག་འབད་མེད་དུ་འཆར། ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང། ཏིང་འཛིན་དམིགས་པའི་སྟོབས་ཀྱིས་ནད་གདོན་རྣམས་རང་སར་ཞི་བ་ལ་སོགས་གྲུབ་པའི་རྟགས་མང་དུ་བཞག དེ་ནས་མཁས་པ་མེ་གཉོས་རྣམ་གཉིས་ཀྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁར་བཞུགས་སྐབས། ཇི་སྐད་དུ། སྐྱེས་བུ་དམ་པ་ཡོན་ཏན་མཛོད། །དད་ལྡན་བློ་གསལ་དེ་ལ་འཁོར། །ཞེས་གསུངས་པ་ལྟར། ཕྱོགས་མཚམས་མེད་པར་གྲྭ་སློབ་མང་དུ་འདུས་ནས་མི་ཟད་བོན་གྱི་སྦྱིན་པ་རྒྱ་ཆེར་བཀྱེས་ཤིང༌། བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་མང་དུ་བྱུང་ནས། བླ་མའི་མཛད་ཕྲིན་དང་རྒྱལ་བསྟན་གྱི་བྱ་བ་རྣམས་ལེགས་པར་གྲུབ། ཁྱད་པར་དུ་ཕྱི་ལྟར་མདོ། ནང་ལྟར་སྔགས། གསང་བ་རྫོགས་པ་ཆེན་པོའི་རྒྱུད་སྡེ་མཐའ་དག་གི་རྒྱུད་འཛིན་པ་ལ་རབ་དུ་བསྔགས་པར་བརྗོད་པའི་ཐུགས་ཀྱི་སྲས་མཆོག་དམ་པ། ཉིད་ཀྱི་དགོངས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་ཡོན་ཏན་ཆེས་མཆོག་ཏུ་གྱུར་བ་ནི་བློ་གྲོས་རྒྱལ་མཚན་ལགས་སོ། །བར་སྐབས་རེ་ལ་སྤྱན་ཆབ་དབང་མེད་བཞུར་ནས། བདུན་ཕྲག་རེ་ལ་གསོལ་བ་ཅུང་ཟད་ཙམ་ཡང་མི་བཞེས་པར་དབུ་ན་བཟས་བཏུམས་ནས་བཞུགས། ཉེ་གནས་ཀྱིས་དྲིས་ཚེ་དམྱལ་བའི་འཁྲུལ་སྣང་གི་སྡུག་བསྔལ་སྦྱོང་བ་རྣམས་སྙིང་རེ་རྗེ་གསུངས། འདིའི་སྐོར་མང་དུ་ཡོད་ཀྱང་ཟུར་ཙམ་རེ་མ་གཏོགས་མང་བར་དོགས་ནས་མ་བྲིས་སོ། །སྤྱིར་རྗེ་བཙུན་བླ་མ་དམ་པ་དེ་ནི་དོན་རྟགས་སུ་འཛོམས་པ་ཡིན་པས་ཐུགས་ཉིད་ནམ་མཁའ་ལྟ་བུའི་ངང་ལས། འཕྲུལ་ངག་བདུད་རྩི་ལྟ་བུའི་ཆར་བབས་ནས། འགྲོ་བ་མཐའ་དག་གི་སྡུག་བསྔལ་སེལ་ཞིང༌། བསྟན་པ་མི་ནུབ་པའི་རྒྱལ་མཚན་ས་གསུམ་ལ་བཙུགས་པ་ལགས་སོ། །བདེ་བར་གཤེགས་པའི་སྤྲུལ་བ་འགྲོ་བའི་དོན་དུ་འབྱོན་པའི་ལུང་བསྟན་རྣམས་རྣམ་ཐར་ན་གསལ་བས་འདིར་མ་སྤྲོས་སོ། །དེ་ལྟར་གྲུབ་པའི་རྣམ་ཐར་ཁོ་ནས་དུས་འདའ་བར་བྱས་ཏེ། མཐར་འགྲོ་དོན་ཡོངས་སུ་གྲུབ་ནས་སྐུ་ལ་འཇའ་འོད་ཟུག་པ་དང་མཉམ་དུ། རེ་ཞིག་དགོངས་པ་ནང་དབྱིངས་གཞོན་ནུ་བུམ་སྐུའི་ལྷུམས་སུ་ངལ་གསོ་མཛད་དོ། །
སྨྲས་པ།
དུས་ཀུན་གཞི་ལ་ངལ་གསོ་མི་མཛད་པར། །འགྲོ་ལ་བརྩེ་བས་ཀུན་ཏུ་ཉེར་གཟིགས་ཏེ། །
སྲིད་ཞིའི་འཇིགས་པ་མཐའ་དག་རབ་བཀྲོལ་ནས། །བླ་མའི་དགོངས་པ་བདེ་བླག་རྙེད་གྱུར་ཅིག །