མཐའ་ཞུ་བླ་རབས་ཀྱི་གསུང་འབུམ། (པོད1~20)

རྩོམ་པ་པོ། ཞུ་འོད་ཟེར་མཐར་རྒྱས་ནས་བསྒྲིཊ།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2025-06-22

ངོ་སྤྲོད་མདོར་བསྡུས། ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་ཞེས་པའི་དཔེ་ཚོགས་ནི། དུས་རབས་བཅུ་བཞི་པར་བྱོན་པའི་མཐའ་ཞུ་རས་ཐུལ་སོགས། ཆུ་གཉིས་ཞུ་ཚང་བླ་རབས་རིམ་བྱོན་གྱི་གསུང་རྩོམ་གང་རྙེད་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན། དེའང་ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ། པོད་དང་པོའི་ནང་། གསོ་རིག་འབུམ་བཞིའི་ཡང་སྙིང་སྨན་གྱི་སྐོར་དང་། དྲི་ཞིམ་སྤོས་སྦྱོར་གྱི་སྐོར། ནད་འཇོམས་སྔགས་ཀྱི་སྐོར། གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་སྐོར། རྣམ་ཐར་གྱི་སྐོར། གནས་རིའི་དཀར་ཆག་གི་སྐོར་སོགས་བཀོད་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་གཉིས་པར། ཁྱུང་རབས་སྐོར། ལེགས་བཤད་ཀྱི་སྐོར། ལོ་རྒྱུས་ཀྱི་སྐོར། དཔྱད་རྩོམ་སྐོར་སོགས་བཀོད་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་གསུམ་པ་འདིར་སྡེ་ཚན་ཆེན་པོ་ལྔ་བཀོད་ཡོད་པ་ལས།
སྡེ་ཚན་དང་པོ་གསོ་བ་རིག་པའི་སྐོར། དེའང་བོད་དང་བོན་གྱི་གསོ་རིག་ལོ་རྒྱུས་དེབ་ཐེར་ཉི་ཟླའི་འཁོར་ལོ་ཞེས་བྱ་བ་བཀོད་ཡོད། དེ་ནི་དུས་རབས་བཅུ་གསུམ་པའི་གོང་ནས་བྱུང་བའི། བོན་གྱི་གསོ་རིག་གི་ཁོགས་དབུབས་ལོ་རྒྱུས་ཤིག་རྩ་བར་བཟུང་ནས། དེའི་འགྲེལ་བ་ལྟ་བུ་ཞིག་ཡིན།
དེའི་ནང་ཚན་དང་པོར། སྲིད་པའི་བོན་གྱི་རིག་པའི་གནས་ལྔའི་བྱུང་ཁུངས་སྐོར་ཟུར་ཙམ་དང་། གདོད་མའི་བོན་གྱི་གསོ་རིག་སྐོར་བཀོད་ཡོད། དེའང་ལེའུ་དང་པོར། བན་བོན་གཉིས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་། གསོ་རིག་ཁོགས་དབུབས་ཁག་གཞིར་བཞག་སྟེ། རིག་པའི་གནས་ལྔ་སོགས། ཆེས་ཐོག་མར་བོད་མི་རིགས་ཀྱིས་གསར་གཏོད་བྱས་ཚུལ་དང་། དེ་ནས་རྒྱ་དཀར་ནག་སོགས། འཛམ་གླིང་ཐ་གྲུ་ཁག་ལ་དར་ཚུལ། དེ་བཞིན་གཉའ་ཁྲིའི་གོང་དུ་བོད་ཀྱི་ཡུལ་དུ། གསོ་བ་རིག་པ་སོགས། རིག་པའི་གནས་ལྔ་ཡོད་ཚུལ་དང་། བོད་མིས་གསོ་རིག་སྨན་དཔྱད་ལག་ལེན་བྱས་ཚུལ་སོགས་གླེང་ཡོད།། དེའང་གཉའ་ཁྲིའི་གོང་ནས། བོད་ལ། སྨན་རྫས་རིག་པ་དང་། སྨན་སྦྱོར་རིག་པ། རྩ་ཆུ་བལྟ་རེག་དྲི་བ་སོགས། ནད་བརྟག་རིག་པ། དཔྱད་བཅོས་རིག་པ་ལས། མེ་བཙའ་དང་གཏར་ག་དུག་ལུམས་བྱུག་པ། ཐུར་མ་སྨན་མར་སོགས། གསོ་རིག་སྨན་གྱི་གཞུང་ལུགས་ཆ་ཚང་བ་ཞིག་ཡོད་ཚུལ། ལུང་དང་འབྲེལ་བར་གླེང་ཡོད། ལེའུ་གཉིས་པར། གཉའ་ཁྲིའི་སྐབས་སུ། བོད་ལ་གསོ་རིག་སོགས་རིག་གནས་གང་དག་ཡོད་ཚུལ། ལོ་རྒྱུས་ཁག་ནས་གསལ་བ་ལྟར་གླེང་ཡོད། ལེའུ་གསུམ་པར། གཉའ་ཁྲིའི་བཙན་པོའི་རུས་རྒྱུད་བཙན་པོ་འགའི་སྐབས་སུ། བོད་ལ་གསོ་རིག་སོགས་རིག་གནས་དར་རྒུད་ཇི་ལྟར་བྱུང་ཚུལ་གླེང་ཡོད།
ནང་ཚན་གཉིས་པར། ནང་པ་གཤེན་རབ་པའི་རིག་པའི་གནས་ལྔའི་བྱུང་ཁུངས་ལོ་རྒྱུས་ཟུར་ཙམ་དང་། གཡུང་དྲུང་བོན་གྱི་གསོ་བ་རིག་པའི་སྐོར་གླེང་ཡོད། དེའང་ལེའུ་དང་པོར། དམུ་ཞང་ཞུང་གི་རིག་གནས་སམ། ནང་པ་གཤེན་རབ་ཀྱི་རིག་པའི་གནས་ལྔའི་བྱུང་ཁུངས་དང་། རིག་པའི་གནས་ལྔའི་ཐོག་མའི་སྟོན་པའི་སྐོར་བཀོད་ཡོད། དེ་ནས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་རིག་པའི་གནས་ལྔ་ཇི་ལྟར་གཏན་ལ་དབབ་ཚུལ་དང་། འཁོར་ལ་ཇི་ལྟར་གཉེར་གཏད་མཛད་ཚུལ། རིག་པའི་གནས་ལྔའི་མདོ་འབུམ་གཟུངས་གསུམ་མན་ངག་སོགས། རིག་གནས་ལྔའི་བོན་སྡེ་གང་དག་ཡོད་ཚུལ་བཅས་གླེང་ཡོད།
ལེའུ་གཉིས་པར། གསོ་བ་རིག་པ་སོགས། རིག་པའི་གནས་ལྔ་དང་། གཡུང་དྲུང་བོན་གྱི་བསྟན་པ་མདོ་སྔགས་རྫོགས་གསུམ་བཅས། ཐོག་མར་སྐུ་གསུམ་སངས་རྒྱས་ཀྱིས་བསྟན་ཚུལ་དང་། སྐུ་གསུམ་སངས་རྒྱས་ཀྱི་སྐོར་ཅུང་ཙམ་བཀོད་ཡོད། ལེའུ་གསུམ་པར། སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་མདོར་བསྡུས་དང་། དཔྱད་བུ་ཁྲི་ཤེས་སོགས་འཁོར་རྣམས་ལ། གསོ་རིག་སོགས་བོན་སྡེ་གསུང་ཚུལ་དང་། གསོ་རིག་མཁས་དབང་དཔྱད་བུ་ཁྲི་ཤེས་ཀྱི་ལོ་རྒྱུས་མདོར་བསྡུས་གླེང་ཡོད་ལ། དེ་བཞིན་དཔྱད་བུས་མཛད་པའི་གསོ་བ་རིག་པའི་བོན་སྡེ་གང་རྙེད་བཀོད་ཡོད། དེ་ནས་དཔྱད་བུས་ཏ་ཟིག་མཁས་པ་དམུ་ཙ་ཏྲ་ཧེ་སོགས་ལ། གསོ་བ་རིག་པ་སོགས་རིག་གནས་བརྒྱུད་སྤྲོད་ཇི་ལྟར་མཛད་ཚུལ་སྐོར་གླེང་ཡོད། དེ་བཞིན་གསོ་བ་རིག་པ་སོགས། རིག་པའི་གནས་ལྔ། འཛམ་གླིང་མཁས་པའི་རྒྱན་དྲུག་གིས། རང་རང་གི་ཡུལ་དུ་ཇི་ལྟར་སྤེལ་ཚུལ་དང་། ཞང་བོད་མཁས་པ་མི་བཞི་ལ་བརྒྱུད་ཚུལ་བཅས་རགས་ཙམ་གླེང་ཡོད་ལ། ཞང་བོད་མཁས་པ་མི་བཞིའི་སྐབས། བོད་དུ་གསོ་རིག་སོགས་རིག་པའི་གནས་ལྔ་ཇི་ལྟར་དར་ཚུལ་དང་། དེ་བཞིན་ཞང་བོད་མཁས་པ་མི་བཞི་ནས། ཁྲི་སྲོང་ལྡེ་བཙན་སྐབས་བར་དུ། གསོ་བ་རིག་པ་སོགས། རིག་པའི་གནས་ལྔ་རིམ་པར་བརྒྱུད་སྤྲོད་བྱས་ཚུལ། ཁྲི་སྲོང་སྐབས་གསོ་རིག་འབུམ་བཞི་སོགས་བོན་སྡེ་རྣམས། གཏེར་དུ་སྦས་ཚུལ་བཅས་གླེང་ཡོད།
ནང་ཚན་གསུམ་པར། གསོ་རིག་སོགས་བོན་སྡེ་ཕྱི་དར་སྐོར་གླེང་ཡོད། དེའང་ལེའུ་དང་པོར། གཏེར་གནས་ཁག་འདྲ་མིན་ནས། གཏེར་བཏོན་འགས། གསོ་རིག་འབུམ་བཞི་སོགས། བོན་སྡེ་རྣམས་གཏེར་ནས་ཇི་ལྟར་ཐོན་ཚུལ་དང་། གཏེར་སློབ་ལ་བརྒྱུད་ཚུལ་བཅས་རགས་ཙམ་གླེང་ཡོད། ལེའུ་གཉིས་པར། བསྟན་པ་ཕྱི་དར་ནས་ད་ལྟའི་བར། གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་ཞིག་པོ་སོགས་ལས། གསོ་རིག་འབུམ་བཞིའི་རྒྱུད་འཛིན་ལྷ་རྗེ་ཇི་ལྟར་བྱུང་ཚུལ་དང་། དེ་དག་ལས་རང་གི་མཐོང་ཐོས་བྱུང་བའི་ལྷ་རྗེ་ཁག་གི་ལོ་རྒྱུས་ཟུར་ཙམ་རེ་བཀོད་ཡོད། ལེའུ་གསུམ་པར། དང་པོ་གསོ་རིག་འབུམ་བཞི་དང་རྒྱུད་བཞི་ལས་འཕྲོས་པའི། དགག་སྒྲུབ་ཀྱི་བགྲོ་གླེང་འགའ་ཞིག དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་ཡོད་ལ། གཉིས་པར། གསོ་རིག་འབུམ་བཞི་གཏེར་བཏོན་མཁན་དང་། གཏེར་གནས་མི་འདྲ་བར་རྟེན། འབུམ་བཞིའི་འཇུག་བྱང་ཀྱང་འདྲ་མིན་བྱུང་བ་ཁག་གཅིག་བཀོད་ཡོད་པ་བཅས་སོ། །
