ཕབ་ལེན་གྲངས:
རྩོམ་པ་པོ། ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན།
ཡིག་ཆའི་རིགས་གྲས། .pdf
སྐད་ཡིག བོད་ཡིག
འཁོར་སྟེགས།
དབང་ཚད། མཉམ་སྤྱོད་མཉེན་ཆས།
སྤེལ་དུས། 2016-03-20
ངོ་སྤྲོད་མདོར་བསྡུས། མཛད་པ་པོའི་རྣམ་ཐར་མདོར་བསྡུས།
རྗེ་བཙུན་བླ་མ་དམ་པ་ཀུན་མཁྱེན་གྲུབ་པའི་དབང་ཕྱུག་དཔལ་ཤར་རྫ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་མཆོག་ནི། ཡུལ་མདོ་ཁམས་སྒང་དྲུག་ཅེས་པའི་ཡ་གྱལ་རྔུལ་རྫ་ཟལ་མོའི་སྒང་རྒྱུད་ཀྱི་ཆར་གཏོགས་གནས་ཆེན་གྱེར་ཟ་གཡུང་དྲུང་ལྷུན་པོའི་དཔལ་གྱི་ཉེ་འདབས་སུ། ཡབ་ཐབས་ཤེས་དང་དགེ་སེམས་ལྡན་པ་བཀྲ་ཤིས་དགའ་དང་། ཡུམ་བཞིན་བཟང་ཕན་སེམས་ཆེ་བ་བོ་ལེགས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བཞི་བའི་དོན་གྲུབ་ཅེས་པ་ས་མོ་ལུག་གིས་ལོ༼༡༨༥༩__༡༩༣༤༽ལ་སྐུ་འཁྲུངས། སྐྱེས་མིང་ལ་རྣམ་རྒྱལ་ཚེ་བརྟན་ཞེས་སུ་བཏགས། དགུང་ལོ་ཆུང་བའི་དུས་ནས་བྱིས་པའི་ཁྲོད་ཀྱི་རོལ་རྩེད་དང་འདུ་འཛི་གཡེང་བ་སོགས་ལ་མི་དགའ་བར། ཡི་གེ་འབྲི་ཀློག་གི་ཚུལ་དང་། སྒོམ་སྒྲུབ་བྱེད་སྟངས་ཀྱི་ཉམས་སོགས་དགེ་བའི་བག་ཆགས་སྟོབས་སུ་གྱུར་པས་སྐྱེས་བུ་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ་བ་ཞིག་བྱུང་ངོ་། ། དགུང་ལོ་དགུ་བཞེས་པའི་སྐབས་སུ་རིགས་ཀྱི་ཅོད་པཎ་སྐྱབས་རྗེ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་གི་དྲུང་ནས་ཐུན་མོང་སྐྱབས་འགྲོའི་སྡོམ་པ་ཞིབ་རྒྱས་སུ་བླངས་པས་མཚན་ལ་བཀྲ་ཤིས་རྒྱལ་མཚན་ཞེས་གསོལ་ཞིང་བུ་འདིས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་ཅེས་པའི་ཐུགས་གཏད་ཀྱི་སྨོན་ལམ་མཛད། དེ་ནས་རིགས་ཀྱི་ཁུ་བོ་གཡུང་དྲུང་རྒྱལ་མཚན་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སོགས་ལ་ལན་རེ་གཟིགས་པ་ཙམ་གྱིས་མཁྱེན་རྟོགས་གསལ་བ་བྱུང་ངོ་། །
དགུང་ལོ་བཅུ་གཅིག་གི་སྟེང་གྲུབ་རྗེ་དབྲ་སྟོན་རིན་པོ་ཆེའི་དྲུང་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་པར་བླངས་ཤིང་དཔལ་གཤེན་བསྟན་གཡུང་དྲུང་བསྟན་རྒྱས་གླིང་གི་ཚོགས་གྲལ་དུ་ཞུགས།
དགུང་ལོ་ཉེར་བཞིའི་སྟེང་གྲུབ་པའི་འཁོར་ལོས་བསྒྱུར་བ་དབྲ་སྟོན་རིན་པོ་ཆེ་མཆོག་གི་ཕྱག་ཞབས་ལ་འབྲངས་ཏེ་བླ་མའི་དགོངས་སྤྱོད་ཀྱི་བྱ་བ་ཅི་མཛད་ཀྱང་དག་སྣང་དང་མོས་གུས་ཁོ་ནར་བརྟེན་ནས་དགོངས་རྒྱུད་དོན་གྱི་བྱིན་རླབས་རྒྱུད་ལ་འཕོས་ཤིང་སྨྲ་བསམ་བརྗོད་བྲལ་གྱི་རིག་པ་རྗེན་པ་མངོན་དུ་གྱུར། སྐབས་དེ་དང་བསྟུན་གཙང་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབ་གསུམ་པ་སྐལ་བཟང་ཉི་མ་ཏོག་གི་རྒྱལ་མཚན་ལས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཚུལ་བཞིན་དུ་བླངས་བས་ཚུལ་མིང་དུ་བསྟན་པ་འབྲུག་གྲགས་ཞེས་སུ་གསོལ།
དགུང་ལོ་སུམ་ཅུ་བཞེས་པའི་ཚེ། མདོ་གམ་གྲུབ་པའི་གདུང་བརྒྱུད་ཞིག་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་སྟག་ཞིག་གདུང་བྱོན་སེམས་དཔའ་ཆེན་པོ། རྗེ་དཔལ་ལྡན་སྨན་རི་བའི་མཁན་བརྒྱུད་ཟམ་མ་ཆད་པ་ལས་བྱུང་བའི་སྡོམ་རྒྱུན་གཙང་བའི་འདུལ་འཛིན་དམ་པ་གཤེན་རྒྱལ་བསྟན་འཛིན་དཔལ་བཟང་མཆོག་དང་། དགེ་བའི་བཤེས་གཉེན་དྲང་སྲོང་བཞི་སྡེ་ཟུང་གི་དྲུང་དུ་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ཞུས་ཏེ། མཚན་ལ་བསྟན་པ་འབྲུག་གྲགས་དྲི་མེད་སྙིང་པོ་རུ་གསོལ། དེ་ནས་བཟུང་ཤི་ཤ་མ་གཏོགས་བསད་ཤ་བསྔོ་ཤའི་རིགས་དང་། དུ་ཆང་སྒོག་ཙོང་། པགས་གོས་བཞོན་རྟ་སོགས་ཀྱི་རིགས་རྣམས་གཏན་མེད་དུ་སྤངས་ནས། ཟླ་དུས་ཀྱི་གསོ་སྦྱོང་དང་། ཉིན་བཞིན་གྱི་མཚན་ཕྱག་ཆབ་གཏོར་ལྟུང་བཤགས་སོགས་ཆགས་མེད་དུ་མཛད་པས་འཇིག་རྟེན་ན་མངོན་པར་འཕགས་པའི་ངུར་སྨྲིག་འཛིན་པ་ཀུན་གྱི་མཛེས་རྒྱན་དུ་གྱུར།
དགུང་ལོ་སོ་བཞི་ནས་སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་གཙོ་བོར་སྐྱོངས་བ་ལ་ཡིད་ཕྱོགས་ཏེ་ཀུན་སྤང་བྱ་བྲལ་གྱི་བརྟུལ་ཞུགས་ཁོ་ནས་བསམ་གཏན་གྱི་སྟན་ལ་ལྷམ་མེར་བཞུགས་པར་མཛད་ཅིང་། དུས་རྟག་ཏུ་ཉམས་ལེན་ལ་ཐང་ལྷོད་དང་རྒྱུན་ཆད་མེད་པར་རྩེ་གཅིག་ཏུ་གཞོལ་བས་ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང་། ལྷ་སྲུང་སྡོང་གྲོགས་ཀྱི་ཚུལ་དུ་ལུས་དང་གྲིབ་བཞིན་བརྩེ་བས་ཐུན་མོང་དང་ཐུན་མིན་གྱི་གྲུབ་རྟགས་བསམ་གྱིས་མི་ཁྱབ་པར་མངའ་བའི་ཚུལ་ནི་རྣམ་ཐར་རྒྱས་པ་ལས་གསལ་ཞིང་། ལྗགས་རྩོམ་ལ་མཛོད་ཆེན་སྡེ་ལྔ་ལ་སོགས་བཀའ་པོད་བཅོ་ལྔ་ལྷག་ཙམ་བཞུགས། ཁོང་གི་སྐུ་ཚེ་གང་བོར་འཁོར་ལོ་གསུམ་གྱི་བྱ་བ་ཁོ་ནས་བསྟན་འགྲོའི་དོན་མཛད་ནས་དགུང་ལོ་དོན་དྲུག་བཞེས་པ་ཤིང་ཁྱི་ལོའི་ཧོར་ཟླ་བཞི་བའི་ཡར་ཚེས་ལ་རྟག་ཏུ་རེ་བ་རྣམས་ལ་སུན་ཕྱུང་དགེ་བསྐུལ་ཏུ་གཟུགས་སྐུའི་བཀོད་པ་ཟག་མེད་འཇའ་ལུས་འོད་གསལ་གྱི་སྐུ་རུ་གྲོལ་བའོ། །
གསུང་སྐྱེས་བུ་སློབ་ལའང་། གཏེར་ཆེན་གསང་སྔགས་གླིང་བ་ཡབ་ཡུམ་དང་། རྒྱལ་ཚབ་བློ་གྲོས་རྒྱ་མཚོ། འཇའ་ལུས་ཟླ་བ་གྲགས་པ། མ་ཧཱ་པཎྚི་ཏ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། དབྲ་སྟོན་པཎྚི་ཏ་སྐལ་བཟང་བསྟན་པའི་རྒྱལ་མཚན། དབྲ་སྤྲུལ་སྐལ་བཟང་བསྟན་པའི་ཉི་མ། ཀུན་གྲོལ་ཧཱུཾ་ཆེན་འགྲོ་འདུལ་གླིང་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསྟན་འགྲོའི་དོན་ནུས་པ་སྟོང་ཕྲག་དུ་མ་དང་། གཞན་དབང་ལུང་ཁྲིད་གསུམ་གྱི་འབྲེལ་ཐོབ་པ་སྟོད་བལ་ཡུལ་མན་ཆད་ནས་སྨད་རྒྱ་ཡུལ་ཁྲི་ཀའི་ཡན་གྱི་སྐྱེ་བོ་བགྲང་གིས་མི་ལང་ངོ་། །
ཞེས་པའི་རྣམ་ཐར་ཉུང་བསྡུས་སུ་སྤེལ་བ་བོ་ནི་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་གུས་པས་སྦྱར་བའོ། །
ཐོབ་སྐར།
གཟིགས་ཐེངས:
QQ:897252858 QQ:541071093 QQ:354637293
MSN:rinpungtsulten@hotmail.com MSN:trisoten@hotmail.com
E-mail:himalayabon@aliyun.com Tel:13401155751/13990418773/15609739205
Copyright © 2010-2019 himalayabon.com All rights reserved. Powered by: tibetitw.com
པར་དབང་ཡོད་ཚད་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག