རྗེ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ། (པོད་ཨང1〜10)

རྩོམ་པ་པོ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2017-12-01

ངོ་སྤྲོད་མདོར་བསྡུས། དཔེ་སྐྲུན་གསལ་བཤད།
སྤྱིར་གཡུང་དྲུང་བོན་ལ་མཚོན་ན། བདེར་གཤེགས་དགོངས་རྒྱུད་བླ་མ་ཆེ་དྲུག་དང་གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད་སོགས་སྔ་རབས་བྱོན་པའི་ལོ་པཎ་རིག་འཛིན་སངས་རྒྱས་མི་གཟུགས་སུ་བྱོན་པ་དག་དང་། གཤེན་གྱེར་རྨ་དབྱིལ། བྲུ་ཞུ་སྤ་རྨེའུ། གཡས་རུ་སྟོན་པ་བཅོ་བརྒྱད། མདོ་སྨད་འཕགས་པ་རྣམ་གསུམ་སོགས་བཤད་སྒྲུབ་ལས་གསུམ་གྱིས་གཡུང་དྲུང་བོན་གྱི་རྒྱལ་མཚན་མཐོ་ནས་མཐོ་རུ་འདེགས་པའི་ཕྱིས་བྱོན་སྐྱེས་ཆེན་གསེར་རིའི་ཕྲེང་བ་དང་། ཁྱད་པར་དུ་མེ་སྟོན་ཤེས་རབ་འོད་ཟེར་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་སོགས་སྨྲ་སེང་མི་ཡི་གར་དུ་རོལ་བ་ལྟ་བུ་བསྟན་འཛིན་སྐྱེས་ཆེན་བསམ་གྱིས་མི་ཁྱབ་ལ་བརྗོད་ཀྱིས་མི་ལངས་པ་ཞིག་བྱོན་པ་ལས། བསྟན་པ་འདི་ལ་འགྲན་ཟླ་བྲལ་བའི་ཕྱག་རྗེས་བཞག་པ་ཞིག་བྱོན་པ་ནི། ཇི་སྐད་དུ། གྲགས་པ་རྒྱལ་མཚན་གྱི་ཞལ་ནས། བསྟན་པའི་དར་ཆེན་མཁས་གྲུབ་ཆེན་པོས་འཕྱར། །སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། །རྒྱལ་བའི་བསྟན་པ་སྟོད་སྨད་ཀུན་ཏུ་དར། །སྙིགས་མའི་དུས་འདིར་བོན་གྱི་བསྟན་པ་ལ། །དཔག་མེད་བཀའ་དྲིན་ཆེ་བ་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར། སྤྱི་ལོ་༡༣༥༦ལོར་གངས་ཅན་ཤར་རྒྱལ་མོ་རོང་དུ་སྐུ་འཁྲུངས་ཤིང་དབུས་གཙང་དག་པའི་ཞིང་ནས་སྙན་པའི་གྲགས་པ་འཛམ་གླིང་ཐ་གྲུ་ཟླུམ་པོར་འགེངས་པར་མཛད་པའི་མཁས་གྲུབ་ཆེན་པོ་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་ཡིན། ཁོང་གི་རང་ངོས་ཀྱི་ཡོན་ཏན་ཆེན་པོ་དང་གཡུང་དྲུང་བོན་ལ་བཞག་པའི་བྱས་རྗེས་ནི་སྤྱིར་གོང་ཞུས་ཀྱི་བསྟན་འཛིན་སྐྱེས་ཆེན་དག་དང་ཆ་འདྲ་ལ། བྱེ་བྲག་རླབས་ཆེ་བའི་མཛད་འཕྲིན་ཞིག་ནི། ཇི་སྐད་དུ་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་པའི་ཞལ་ནས། གངས་ཀྱི་རི་ཡི་ཁོངས་གསེང་བོན་ལྗོངས་སུ། །བསླབ་གསུམ་ས་བོན་གྲུང་བོ་ཡོངས་སུ་སྦས། །ཕན་བདེའི་མྱུ་གུ་སྣུམ་པོ་རྒྱས་པའི་རྩེར། །སྤང་རྟོགས་ལོ་འབྲས་གཡུར