ཟུར་བཀོད་དང་པོར། གསོ་རིག་འབུམ་བཞི་དང་རྒྱུད་བཞིའི་གཞུང་གཉིས་དཔྱད་བསྡུར་རགས་ཙམ་བྱས་ཏེ། འབུམ་བཞི་དང་རྒྱུད་བཞི་གཉིས་ཀར། སྨན་རྫས་རིག་པའི་ཐོག་ནས་བལྟས་ན། བོད་གཤིས་ཆེས་ཆེ་བ་མ་ཟད། གཏོ་བཅོས་དང་རིམ་གྲོ་གཏོར་མ་གླུད་སྔགས་སོགས། བོན་ཆོས་ཀྱི་ཤུགས་རྐྱེན་ཐེབས་ཆེ་ཚུལ་ལ་བརྟག་ནའང་། འབུམ་བཞི་ནི། ཆེས་གནའ་དུས་བསྐལ་པ་ཡ་ཐོག་སྐབས་ནས། སྒང་པ་བོད་ཀྱི་ནད་ཐོག་ལ་སྨན་བཅོས་བྱས་ནས་བྱུང་བས། གནའ་བོའི་བོད་མི་རྒད་པོའི་ཉམས་མྱོང་གི་སྨན་དཔྱད་རིག་པ་ཞིག་ཡིན་པ་དང་། དེ་ནས་སྟོན་པ་གཤེན་རབ་མི་བོས། སྒང་པ་བོད་ཀྱི་གསོ་རིག་དེ་དག་ཐམས་ཅད། ཕྱོགས་བསྡུས་དང་ལེགས་བསྒྲིགས་སྣོན་འཕྲི་ལེགས་བཅོས་སོགས། གང་ལ་གང་འཚམ་མཛད་སྟེ། གསོ་རིག་འབུམ་བཞི་ཞེས་པ་གཏན་ལ་དབབ་མཛད་པ་དང་། དེ་ནས་གསོ་རིག་དེད་དཔོན་དཔྱད་བུ་ཁྲི་ཤེས་ནས། དུས་རབས་བཅུ་པ་ཡན་དུ། བོད་ཀྱི་གསོ་རིག་འཛིན་པའི་ལྷ་རྗེ་རྣམས་ལ་རིམ་བཞིན་བརྒྱུད་ཡོད་པ་དང་། སྐབས་རིམ་བྱུང་གི་བོད་ཀྱི་གསོ་རིག་མཛོད་འཛིན་ལྷ་རྗེ་མཁས་དབང་ཚོས། གསོ་རིག་འབུམ་བཞིར། རང་རང་གི་ཉམས་མྱོང་དང་། ཡུལ་ཕྱོགས་གཞན་གྱི་གསོ་རིག་གིས་སྙིང་བཅུད་བསྡུ་ལེན་མཛད་ནས། འབུམ་བཞིར་ཟུར་རྒྱན་གྱི་ཚུལ་དུ་ཁ་སྣོན་ཡང་ཡང་བྱས་ཏེ། ད་ལྟའི་མ་ལག་ཆ་ཚང་བའི་གསོ་རིག་འབུམ་བཞི་འདི་གྲུབ་ཡོད་ཚུལ་གླེང་ཡོད། དེ་བཞིན་རྒྱུད་བཞིའང་ཤཱཀྱའི་ཆོས་བོད་དུ་དར་རྗེས་དུས་རབ་བཅུ་གཅིག་པའི་ཡས་མས་སུ། གསོ་རིག་འབུམ་བཞིའི་མིང་ཚིག་འགའ་ཞིག་བཅོས་བསྒྱུར་ཏོག་ཙམ་བྱས་ཡོད་པ་ལས། དོན་དུ་རྒྱ་དཀར་ནག་གང་ནས་ཀྱང་བསྒྱུར་འོང་བས་གསོ་བ་རིག་པ་ཞིག་མ་ཡིན་པར། མཐོ་སྒང་བོད་ཀྱི་གསོ་རིག་འབུམ་བཞི་རང་ལས་གྲུབ་ཡོད་ཚུལ་གླེང་ཡོད། ཟུར་བཀོད་གཉིས་པར། ཀླུ་འབུམ་དུ་འཁོད་པའི། གནའ་བོའི་བོད་མིའི་ཉམས་མྱོང་ལས་ཤེས་རྟོགས་བྱུང་བས། བ་མོའི་ཞོ་འོ་མ་མར་གཅིན་སྙི་བ་སོགས་ཀྱིས་ནད་གང་དག་ལ་ཕན་ཚུལ་དང་། དེ་བཞིན་སྲོག་ཆགས་ཀྱི་ཤ་ཁྲག་ནང་ཁྲོལ་དོན་སྣོད་སོགས་ཀྱིས་ནད་གང་དག་ལ་ཕན་ཚུལ། དེ་བཞིན་སྨན་རྫས་རིག་པ་སྟེ། ནུས་པ་རྐྱང་སེལ་སྐོར་འཁོད་པ་རྣམས་བཀོད་ཡོད། ཟུར་བཀོད་གསུམ་པར། གཏོད་འབུམ་དུ་འཁོད་པའི། ཏ་ཟིག་ཚོང་དཔོན་ལ། བོན་གཤེན་གྱིས་གསོ་རིག་བསྟན་ཚུལ་བཀོད་ཡོད། དེར་ནད་བརྟག་ཐབས་རིག་པ་དང་། ནད་ངོས་འཛིན་རིག་པ། སྨན་རྫས་རིག་པ། སྨན་སྦྱོར་རིག་པ། དཔྱད་བཅོས་རིག་པ་སོགས། གསོ་རིག་ཆ་ཚང་བར་བསྟན་འདུག་པ་རྣམས་བཀོད་ཡོད།
སྡེ་ཚན་གཉིས་པ་ཕྱྭ་ཡི་རིག་གནས་སྐོར། མོ་རྩིས་གཏོ་དཔྱད་བཞི་སྟེ། ཕྱྭ་གཤེན་ཐེག་པའི་ལྟ་སྤྱོད་དམ་ཚིག་བཅས། སངས་རྒྱས་ཀྱི་བཀའ་ལས་འབྱུང་བ་ཁག་གཅིག་བཀོད་ཡོད་ལ། གཏོ་ཞེས་པ་བོན་སྒོ་གང་དག་ལ་ངོས་འཛིན་དགོས་ཚུལ་དང་། དེར་དམར་མཆོད་འདྲེས་ཡོད་མེད་བཅས་གླེང་ཡོད།
སྡེ་ཚན་གསུམ་པ་འབྱུང་རྩིས་རིག་པའི་སྐོར། གཤེན་རྩིས་རྣམ་དག་དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ནག་རྩིས། མང་གའི་ཅན་གཤིན་རྩིས་གྲུབ་གཉིས་གཅེས་བཏུས། སྤ་འབྲུག་གི་གཤིན་རྩིས། ག་རྒྱ་ཁྱུང་སྤྲུལ་གྱི་གཤིན་རྩིས། མཁན་ཉི་མའི་སྐར་རྩིས། དེ་བཞིན་མཐའ་ཞུ་བླ་བྲང་གི་འབྱུང་རྩིས་ཐོར་བུ་ཁག་གཅིག་བཅས་གཞིར་བཞག་སྟེ། འབྱུང་རྩིས་ཀྱི་སྔོན་འགྲོ་དང་། བོན་ལུགས་གཤིན་རྩིས་ཆ་ཚང་ཞིག་ཁ་གསལ་ཞིང་གོ་བདེ་བར་བཀོད་ཡོད།
སྡེ་ཚན་བཞི་པ་རི་ཆུའི་རིག་གནས་སྐོར། མ་རྒྱུད་ཀྱི་གནས་ཆེན་ཉེར་བཞི་གནས་ལག་དང་བཅས་པ། རྩ་བ་མ་རྒྱུད་ལས་བྱུང་བ་དེ་གཞིར་བཞག་ནས། དེ་ལ་འགྲེལ་པའི་ཚུལ་དུ་ལུང་གཞན་དང་འབྲེལ་བར་ངོས་འཛིན་གང་ཐུབ་བྱས་ཡོད།
སྡེ་ཚན་ལྔ་པ་གནའ་སྲོལ་རིག་གནས་སྐོར། འགོ་བའི་ལྷ་ལྔ་དང་། སྐྱོབ་པའི་ལྷ་དགུའི་ངོས་འཛིན་དང་། དེ་དག་འགྲོ་བ་མི་ལ་རང་བཞིན་དུ་ཇི་ལྟར་འགོ་ཚུལ། ལྷ་དེ་དག་གིས་འགྲོ་བ་མི་ལ་མགོན་སྐྱོབ་སྡོང་གྲོགས་ཇི་ལྟར་བྱེད་ཚུལ། དེ་དག་ལ་ནམ་རྒྱུན་བསང་གསོལ་ཆད་མེད་དགོས་ཚུལ། ལྷ་སྲུང་གིས་རང་ཉིད་ལ་མགོན་སྐྱོབ་བྱེད་པར། མི་སོ་སོས་མནོལ་གྲིབ་དང་། མནའ་སྡིག་ལ་འཛེམས་དགོས་ཚུལ། རང་ཉིད་ཀྱི་ལུས་ལྷ་ཡལ་འགྲོ་བའི་རྐྱེན། ལྷ་ལ་ཕོག་ཐུག་དང་འགྲམ་འཁྲུག་མཁོན་འགྲས་བཅས། མི་འགྲོ་བར་གཟབ་དགོས་ཚུལ་སོགས། བཀའ་དང་བཀའ་བརྟེན་ཁག་ལས། ཇི་ལྟར་འབྱུང་བ་བཞིན་བཀོད་ཡོད།
ཟུར་བཀོད་གནའ་དཔེ་རིག་པར། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་གསུང་རབ་འབུམ་ལས་བྱུང་བའི་རིག་པའི་གནས་ལྔའི་སྐོར་ཞིག་དང་། གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་སྨན་ཞིག་འགའ་ཞིག་ཀློག་པ་པོར་དཔྱད་གཞིའི་ཚུལ་དུ་བཀོད་ཡོད་པ་བཅས། རྩོམ་པ་པོས། ཡེ་ལོ་༢༠༢༡ལོའི་ཟླ་༦པའི་༡ཉིན་རྐོང་ཡུལ་བྲེ་སྣ་ནས་བཏེགས་སོ། །
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་བཞི་པ་འདིར། རབ་བྱུང་བཅུ་པའི་ཆུ་སྟག་༡༦༦༢ལོར་འཁྲུང་པའི། མཁས་དབང་དགེ་གྲགས་ཀྱིས་མཛད་པ། གཤེན་བསྟན་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི། གཞི་ལམ་འབྲས་བུའི། སྨོན་ལམ་དེ་ཉིད་གཞིར་བཞག་ནས། གཤེན་བསྟན་གཡུང་དྲུང་བོན་གྱི་གཞི་ལམ་འབྲས་བུའི་རྣམ་བཞག་སྟེ། གཞིའི་ལྟ་བ་ཇི་ལྟར་གཏན་ལ་དབབ་ལུགས་བཀའ་ཡི་འཁོར་ལོ་ཞེས་པར་བཀོད་ཡོད་ལ། ལམ་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ། མདོ་སྔགས་རྫོགས་གསུམ་བཅས་ཀྱི་ལྟ་སྒོམ་སྤྱོད་པ་ཇི་ལྟར་ཡིན་པ་ལུང་གི་འཁོར་ལོར་བཀོད་ཡོད། དེའང་སངས་རྒྱས་གཤེན་རབ་མི་བོས། བོན་གྱི་འཁོར་ལོ་རིམ་པ་གསུམ་བསྐོར་གནང་བ་དང་རྗེས་སུ་མཐུན་པར། ལུང་གི་འཁོར་ལོར་ནང་གསེས་འཁོར་ལོ་གསུམ་དུ་དབྱེས་ཡོད། འཁོར་ལོ་དང་པོར། ཕྱི་སྤོང་ལམ་འདུལ་བ་མདོ་ཡིས། གཞིའི་ལྟ་བ་ཇི་ལྟར་གཏན་ལ་དབབ་ལུགས་དང་། ལམ་ལྟ་སྒོམ་སྤྱོད་པ་ཇི་ལྟར་ཉམས་སུ་ལེན་ཚུལ། མཐར་ཐུག་འབྲས་བུ་ཅི་ལྟར་ཐོབ་ཚུལ་བཅས་བཀོད་ཡོད། འཁོར་ལོ་གཉིས་པར། ནང་བསྒྱུར་ལམ་གསང་བ་སྔགས་ཀྱིས། གཞིའི་ལྟ་བ་ཇི་ལྟར་གཏན་ལ་དབབ་ལུགས་དང་། ལམ་ཏིང་འཛིན་རྣམ་གསུམ། བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་བསྙེན་སྒྲུབ་ལས་གསུམ་ཇི་ལྟར་ཉམས་སུ་ལེན་ཚུལ། འབྲས་བུ་རིག་འཛིན་རྣམ་བཞི་ཅི་ལྟར་འགྲུབ་ཚུལ་བཅས་བཀོད་ཡོད། འཁོར་ལོ་གསུམ་པར། རྫོགས་པ་ཆེན་པོས། གཞི་ལྟ་བ་ཅི་ལྟར་གཏན་ལ་དབབ་ལུགས། ལམ་ཁྲིགས་ཆོད་དང་ཐོད་རྒལ་ཇི་ལྟར་ཉམས་སུ་ལེན་ལུགས། འབྲས་བུ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འོད་སྐུར་ཇི་ལྟར་འགྲུབ་ཚུལ་བཅས། མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ནས་ཇི་ལྟར་འབྱུང་བ་ལྟར་བཀོད་ཡོད། མཇུག་ཏུ་མཐར་ཐུག་གི་འབྲས་བུ་ཇི་འདྲ་ཞིག་ཐོབ་ཚུལ་རིག་པའི་འཁོར་ལོ་ཞེས་པ་བཅས། སངས་རྒྱས་གཤེན་རབ་མི་བོའི་བཀའ་ལུང་ཁག་གཞིར་བཞག ད་རུང་བཞེད་པ་མི་མཐུན་པའི་རིགས་དང་། གལ་གནད་ཁག་ལ། འཕགས་མཆོག་སེམས་དཔའི་བཀའ་བརྟེན་ཁག་གིས། གསལ་ཁ་གཏོད་གང་ཐུབ་བྱས་ཡོད་ལ། རང་གི་རིག་པས་དཔྱད་གླེང་གང་དཔོགས་དང་། སློབ་དཔོན་གྱིས་ཞལ་ཁྲིད་མན་ངག་རྣམས་རྩལ་དུ་སྟོན་ནས། བསེད་བཀྲོལ་གང་ཐུབ་ཐུབ་བྱས་ཡོད། དེབ་འདིའི་སྤྱི་ཁོགས་དབུབས་ལུགས་ནི། སྤྱིར་གཡུང་དྲུང་བོན་ལུགས་ཀྱི་གཞི་དང་ལམ་དང་། འབྲས་བུ་བཅས་སྡེ་ཚན་ཆེན་པོ་གསུམ་དུ་ཕྱེས་ཤིང་། དེ་ཡང་བོན་ལུགས་ཀྱི་ལྟ་བའི་རྨང་གཞི་རྫོགས་པ་ཆེན་པོའི་གཞིའི་ཁོགས་ཇི་ལྟར་དབབ་ཚུལ། སེམས་ཀློང་མན་ངག་སྡེ་གསུམ་གྱི་གཞུང་སོ་སོར་ནས་ཇི་ལྟར་བསྟན་པ་ལྟར་བཀོད་ཡོད་ལ། ལམ་མདོ་སྔགས་རྫོགས་གསུམ་སོ་སོས་སྤོང་བསྒྱུར་གྲོལ་གསུམ་གྱི་སྒོ་ནས་སྒྲུབ་པའི། བོན་སྒོ་ཕྱི་ནང་གསུམ་སོ་སོར་མཐར་ཐུག་གི་འབྲས་བུ་ཇི་ལྟར་ཐོབ་ཚུལ་བཅས་རིམ་པར། སངས་རྒྱས་ཀྱི་བཀའ་དང་བཀའ་བརྟེན་ཁག་ལས། ཇི་ལྟར་བསྟན་པ་རྣམས་མདོར་བསྡུས་ནས་བཀོད་ཡོད། དེའང་མདོའི་གཞི་ལམ་འབྲས་བུའི་རྣམ་བཞག་བསྟན་ཞོར། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞལ་སྔ་ནས། ཐེག་འགྲེལ་མེ་ལོང་དགུ་བསྐོར་གྱི་དཔེ་ཁྲིད་ཐོབ་སྐབས་ཟིན་བྲིས་ཁག་གཞིར་བཞག་ནས། བོན་ལུགས་དབུ་མའི་ལྟ་བའི་སྐོར་གླེང་སློང་བྱས་ཡོད། དེའང་དུས་རབས་བཅུ་གསུམ་པ་ཡན་དུ། བོན་རང་ལུགས་ཀྱི་དབུ་མའི་ལྟ་བར། དོན་དམ་བདེན་པ་བློ་འདས་ཡིན་པར་བཞེད་སྲོལ་ཞིག་དང་། ཕྱིས་སུ་འགའ་ཞིག་གིས་དབུ་མའི་ལྟ་བ་སྟོང་ལྟ་མེད་དགག་རྐྱང་པར་འདོད་ཚུལ་དང་། འགའ་ཞིག་གིས་བདེན་གཉིས་དབུ་མའི་ལྟ་བ་དོན་དམ་བློས་བཟུང་བྱ་ཡིན་པར་འདོད་མཁན་བཅས་ལ། སངས་རྒྱས་ཀྱི་བཀའ་དང་བཀའ་བརྟེན་ཁག་ལས། ལུང་འདྲེན་དང་བཅས་དབུ་མའི་ལྟ་བ་དོན་དམ་ཞེས་པ། བློས་བཟུང་བྱ་ཡིན་མིན་དང་། བློ་འདས་ཡིན་མིན་བཅས། ཐེག་རིམ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལྟར་བགྲོ་གླེང་གིས་ཚུལ་དུ་ཅུང་ཙམ་མོལ་ཡོད། གསང་སྔགས་ཀྱི་གཞི་ལམ་འབྲས་བུའི་རྣམ་བཞག་དང་སྒྲུབ་ཐབས་འཕྲིན་ལས་བསྟན་ཞོར། གསང་སྔགས་འཆང་བ་རྣམས་གསང་སྔགས་ཀྱི་སྒྲུབ་པར་ཞུགས་དུས། ཚིག་དོན་ཟུང་འབྲེལ་དང་། ལྟ་སྤྱོད་ཟུང་འབྲེལ་ཇི་ལྟར་དགོས་ཚུལ། སྦྱང་བྱ་སྦྱོང་བྱེད་ཇི་ལྟར་སྦྱོང་ཚུལ་སོགས། བཀའ་དང་ལུང་ལས་ཇི་ལྟར་འབྱུང་བ་ཁག་གཞིར་བཞག་ནས། དེ་ལ་རང་གི་རིག་པས་དཔྱད་དེ། གསལ་ཁ་གཏོད་གང་ཐུབ་བྱས་ཏེ་གླེང་ཡོད། རྫོགས་པ་ཆེན་པོའི