རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་རྣམ་ཐར་དང་བསྟོད་ཚོགས།

རྩོམ་པ་པོ། དགེ་བཤེས་ཕུན་ཚོཊ་ཉི་མས་བསྒྲིགས

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2017-12-17

ངོ་སྤྲོད་མདོར་བསྡུས། སྔོན་འགྲོའི་མཆིད།
རྒྱལ་བ་མཉམ་མེད་ཆེན་པོའི་རྣམ་ཐར་ཁག་གི་སྐོར།
རྒྱལ་བ་མཉམ་མེད་ཆེན་པོའི་རྣམ་ཐར་ཁག་ནས་ད་ལྟ་མཇལ་ཡུལ་དུ་གྱུར་པ་ནི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་དངོས་སློབ་བཙུན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་«རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་པདྨོའི་འཕྲེང་བ་»དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པ་«རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན།» ཡང་རྩོམ་པ་པོ་སུ་ཡིན་གསལ་ཁ་དང་མཛད་བྱང་མེད་པ་ཅན་«སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་»བཅས་ཡིན། རྣམ་ཐར་གཞན་ཡང་ཡོད་པར་ངེས་ཏེ། ཀུན་མཁྱེན་ཉི་མས་མཛད་པའི་རྗེའི་རྣམ་ཐར་ལས། “བཀའ་འགྱུར་ལྷ་ཁང་གསར་བཞེངས་ཀྱི་ལོགས་རིས་སུ་རྣམ་ཐར་བཀོད་བདེ་བའི་ཆེད་དུ། རྣམ་ཐར་འདྲ་མིན་གསུམ་ལ་སོགས། ལུང་རིགས་མཐའ་དག་ནས་བཏུས་ཏེ་བསྒྲིགས་པའི་དགེ་དེས་མཉམ་མེད་བླ་མའི་བྱིན་རླབས་སེམས་ལ་འཇུག་པའི་རྒྱུར་གྱུར་ཅིག” ཅེས་གསུངས་པས་ཤེས་ནུས་སྙམ་མོ།།
བསྟོད་ཚོགས་ཀྱི་སྐོར།
རྒྱལ་བ་མཉམ་མེད་ཆེན་པོའི་བསྟོད་ཚོགས་ཀྱི་སྐོར་ལ་དམུ་གཤེན་ཉི་མ་རྒྱལ་མཚན་ལ་རིག་འཛིན་མཁའ་འགྲོས་སྙན་དུ་བརྒྱུད་པ་«དཔལ་ལྡན་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་»དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་«མཉམ་མེད་ཆེན་པོར་བསྟོད་ཚིག་རྣམ་རྒྱལ་ཁང་བཟང་ཡོན་ཏན་བང་མཛོད་ཀྱི་འགྲེལ་ཉུང་ཐུས་ཀུན་གསལ་ལྡེ་མིག» མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་«རྗེ་འགྲོ་བའི་མགོན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་བསྟོད།» གདན་ས་བ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་«རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ།» མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་«བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་གྱི་ཚིག་འགྲེལ་བདེ་ཆེན་ཐར་ལམ་ཐེམ་སྐས།» ཁོད་སྤུངས་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་«རྗེ་མཉམ་མེད་ཆེན་པོའི་གསོལ་འདེབས་བདེ་རྒྱལ་མའི་རྣམ་བཤད་ངོ་མཚར་ནོར་བུའི་རྒྱན་ཕྲེང་། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི་«མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་བམ་བདེ་ཆེན་རྒྱལ་པོའི་དོན།» སྒོ་རིགས་མཁན་མིང་ཉི་མ་བསྟན་འཛིན་གྱིས་མཛད་པའི་«སངས་རྒྱས་གཉིས་པ་རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་ཐུགས་རྗེ་མྱུར་གཟིགས་མ།» གཤེན་བཙུན་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་«ཀུན་མཁྱེན་བླ་མ་མཉམ་མེད་ཆེན་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བུང་བ་རྣམ་པར་བརྩེན་པའི་དབྱངས་སྙན་»དང་། «ཀུན་མཁྱེན་མཉམ་མེད་ཆེན་པོའི་སྐྱེས་རབས་མདོ་ལུགས་ཀྱི་གསོལ་འདེབས་ངོ་མཚར་མེ་ཏོག» སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི་«རྗེ་མཉམ་མེད་པའི་ཡོན་ཏན་གྱི་ཆ་ཤས་ཙམ་མཐོང་བ་ལ་བསྔགས་བསྟོད་ཀྱི་ཚིག་ཕྲེང་»སོགས་བཞུགས། གཞན་ཡང་དེབ་འདིར་མ་ཁོད་པའི་བསྟོད་ཚིག་གྲངས་ལས་འདས་པ་ཡོད་ངེས་ཀྱང་ཡིག་ཚོགས་ཀྱི་འཇིགས་པས་རེ་རེ་བཞིན་འགོད་ཐབས་བྲལ།
རྒྱལ་བ་མཉམ་མེད་ཆེན་པོའི་སྒྲུབ་ཐབས་ཀྱི་སྐོར།
རྒྱལ་བ་མཉམ་མེད་ཆེན་པོའི་སྒྲུབ་ཐབས་ཀྱི་སྐོར་ལ་དྲུང་མུ་ཉི་ཝེར་གྱིས་མཛད་པའི་«མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་གསལ་བྱེད་མཐོང་བའི་དགའ་སྟོན་»དང་། «རྗེ་རིན་པོ་ཆེའི་ནང་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་སྐོང་བའི་གཏེར་ཆེན།» «མཉམ་མེད་བླ་མའི་གསང་སྒྲུབ་སྣང་སེམས་དོན་སྒྲུབ།» «མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་དམ་ཚིག་གསལ་བྱེད་ལྷ་གཉན་ཤེལ་སྒོང་དྲི་མེད།» ཤེས་རབ་དགོངས་རྒྱལ་གྱིས་མཛད་པའི་«མཉམ་མེད་བླ་མའི་སྒྲུབ་ཐབས་མཆོག་ཐུན་འབྱུང་གནས་བསམ་འཕེལ་དབང་རྒྱལ།» དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་མཛད་པའི་«བླ་མ་མཆོད་པ།»གཤེན་གྱི་དྲང་སྲོང་ཁོད་སྤུངས་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་«རྗེ་མཉམ་མེད་ཆེན་པོ་དང་འབྲེལ་བའི་བརྒྱུད་པ་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བདེ་ཆེན་རོལ་མཚོ་»དང་། «རྒྱལ་བ་མཉམ་མེད་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་ཕུང་།» གཞན་ཡང་སྒྲུབ་ཐབས་སྲུང་བའི་སྐོར་ལ་སྒོ་རིགས་ཁྲོ་ཏ་ཝེར་ཞིས་མཛད་པའི་«རྒྱལ་བ་མཉམ་མེད་བླ་སྒྲུབ་ཀྱི་སྲུང་འཁོར་ཉི་ཟླའི་གུར་ཁང་»དང་། བླ་སྒྲུབ་དང་འབྲེལ་བའི་བར་དོའི་སྐོར་ལ་དྲུང་མུ་ཉི་ཝེར་གྱིས་མཛད་པའི་«མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་ཆ་རྐྱེན་རྫོགས་ཆེན་སྙིང་པོ་བར་དོའི་དུས་ཀྱི་ངོ་སྤྲོད་གསལ་བའི་སྒྲོན་མེ་»སོགས་བཞུགས།
སྐང་བའི་སྐོར།