་བ་ཁྱེད་ཀྱི་དྲིན། །ཞེས་དང་། ངེས་པར་ཁྱེད་ལ་བསྟོད་པའི་སྒོ། །ཐུན་མིན་རྒྱུ་མཚན་གྲུབ་པ་ནི། །རྣམ་དག་སོ་སོར་ཐར་བ་ཡི། །སྡོམ་པའི་མྱུ་གུ་བསིལ་རིའི་ལྗོངས། །འགེངས་མཛད་དྲང་སྲོང་ཁྱེད་ལ་བསྟོད། །ཅེས་གསུངས་པ་ལྟར། གཙང་ཐོབ་རྒྱལ་སྨན་རི་རུ་དབེན་དགོན་བཏབ་ཅིང་འཁོར་སློབ་ཚོགས་བསྐྱངས་ཏེ་བསླབ་གསུམ་བསྟན་པའི་དར་ཆེན་ཨ་སྔོན་དགུང་དུ་འཕྱར་ཞིང་། ཁྱད་པར་དུ་འདུལ་བའི་ཁྲིམས་ཀྱིས་གཅུན་པའི་ངུར་སྨྲིག་གི་སྡེ་འབད་དེ་བསྐྱངས་པའི་བྱིན་མཐུ་ལས། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་མངའ་རིས་བསོད་ནམས་རྒྱལ་མཚན་ཟུང་སྟེ་རང་དང་མཉམ་པའི་ཐུགས་སྲས་ཉི་ཟླ་ལྟ་བུ་དང་། རང་གྲོལ་ཤེས་རབ་སེང་གེ་དང་མཚུངས་མེད་ནམ་མཁའ་རྒྱལ་པོ། བྲུ་སྟོན་ཀུན་དགའ་དབང་ལྡན་ཏེ་བྲུ་ཡི་མཁས་གྲུབ་རྣམ་གསུམ་དང་། ལྷ་བླ་གནང་པ་བསོད་རྒྱལ་དང་ཁྲོ་ཚང་མུ་ལ་རཏྣ། མེ་ཉག་བསོད་ནམས་རྒྱལ་མཚན། ཁྲི་འོད་བསྟན་པ་རྒྱལ་མཚན། རྒྱ་འཕེལ་བསོད་ནམས་ཡེ་ཤེས། མཁས་གྲུབ་བློ་གྲོས་འོད་ཟེར། རྟོགས་ལྡན་འདུལ་བ་བློ་གྲོས་བཅས་བསྟན་པའི་གསལ་བྱེད་ནུས་པའི་མཆོག་ཆེན་དམ་པ་བཅུ་དང་། འདུལ་བསྟན་སྔགས་སེམས་གང་རིགས་ཀྱིས་རྗེས་འཇུག་དཔག་མེད་སྨིན་གྲོལ་ནུས་པའི་སྐྱེས་ཆེན་བརྒྱ་ཕྲག་ལྷག་བྱུང་སྟེ། རྒྱལ་བ་སྨན་རིའི་རིང་ལུགས་ཆེས་ཆེར་སྤེལ་བར་བྱས་ནས་གངས་ཅན་རི་སུལ་ཀུན་ཏུ་ཡལ་ལ་ཉེ་བའི་བོན་དགོན་ཇི་སྙེད་སླར་ཡང་གསོས་པའི་དབུགས་དབྱུང་མཛད། ཇི་སྐད་དུ། སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན། །ཚུལ་ཁྲིམས་མེད་ན་བསྟན་པ་མེད། །ཅེས་བརྗོད་པ་ལྟར། གལ་སྲིད་ཐེག་ཆེན་གཡུང་དྲུང་བོན་ཧ་ཅང་ཉག་ཕྲ་བར་གྱུར་པའི་གནས་དུས་དེར་རྗེ་མཉམ་ཆེན་པོ་ལྟ་བུ་མ་བྱོན་པའི་དབང་དུ་བཏང་ན། གཡུང་དྲུང་བོན་ད་ལྟའི་བཞིན་དུ་ལྗོངས་འདིར་རྒྱ་ཆེར་དར་ཐུབ་མེད་པར་ཐག་གིས་ཆོད་ནུས། དེས་ན་བསྟན་པ་འདི་ལ་སྟོན་པ་རང་དང་འདྲ་བའི་བཀའ་དྲིན་གྱིས་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་ཕྱི་རབས་པས་རྒྱལ་བ་གཉིས་པའི་མཚན་འདི་གསོལ་བ་ཡིན་ནོ། །
དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་མང་དུ་སྤྲོས་མི་དགོས་ཏེ་ཁོང་གི་བཀའ་འབུམ་གྱི་དཀར་ཆག་ལ་གཟིགས་པ་ཙམ་གྱིས་ལྷང་ངེར་རྟོགས་ཐུབ་སྟེ། ཁོང་གི་བཀའ་གསུང་ཡོད་ཚད་མདོ་སྔགས་རྫོགས་གསུམ་ཕབ་ཀྱིས་སྙིལ་བའི་སྙིང་ཁུ་ལྟར་དུ་གྲུབ་ཅིང་གོ་སླ་བརྗོད་བདེ་མདོ་དྲིལ་དོན་ཟབ་རྗེས་འཇུག་སློབ་མ་ཁོ་ནའི་དོན་དུ་བརྩམས་པ་ལགས་པས་དེང་གི་བར་མི་ལོ་དྲུག་བརྒྱ་ལྷག་འདས་ཟིན་ཡང་ད་དུང་བཤད་སྒྲུབ་འདུས་སྡེ་ཇི་སྙེད་ཀྱིས་བསླབ་གཞི་ཡིག་ཆར་སྤྱོད་བཞིན་པ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན། འདི་ལྟ་བུ་གངས་ཅན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་གཞན་དག་དང་བསྡུར་ནའང་ཁྱད་བོན་དུ་འདུག་གོ །དེང་སང་གྲྭ་ས་ཆེན་པོར་རྒྱུགས་ཆེ་བའི་བཤད་སྒྲོས་ལྟར་ན་བཀའ་པོད་ལྔ་ལས་ཚད་མ་ནི་བསྟན་པའི་ལྕགས་རི་དང་། མཛོད་ནི་བསྟན་པའི་མཛེས་རྒྱན། ཕར་ཕྱིན་ནི་བསྟན་པའི་གཞུང་ཤིང་། དབུ་མ་ནི་བསྟན་པའི་སྙིང་བོ། འདུལ་བ་ནི་བསྟན་པའི་ནང་མཛོད་ཅེས་བརྗོད་པ་ལྟར། རྗེ་རིན་པོ་ཆེ་མཉམ་མེད་ཆེན་པོ་ནས་བསྟན་པའི་ལྕགས་རིའི་དོད་དུ་ཚད་མ་རྣམ་འབྱེད་འཕྲུལ་སྒྲོན་གཙོས་པའི་ཚད་གཞུང་དག་བརྩམས་པ་དང་། བསྟན་པའི་མཛེས་རྒྱན་དུ་སྣང་སྲིད་མཛོད་ཕུགས་ཀྱི་གཞུང་འགྲེལ་སོགས་བརྩམས་པ་དང་། བསྟན་པའི་གཞུང་ཤིང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁམས་བརྒྱད་སྡུད་པའི་དོན་གསལ་བར་བཤད་པའི་འགྲེལ་བ་སོགས་བརྩམས་པ་དང་། བསྟན་པའི་སྙིང་བོར་ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་འགྲེལ་བ་དང་ཐེག་རིམ་དང་ས་ལམ་གྱི་སྐོར་བརྩམས་པ་དང་། བསྟན་པའི་ནང་མཛོད་དུ་འདུལ་བ་མདོར་བསྡུས་ཀྱི་འགྲེལ་བ་དང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་སྒྲོན་སོགས་བརྩམས་པ་ལས་གཡུང་དྲུང་བོན་གྱི་བཤད་པའི་བ་དན་དགུང་དུ་བསྒྲེངས་པ་དང་། གཞན་ཡང་སྒྲུབ་པའི་རྒྱལ་མཚན་སྲིད་པ་འདིར་ལྷབ་ལྷུབ་གཡོས་པའི་ཆེད་དུ་དེའི་སྟེང་དུ་གསང་བ་སྔགས་ཀྱི་སྐོར་དང་བྱང་སེམས་གབ་པའི་སྐོར། སྒྲུབ་གཞུང་དང་ཕྱག་བཞེས་སྐོར་སོགས་ཚད་ལྡན་གྱི་དགོངས་འགྲེལ་རྣམ་མང་བརྩམས་པ་དང་། དེ་མིན་འདི་སྣང་སྐྱེ་འགྲོའི་དོན་དུ་བསྐང་གསོལ་ཆ་ལག་རིག་གནས་གདངས་ཡིག་དང་བཅས་པ་བརྩམས་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཀོ་ས་དགེ་བཀའ་རྙིང་སོགས་གངས་ཅན་གྲུབ་མཐའ་ཆེན་པོ་གཞན་དག་དང་གདན་ཐོག་གཅིག་ནས་བོད་འབངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