་སེམས་ཀློང་མན་ངག་སྡེ་གསུམ་གྱི། གཞི་ལམ་འབྲས་བུའི་རྣམ་བཞག་བསྟན་ཞོར་དུ། རྫོགས་པ་ཆེན་པོའི་གནས་ལུགས་ངོ་སྤྲོད་གདབ་ལུགས་དང་། གནས་ལུགས་ཀྱི་ངོ་བོ་སྐྱོང་ཚུལ་སོགས། སྟོད་གྲྭ་ས་གོང་འོག་གི་བཞེད་སྲོལ་ཇི་ལྟར་ཡིན་པ། སྨན་རིའི་ཡོངས་འཛིན་དཔོན་སློབ། བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་དྲུང་ནས་བཀའ་རྒྱུད་སྐོར་བཞིའི་ཞལ་ཁྲིད་ཐོབ་སྐབས། ཇི་ལྟར་ཐོས་པ་བཞིན་གླེང་ཡོད་ལ། དེ་བཞིན་རིན་པོ་ཆེའི་གསུང་རྩོམ་ཁག་ཏུ་ཁ་གསལ་འཁོད་པ་འགའ་ཡང་ལུང་འདྲེན་ཞུས་ཡོད། བར་ཁྱུང་ཡུལ་མེ་སྟོན་གོང་འོག་གིས། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ཁྲིད་རྒྱུན་ལྟར། གནས་ལུགས་ཇི་ལྟར་ངོ་སྤྲོད་ཚུལ་དང་གནས་ལུགས་ཀྱི་ངོ་བོ་སྐྱོང་ཚུལ་རྣམས། མེ་སྟོན་ལྷུན་གྲུབ་རྒྱལ་མཚན་མཆོག་དང་དབུ་མཛད་གཡུང་དྲུང་དབང་གྲགས་དྲུང་ནས། རང་གི་ཞལ་ཁྲིད་ཐོབ་པ་ལྟར་གླེང་ཡོད། དེ་བཞིན་སྨད་ཤར་རྫ་འཇའ་ལུས་པས། གནས་ལུགས་ཅི་ལྟར་ངོ་སྤྲོད་ཚུལ་དང་། གནས་ལུགས་ཀྱི་ངོ་བོ་ཇི་ལྟར་སྐྱོང་ཚུལ་རྣམས། ཁྲ་དགོན་མཁན་སྐལ་བཟང་གཡུང་དྲུང་དང་། རྩེ་དྲུག་སྒྲུབ་མཁན། འབྲུག་པ་གཙུག་ཕུད། ཁྱུང་ནག་བསམ་གཏན་གླིང་གི་བླ་མ། མཐའ་ཞུ་པད་མ་ཀུན་ལེགས། རྣལ་འབྱོར་བོན་དབྱིངས་རང་གྲོལ། ཚེ་མཚམས་པ་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེ་སོགས་ཀྱི་དྲུང་ནས། ཞལ་ཁྲིད་མན་ངག་ཐོབ་པ་རྣམས་ཇི་བཞིན་གླེང་ཡོད། མདོར་ན་སྟོད་སྨད་བར་གསུམ་གྱི་རྫོགས་པ་ཆེན་པོའི། གནས་ལུགས་ངོ་སྤྲོད་གདབ་ཚུལ་དང་། གནས་ལུགས་ཀྱི་ངོ་བོ་སྐྱོང་ཚུལ་རྣམས། ཆུ་ནང་དུ་ཆུ་བླུགས་པ་ཅི་བཞིན་རོ་གཅིག་ཡིན་མིན་དང་། ཁྱད་པར་ཡོད་མེད་སོགས་གསལ་བར་བསྟན་ཡོད། དེ་བཞིན་སངས་རྒྱས་ཀྱི་བཀའ་དང་བཀའ་བརྟེན་ལ་དཔེ་བལྟ་བྱས་པ་དང་། བླ་མ་དང་སློབ་དཔོན་དེ་དག་གི་ཞལ་ཁྲིད་ཀྱིས་བཀའ་དྲིན་ལས། རང་གིས་སྔོན་མ་ཞིག་ནས་གནས་ལུགས་ཀྱི་དོན་མ་ནོར་བ་རྟོགས་ཤིང་། གནས་ལུགས་ཀྱི་ངོ་བོ་སྐྱོང་བར། ངེས་ཤེས་ཡིད་ཆེས་ཇི་ལྟར་སྐྱེས་པ་སོགས། གནས་ལུགས་ཀྱི་ངོ་བོ་སྐྱོང་ཚུལ་ཞིབ་ཕྲར་གླེང་ཡོད། ལར་གཤེན་བསྟན་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་གཞུང་ཆེན་ཁག་གི་ཡང་བཅུད་སྙིང་པོ་རྣམས། ཕྱོགས་གཅིག་ཏུ་བཀོད་ནས། རིག་པས་རྩལ་དུ་བཏོན་ནས་དཔྱད་གླེང་བྱས་པའི་མཐུ་སྟོབས་ནུས་པ་བྱིན་རླབས་བཅས་ཀྱིས། ད་ལྟ་དང་མ་འོང་པར། སངས་རྒྱས་གཤེན་རབ་མི་བོའི་རིང་ལུགས་དྲི་མ་མེད་པ། དབུ་མ་སྤྲོས་བྲལ་གྱི་ལྟ་བ་ཡང་དག་པ་རྟོགས་པའི་རྒྱུ་དང་། གསང་སྔགས་འཆང་བ་རྣམས། ཚེ་འདི་དང་ཕྱི་མར་གྲུབ་པའི་རྟགས་མཚན་རེ་ཐོན་པའི་རྐྱེན། ནགས་ཚལ་མཚོ་གླིང་བྲག་ཕུག་སྐྱིལ་བུ་སོགས་སུ། གནས་ལུགས་ཐིག་ལེ་ཉག་གཅིག་ཉམས་ལེན་མཛད་མཁན། རྣལ་འབྱོར་ཕོ་མོ་རྣམས། གནས་ལུགས་ཀྱི་ངོ་བོ་མ་ནོར་བ་ངོ་འཕྲོད་པའི་གྲོགས་སུ་གྱུར་སྟེ། གནས་ལུགས་རིག་པའི་ཡེ་ཤེས་རྒྱུད་ལ་འཆར་ཞིང་། ཡེངས་མེད་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་རྒྱུ་རྐྱེན་རྟེན་འབྲེལ་ལས། རྣལ་འབྱོར་འཁྲུལ་ཞིག་ཕོ་མོ་ས་ཡི་རྡུལ་གྲངས་ལས་འདས་པར་འཕེལ་ནས། དེ་དག་ཐམས་ཅད་ཚེ་གཅིག་ལུས་གཅིག་ལ་བློ་ཟད་བོན་ཟད་སྟེ། འཇའ་ལུས་འོད་སྐུར་འགྲུབ་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ནས། མཁའ་མཉམ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར་བར་སྨོན། དེ་བཞིན་གཤེན་བསྟན་གཡུང་དྲུང་བོན་ལ་རྒྱུས་མངའ་དེ་ཙམ་མེད་མཁན་དང་། གཡུང་དྲུང་བོན་གྱི་གཞུང་ཆེན་ཁག་ལ་གཟིགས་རྟོགས་མི་ཐུབ་པ་ཚོས། དཔེ་ཆ་འདི་ལས། གཡུང་དྲུང་བོན་གྱི་བསྟན་པ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་། གསས་མཁར་སུམ་བརྒྱ་དྲུག་བཅུ། ཐེག་པ་རིམ་དགུ། བོན་སྒོ་བཞི་མཛོད་ལྔ། མདོ་སྔགས་རྫོགས་གསུམ། དབུ་མ་བདེན་གཉིས། གནས་ལུགས་ཐིག་ལེ་ཉག་གཅིག་ཅེས་པ་རྣམས། གང་དང་གང་ཡིན་པ་ཟུར་ཙམ་ཤེས་རྟོགས་འབྱུང་ངེས་ལ། གཤེན་བསྟན་གཡུང་དྲུང་བོན་གྱི་གཞི་ལམ་འབྲས་བུའི་རྣམ་བཞག་ཇི་ལྟར་ཡིན་པའང་རགས་ཙམ་རྟོགས་ཐུབ། དེ་བཞིན་གཡུང་དྲུང་བོན་པོ་རྣམས་ཀྱིས། གཞིའི་ལྟ་བ་ཇི་འདྲ་ཞིག་རྟོགས་པ་དང་། ལམ་སྒོམ་པ་ཇི་འདྲ་ཞིག་ཉམས་སུ་ལེན་པ། འབྲས་བུ་སངས་རྒྱས་ཇི་ལྟར་ཐོབ་པ་བཅས་རྒྱུས་ལོན་ངེས་ཡིན། ཞེས་རྩོམ་སྒྲིག་པས་བོད་ཆུ་སྟག་ལོའི་ཧོར་ཟླ་ལྔ་པའི་ཚེས་དྲུག་ཉིན་རྐོང་ཡུལ་བྲེ་སྣ་ནས་བཏེགས་སོ། །ཐ་ཚན་མུ་ཙུག་སྨར་རོ། །དགེའོ། །བཀྲ་ཤིས་སོ།།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་ལྔ་པར། ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་ལྔ་པར། གཤེན་བསྟན་གཡུང་དྲུང་བོན་གྱི། གཞི་ལམ་འབྲས་བུའི་རྣམ་བཞག་སྐོར་བསྟན་པའི། མདོ་སྔགས་རྫོགས་གསུམ་གྱི་བཀའ་དང་བཀའ་བརྟེན་འགའི་བྱུང་ཁུངས་ལོ་རྒྱུས་སྐོར་མཚམས་སྦྱོར་མདོར་བསྡུས་ཞུས་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་དྲུག་པ་རུས་མཛོད་དེབ་ཐེར་ནག་པོ་སྟོད་ཆའི་ནང་། དུས་རབས་བཅུ་གསུམ་པ་ཡན་གྱི། བོན་གྱི་ལོ་རྒྱུས་རྙིང་པ་ཁག་ལ་གཞིར་བྱས་ནས། བོན་ལུགས་ཀྱི་སྒོང་སྐྱེས་ལྟ་བའི་ཕྱི་སྣོད་དང་ནང་བཅུད་ཆགས་ཚུལ། ལྷ་ཀླུ་གནོད་སྦྱིན་སྤྲེའུ་བྲག་སྲིན་བཅས་ལས། འགྲོ་བ་མི་རིགས་བྱུང་ཚུལ། ཕྱྭ་དམུ་གཙུག་གསུམ་དང་། རུས་ཆེན་སྡེ་བཞི་སྟེ། ལྡོང་མེ་ཉག དམུ་ཞང་ཞུང་། ཏོང་སུམ་པ། སེ་འ་ཞ་བཅས་ཀྱི་རུས་ཁུངས་དང་། རུས་ཚན་མཆེད་ཚུལ། དེ་དག་གནས་ཡུལ། དེ་ནས་མིའུ་ལྡོང་དྲུག་སྒོ་དང་བདུན་སྟེ། ཕུ་བོ་ལྡོང་། གཉན་ཚ་དབྲ་དང་འབྲི། དམུ་ཚ་སྒ། ནུ་བོ་སྲིན་ཚ་སྤ་སྡ་གཉིས། ཞང་པོ་སྒོ་བཅས་ཀྱི་རུས་ཁུངས་དང་། རུས་ཚན་མཆེད་ཚུལ། དེ་དག་གི་གནས་ཡུལ། དེ་དག་ལས་རྒྱ་བོད་ཧོར་གསུམ། སོག་པོ་འཇང་མོན་སོགས་ཀྱི་རུས་ཚན་མཆེད་ཚུལ་དང་། གནས་ཡུལ་བཅས་རགས་ཙམ་གླེང་ཡོད། དེ་དག་དང་འབྲེལ་ནས་དབང་མཛད་བཅུའི་རུས་ཁུངས་དང་རུས་ཚན་མཆེད་སའི་གནས་ཡུལ། རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཅུ་གསུམ་གྱི་གནས་ཡུལ་སྐོར་བཅས་བཀོད་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