རྗེའི་སྐང་བའི་སྐོར་ནི་མདོ་སྨད་པའི་སྤྲང་རྒན་མགོ་དཀར་བས་མཛད་པའི་«བླ་མ་སྒྲུབ་པའི་ཚོགས་བསྐང་འདོད་འབྱུང་རྒྱན་བཟང་»དང་། བླ་མིང་གཤེན་སྤྲུལ་པས་མཛད་པའི་«མཉམ་མེད་བླ་མའི་གསང་སྒྲུབ་ཀྱི་སྐང་བ་རིན་ཆེན་སྙིང་པོ།» ཀུན་འགྲུབ་རྒྱལ་སྲས་ཀྱིས་མཛད་པའི་«མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་ཆ་ལག་སྐོང་ཆུང་རྒྱལ་འཕགས་དགྱེས་པའི་དུང་དབྱངས་»སོགས་བཞུགས།
ད་ལམ་འདིར་པར་སྐྲུན་ཞུས་པའི་སྐོར་ནི།
རྗེ་བླ་མའི་རྣམ་ཐར་དང་བསྟོད་ཚོགས་སྒྲུབ་ཐབས་སོགས་ཀྱི་ནང་ནས་ད་ལམ་འདིར་པར་སྐྲུན་ཞུས་པའི་སྐོར་ནི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་དངོས་སློབ་བཙུན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་«རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་པདྨོའི་འཕྲེང་བ་»དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པ་«རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན།» རྩོམ་པ་པོ་སུ་ཡིན་གསལ་ཁ་དང་མཛད་བྱང་མེད་པ་ཅན་«སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་»བཅས་ཡིན་ཞིང་། དེ་བཞིན་བསྟོད་ཚོགས་ཁག་ནས་དམུ་གཤེན་ཉི་མ་རྒྱལ་མཚན་ལ་རིག་འཛིན་མཁའ་འགྲོས་སྙན་དུ་བརྒྱུད་པ་«དཔལ་ལྡན་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་»དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་«མཉམ་མེད་ཆེན་པོར་བསྟོད་ཚིག་རྣམ་རྒྱལ་ཁང་བཟང་ཡོན་ཏན་བང་མཛོད་ཀྱི་འགྲེལ་ཉུང་ཐུས་ཀུན་གསལ་ལྡེ་མིག» གདན་ས་བ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་«རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ།» མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་«བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་གྱི་ཚིག་འགྲེལ་བདེ་ཆེན་ཐར་ལམ་ཐེམ་སྐས།» སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི་«མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་བམ་བདེ་ཆེན་རྒྱལ་པོའི་དོན།» མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་«རྗེ་འགྲོ་བའི་མགོན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་བསྟོད།» སྒོ་རིགས་མཁན་མིང་ཉི་མ་བསྟན་འཛིན་གྱིས་མཛད་པའི་«སངས་རྒྱས་གཉིས་པ་རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་ཐུགས་རྗེ་མྱུར་གཟིགས་མ།» གཤེན་བཙུན་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་«ཀུན་མཁྱེན་བླ་མ་མཉམ་མེད་ཆེན་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བུང་བ་རྣམ་པར་བརྩེན་པའི་དབྱངས་སྙན་»དང་། «ཀུན་མཁྱེན་མཉམ་མེད་ཆེན་པོའི་སྐྱེས་རབས་མདོ་ལུགས་ཀྱི་གསོལ་འདེབས་ངོ་མཚར་མེ་ཏོག» སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི་«རྗེ་མཉམ་མེད་པའི་ཡོན་ཏན་གྱི་ཆ་ཤས་ཙམ་མཐོང་བ་ལ་བསྔགས་བསྟོད་ཀྱི་ཚིག་ཕྲེང་»སོགས་བཞུགས།
ཞུ་སྒྲིག་དང་འབྲེལ་བའི་གསལ་བཤད།
ད་ལམ་འདིར་ཞུ་སྒྲིག་བྱས་ཚུལ་གྱི་སྐོར་ནི་«རྒྱལ་བ་གཉིས་པ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་པདྨོའི་འཕྲེང་བ་»དེ་ཉིད་བོན་གཞིས་ཐོབ་རྒྱལ་གསར་པ་ནས་མཁས་གྲུབ་རྒྱ་མཚོས་དཔར་དུ་བསྐྲུན་པའི་རྗེའི་རྣམ་ཐར་དེ་མ་ཕྱིར་བཞག་ནས་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་ཕྱི་ལོ་ ༡༩༩༨ ལོར་ཤིན་ཧཱ་དཔར་ཁང་ནས་བསྐྲུན་པའི་བཀའ་བརྟེན་པོད་གྲངས་༡༥༢ ནང་དུ་བཞུགས་པ་ཅན་དང་ཤིན་ཧཱ་བཀའ་བརྟེན་པོད་གྲངས་༢༠༣ ཅན་གྱི་ནང་དུ་བཞུགས་པའི་རྗེའི་རྣམ་ཐར་གཉིས་ལ་མཚུངས་བསྡུར་ཞུས་ཡོད་ཅིང་། «རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་»དེ་ཡང་སྔོན་ཞུས་བཞིན་བོན་གཞིས་ཐོབ་རྒྱལ་གསར་པ་ནས་མཁས་གྲུབ་རྒྱ་མཚོས་དཔར་དུ་བསྐྲུན་པའི་རྗེའི་རྣམ་ཐར་དེ་མ་ཕྱིར་བཞག་ནས་ཤིན་ཧཱ་བཀའ་བརྟེན་པོད་གྲངས་༢༠༠ ནང་དུ་བཞུགས་པ་ཅན་དང་། ཤིན་ཧཱ་བཀའ་བརྟེན་པོད་གྲངས་༢༠༣ ནང་དུ་བཞུགས་པའི་རྗེའི་རྣམ་ཐར་ཁག་གསུམ་ནང་ཕན་ཚུན་མཚུངས་བསྡུར་ཞུས་ཡོད། ཐོབ་གསར་ཅན་དུ་མ་འཁོད་པའི་རིགས་གང་ཡོད་གཞན་གཉིས་ནས་ཁ་བཀང་བར་མ་ཟད་ནོར་བའི་རིགས་གང་ཡིན་དེ་དག་མཆན་ཨང་དུ་འགོད་གང་ཐུབ་བྱས་ཡོད་ཅིང་། ཡོངས་གྲགས་དང་མི་མཐུན་པའི་བརྡ་དག་ཚིག་ཕྲད་མིང་ཚིག་སོགས་ནོར་བའི་རིགས་རྣམས་ལ་དག་བཅོས་གཟབ་ནན་བྱས་ཡོད་ཁུལ་དང་། མཚུངས་བསྡུར་ཞུ་སྒྲིག་སྐབས་སུ་ཧ་ཅང་མི་མཚུངས་པའི་རིགས་རྣམས་མཆན་ཨང་དུ་བཅུག་པ་ཙམ་ལས་ཚིག་ཕྲད་དང་དག་ཆ་ནོར་བ་མང་པོ་ཞིག་ལ་མཚུངས་བསྡུར་གྱི་མཆན་བུ་བཏབ་མེད། «སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་»དེ་ཉིད་ནི་ཤིན་ཧཱ་བཀའ་བརྟེན་༡༥༢ དང་ཤིན་ཧཱ་བཀའ་བརྟེན་༢༠༣ ནང་དུ་བཞུགས་པ་བཅས་གཉིས་ཡོད་པའི་ནང་ནས་པོད་གྲངས་༢༠༣ ཅན་དེ་མ་ཕྱིར་བཞག་ནས་མཚུངས་བསྡུར་ཞུ་སྒྲིག་བྱས་ཡོད་ཞུ། «དཔལ་ལྡན་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་»འདིའི་མ་ཡིག་ཐོབ་གསར་ཅན་མཁས་མཆོག་རྡོ་རྗེས་ལག་བྲིས་བྱས་པ་ཞིག་ལ་མ་ཕྱིར་བཞག་ནས་གཞན་ཡང་མ་ཡིག་གསུམ་ཙམ་ལ་མཚུངས་བསྡུར་ཞུས་ཁུལ་ཡིན། «མཉམ་མེད་ཆེན་པོར་བསྟོད་ཚིག་རྣམ་རྒྱལ་ཁང་བཟང་ཡོན་ཏན་བང་མཛོད་ཀྱི་འགྲེལ་ཉུང་ཐུས་ཀུན་གསལ་ལྡེ་མིག་»དེའི་མ་ཕྱི་ནི་ཁྱུང་པོ་རྩེ་དྲུག་དགོན་གྱིས་ཆབ་མདོ་ནས་པར་བསྐྲུན་ཞུས་པའི་ལྕགས་པར་ཅན་ཞིག་ལ་བཞག་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་པོད་གྲངས་༡༡ ནང་དུ་བཞུགས་པ་ཞིག་ལ་མཚུངས་བསྡུར་ཞུས་ཀྱང་། དེ་གཉིས་ཀྱི་དབར་ལ་ཁྱད་པར་ཆེར་མ་མཐོང་། མཚུངས་བསྡུར་ཞུ་སའི་མ་ཡིག་གཞན་ལག་སོན་མ་བྱུང་བས་མཚུངས་བསྡུར་ཞུ་ཐབས་བྲལ། «རྗེ་འགྲོ་བའི་མགོན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་བསྟོད་»དང་། «རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ།» «སངས་རྒྱས་གཉིས་པ་རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་ཐུགས་རྗེ་མྱུར་གཟིགས་མ་»གསུམ་པོའི་མ་ཡིག་ཐོབ་གསར་ཅན་གྱི་པར་མ་ཞིག་ལ་གཞི་བཅོལ་ཡོད་ཞུ། «བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་གྱི་ཚིག་འགྲེལ་བདེ་ཆེན་ཐར་ལམ་ཐེམ་སྐས་»ཀྱི་མ་ཡིག་ནི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དེབ་གྲངས་༢༣ ནང་དུ་བཞུགས་པ་དེ་ལ་གཞི་བཅོལ་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་བཀའ་བརྟེན་དཔེ་རྙིང་པོད་གྲངས་༡༡ ནང་དུ་བཞུགས་པ་ཞིག་ལ་མཚུངས་བསྡུར་ཞུས་ཡོད། «ཀུན་མཁྱེན་བླ་མ་མཉམ་མེད་ཆེན་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བུང་བ་རྣམ་པར་བརྩེན་པའི་དབྱངས་སྙན་»དང་། «ཀུན་མཁྱེན་མཉམ་མེད་ཆེན་པོའི་སྐྱེས་རབས་མདོ་ལུགས་ཀྱི་གསོལ་འདེབས་ངོ་མཚར་མེ་ཏོག་»གཉིས་ཀྱི་མ་ཡིག་དབྲ་སྟོན་གསུང་འབུམ་དེབ་གཟུགས་ཅན་ལ་གཞི་བཅོལ་བ་ཡིན། «མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་སྐུ་གསུམ་ལྷུན་གྲུབ་བམ་བདེ་ཆེན་རྒྱལ་པོའི་དོན་»དེ་དང་། «རྗེ་མཉམ་མེད་པའི་ཡོན་ཏན་གྱི་ཆ་ཤས་ཙམ་མཐོང་བ་ལ་བསྔགས་བསྟོད་ཀྱི་ཚིག་ཕྲེང་»དེ་གཉིས་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་ནས་ཟུར་དུ་ཕྱུངས་ནས་འདིར་བཀོད་པ་ཡིན་ཞུ། ཁོ་བོ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་རྟོགས་ཀྱི་ཡོན་ཏན་གཉིས་ཀྱིས་སྟོངས་ཟིན་པའི་མི་ཞིག་ཡིན་པས་ཞུ་སྒྲིག་སྐབས་སུ་ནོར་འཁྲུལ་ཇི་སྙེད་ཅིག་ཡོད་པ་གོར་མ་ཆག གང་ཤོར་བའི་ནོར་འཁྲུལ་དེ་དག་ཡུལ་གཡུང་དྲུང་གནས་བཞིའི་དྲུང་དུ་བཟོད་གསོལ་ཞུ་རྒྱུ་དང་། རྣམ་དཔྱོད་བློ་གྲོས་ཀྱི་སྤྱན་ལྡན་མཁས་དབང་དག་གིས་ནོར་འཁྲུལ་ཡོ་སྲང་གི་ལམ་སྟོན་བཀའ་སློབ་ཡོད་པར་ཞུ། དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མས་གནས་མཆོག་ཝཱརཱཎསཱིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་༤ ཚེས་༡༥ ཉིན་བྲིས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།