་གྱ་ནོམ་དུ་བསྐྲུན་ཅིང་། ཁྱད་པར་དུ་ཨ་གསར་ཅན་གྱི་བོད་མིའི་བསམ་པའི་གཏིང་རིམ་ནས་རང་གི་ཡབ་མྱེས་ཀྱི་དོན་གྱི་ཕ་ཆོས་འདི་ཀོ་ལོ་ཟླའི་འགག་འཕྲང་ཇི་ལྟར་བརྒྱུད་རུང་མི་ཡལ་བར་ཡུན་ནས་ཡུན་དུ་བརྟན་པའི་རྒྱ་བཏབ་ཅིང་། འཛམ་གླིང་ཤེས་རིག་རྣམ་མང་གི་ལྡུམ་རར་ཞང་བོད་རིག་གནས་ཞེས་པའི་སྟེང་འཐུང་སྲིད་ན་རྒྱན་གཅིག་གི་རྐང་བཙུགས་པ་ཡིན་ནོ། །
འདིར་ཡང་རང་ཅག་བསོད་ནམས་ཆེན་པོའི་ཟོང་དུ་རྒྱལ་བ་སྨན་རི་བའི་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོད་པན་འཆང་བའི་མཁས་དབང་གཡུང་དྲུང་གཙུག་ཕུད་ནས། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བཀའ་གསུང་ཡིན་ངེས་ཅན་དང་དེ་སྔར་ཕྱག་ཏུ་ལོན་ནོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། དབུ་ཚད་དང་ཐེག་རིམ་གྱི་སྐོར་ཞེས་པོད་དང་པོ་དང་། ས་ལམ་གྱི་སྐོར་ཞེས་པོད་གཉིས་པ། ཤེར་ཕྱིན་གྱི་སྐོར་ཞེས་པོད་གསུམ་པ། སྣང་སྲིད་མཛོད་ཕུགས་ཀྱི་སྐོར་ཞེས་པོད་བཞི་བ། ཐེག་པ་ཆེན་པོ་འདུལ་བའི་སྐོར་ཞེས་པོད་ལྔ་བ། ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་སྐོར་ཞེས་པོད་དྲུག་པ། བྱང་སེམས་གབ་པའི་སྐོར་ཞེས་པོད་བདུན་པ། གསོལ་འདེབས་དང་བསྐང་གསོལ་གྱི་སྐོར་ཞེས་པོད་བརྒྱད་པ། སྒྲུབ་གཞུང་དང་ཕྱག་བཞེས་ཀྱི་སྐོར་ཞེས་པོད་དགུ་བ། སྒྲུབ་གཞུང་དང་གདངས་ཡིག་རིག་གནས་ཀྱི་སྐོར་ཞེས་པོད་བཅུ་བ་སྟེ། ཁྱོན་བསྡོམས་པོད་ཆེན་བཅུ་དང་ཚན་པ་བརྒྱ་དང་བརྒྱད་དུ་བསྒྲིགས་ནས་ངེད་དཔེ་སྐྲུན་ཁང་ལ་དེང་རབས་དེབ་གཟུགས་སུ་དཔར་དུ་བསྐྲུན་པའི་འདུན་པ་བཅོལ་བ་ལ། ངེད་དཔེ་སྐྲུན་ཁང་ནས་གསེར་གྱི་ཕ་བོང་སྒོ་འགྲིལ་དུ་དམིགས་ནས་ལས་གཞི་འདི་ཀོ་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སྲི་ཞུ་རྣལ་མར་མཐོང་སྟེ་རྒྱ་ཆེ་བའི་ཀློག་པ་བོའི་སྤྱན་སྔར་ཚད་ལྡན་དུ་དཔར་དུ་བསྐྲུན་པ་ཡིན་ལགས་སོ། །
ཞེས་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་ཞེས་བྱ་བའི་དཔེ་སྐྲུན་གསལ་བཤད་ཀྱི་ཚུལ་དུ་གུས་ཕྲན་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་སྤྱི་ལོ༢༠༡༥ལོའི་ཟླ༡ཚེས༡༨ཉིན་སྤོས་ངད་ལྡན་པའི་གྲོང་ནས་སྦྱར་བ་དགེའོ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།