་བདུན་པ་རུས་མཛོད་དེབ་ཐེར་ནག་པོ་སྨད་ཆའི་ནང་། འཛམ་གླིང་འོལ་མོ་ལུང་རིང་ངོས་འཛིན་དང་། སྟོན་པ་སངས་རྒྱས་ཀྱི་ལོ་རྒྱུས་ཟུར་ཙམ། དེའི་རྗེས་འཇུག་ཞང་ཞུང་སྙན་རྒྱུད་ཀྱི་བླ་རྒྱུད་དང་། མ་རྒྱུད་སངས་རྒྱུད་གསུམ་གྱི་བླ་རྒྱུད། སྤྱི་སྤུངས་སྐོར་གསུམ་གྱི་བླ་རྒྱུད་རྣམས་ཀྱི་ལོ་རྒྱུས་རགས་ཙམ་རེ་དང་སྒྲུབ་གནས་ངོས་འཛིན། བོད་ཀྱི་བཙན་པོའི་རྒྱལ་རབས། ཞང་བོད་འདུལ་བའི་རྒྱུད་རིམ་བླ་མ། ཕྱི་དར་གཏེར་སྟོན་འགའི་བོན་གཏེར་ཇི་ལྟར་ཐོན་ཚུལ། གཤེན་དང་བྲུ་ཞུ་སྤ་རྨེའུ་སྨོན་རྒྱལ། ཁྱུང་པོ། མཐའ་བཞི། མེ། ཞང་ཞུང་། སུམ་པ། འ་ཞ། ཏྲེ། རྒྱ། སྐམ། ཞིག་པོ་དགུ་དང་ཞིག་ཆེན་བཅོ་བརྒྱད། འཕགས་གདུང་གསུམ་བཅས་ཀྱི་རུས་ཁུངས་དང་། ལོ་རྒྱུས་སོགས་རགས་ཙམ་གླེང་ཡོད། དེ་ནས་དེབ་ཐེར་འདི་དང་འབྲེལ་ཡོད་བསྟན་རྩིས་ལོ་ཚིགས་སྐོར་ལ། དང་པོ་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེ་མི་ལོ་དུ་ཙམ་བཞུགས་ཚུལ་དང་། དུས་ནམ་ཙམ་ནས་བྱོན་ཚུལ་བཅས་གླེང་ཡོད། དེ་ནས་སྟོན་པ་སངས་རྒྱས་ཀྱི་འཁྲུངས་འདས་ལོ་ཚིགས། བཞེད་པ་མི་འདྲ་བ་དུ་མ་བཀོད་ཡོད། དེ་ནས་ཕྱིས་བྱོན་བླ་མ་རྣམས་ལས། འཁྲུངས་ལོ་རང་གི་ངེས་པ་གང་རྙེད་དཔྱད་གཞིར་བཀོད་ཡོད་པ་ལས། འཁྲུངས་འདས་ལོ་ཚིགས་དོགས་གཞི་ཅན་རྣམས་གནས་སྐབས་བཀོད་མེད། རུས་མཛོད་དེབ་ཐེར་ནག་པོ་ཞེས་བཏགས་དོན་ནི། རང་གི་སྐྱེ་སའི་ཕ་ཡུལ་ཁྱུང་པོ་ནག་རུ་ཡིན་པ་དང་། ཕ་མྱེས་ཀྱི་ཡི་དམ་དབལ་ཕུར་ནག་པོ་ཡིན་པ། སྲུང་མ་སྲིད་རྒྱལ་དྲེལ་ནག་ཡིན་པ་བཅས་དང་། ཕ་མེས་དུས་ནས་སྲུང་སྐུད་ནག་པོ་མདུད་པ་དགུ་ཅན་ལ། ཨཱ་ཨ་བྷི་ཡ་ནག་པོ་རྦད་སོད་སྭ་ཧཱ་དང་། མ་ན་ཤ་པ་ཏ་གཉིས། འབུམ་བཅུ་རེའི་སྔགས་ནས། སྲུང་བྱ་ཡོན་བདག་ལ་བཏགས་ན། ཆུ་བདག་ནག་པོའི་གནོད་པ་སྲུང་ཐུབ་པར་བཤད་སྲོལ་ཡོད་པ་བཅས། རང་ཉིད་སྒེར་གྱི་ལོ་རྒྱུས་དང་འབྲེལ་ནས་བཏགས་པ་ཞིག་ཡིན།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་བརྒྱད་པ་དང་བཅུ་བདུན་པའི་བར། མདོ་སྔགས་གཟུངས་གསུམ་དང་རྩ་གསུམ་སྲུང་མའི་སྐོར་གྱི་སྒྲུབ་སྐོར་དང་ཆོ་ག་སོགས་འགའ་ཞིག་བཞུགས་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་བཅོ་བརྒྱད་པར། ཞང་ཞུང་ཞག་རྩིས་དང་གནའ་བོའི་འབྱུང་རྩིས་གཞིར་བཞག་ནས། ལོ་བསྐོར་གཅིག་སྟེ་ལོ་བཅུ་གཉིས་ལ་བལྟ་ཆོག་པའི་ལོ་ཐོ་ཞིག་ཕབ་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་བཅུ་དགུ་པར། ཞུ་འོད་ཟེར་མཐར་རྒྱས་ཀྱི་ཡི་དམ་ཞི་རྒྱན་ཁྲོ་རྒྱན་དང་ཞི་བསྡུས་ཁྲོ་བསྡུས་སྐོར་བཞུགས་ཡོད།
ཆུ་གཉིས་ཞུ་ཚང་བླ་རབས་ཀྱི་གསུང་འབུམ་པོད་ཉི་ཤུ་པར། མཐའ་ཞུ་བླ་རབས་བླ་རྒྱུད་ཀྱི་ཕྱག་ལེན་གནང་དང་གནང་བཞིན། ཤི་གསོན་ལ་ཕན་བདེ་མངོན་གསལ་སྟེར་ཐུབ་པའི། གཤེད་འདུལ་དང་གྲི་འདུལ་ཆུང་འདུལ་ཕོ་འདུལ་མོ་འདུལ་བཅས་ཀྱི་གཞུང་དང་ཆ་ལག་ཆ་ཚང་བར་བཞུགས་ཡོད། ཅེས་རྩོམ་སྒྲིག་པ་ཞུ་འོད་་ཟེར་མཐར་རྒྱས་ནས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།