ཕབ་ལེན་གྲངས:
རྩོམ་པ་པོ། ཁྲི་གཡུང་དྲུང་།
ཡིག་ཆའི་རིགས་གྲས། .epub
སྐད་ཡིག བོད་ཡིག
འཁོར་སྟེགས།
དབང་ཚད། མཉམ་སྤྱོད་མཉེན་ཆས།
སྤེལ་དུས། 2017-07-28
ངོ་སྤྲོད་མདོར་བསྡུས། མཚམས་སྦྱོར་ཞུ་ཡིག
ནམ་རྒྱུན་གྱི་དཔེ་ཀློག་ཞུ་མཚམས་བཞག་པའི་ལོ་ངོ་འགའ་ཤས་ནི། སྙན་ངག་ལྟ་བུའི་ཤོ་ལོ་ཀ་འགའ་རེ་བྲིས་པ་ཙམ་ལས། རྩོམ་ཡིག་ཀྱང་མ་བྲིས་པར་ཁད་ཀྱིས་འདས། དྲ་ལམ་ནས་གསར་གནས་དང་། རྩོམ་ཡིག་ཁ་ཡར་མཐོང་བ་དག་ཞིབ་ཀློག་བྱེད་པའི་ངལ་བའང་དོར་བ་ཡིན། གང་ལྟར། རྨི་ལམ་ཧམ་པ་ཅན་ཞིག་གི་གཏིང་ལ་འཛུལ་བའི་བྲེལ་བ་འདིས་དུས་ཚོད་མང་པོ་ཞིག་ཟོས་སོང་།
ཕྱིར་བལྟས་སློག་པ་ན། དཔེ་དེབ་གང་ཞིག་རང་ཉིད་ལྟད་མོ་བ་ཞིག་གི་ཚུལ་གྱིས་བཀླགས་མྱོང་བ་དེས། ཡང་ན། ལྟ་སྟངས་དེ་དང་གཤིས་ཀ་དེས། དེབ་གང་ཞིག་ན་དོན་ཅི་ཞིག་གླེང་ཡོད་མེད་དང་། གླེང་སྟངས་གང་འདྲ་ཞིག་གིས་གླེང་ཡོད་མེད། ནང་འགལ་གྱི་རྣམ་པ་ཡོད་མེད་སོགས་ལྟད་མོ་བ་ཞིག་གི་ཚུལ་གྱིས་རོལ་མྱོང་བྱེད་ཐུབ་འདུག་སྙམ་མུར་དགའ་བའང་སྒོམ་བཞིན་ཡོད། སྒོས་སུ་ན། མ་བརྟག་མ་དཔྱད་པའི་དག་སྣང་བན་བུན་ཞིག་གིས་གཞན་གྱི་རྗེས་སུ་འབྲང་མ་དགོས་པ་ཞིག་ཀྱང་ཡོང་བར་འདུག་ལ། དོགས་སློང་དང་བཅས་ཏེ་བཀླགས་པས་འདོར་ལེན་གསལ་ཙམ་ཐུབ་པར་འདུག དེ་མིན་རྡོ་ཡི་རྗེས་སུ་འབྲངས་པའི་ཁྱིའི་རྣམ་པས་དེབ་བཀླགས་ན་ནི། རང་གི་རྣམ་དཔྱོད་དེ་ག་ཤེད་ཅིག་ལ་ཟགས་འགྲོ་བར་ཡང་མཐོང་། ཞུ་ཉེས་སུ་གྱུར་ཡོད་ན་དགོངས་དག་ཞུ།
ཉེ་བའི་ཉིན་འགའི་རིང་། ངས་དེབ་འདིའི་ཚིག་བཀླགས་པ་ཡིན། དོན་བཀླགས་པ་ཡིན། ད་ལྟ་ཀློག་མཁན་ཁྱེད་རང་གི་ལག་ཏུ་ཡོད་པའི་དེབ་འདི་ངས་གོང་གི་ཀློག་སྟངས་དང་ལྟ་སྟངས་ཀྱིས་བཀླགས་པ་ཡིན། བཀླགས་མཇུག་ཏུ་མཚམས་སྦྱོར་ཞུ་ཡིག་འདི་འབྲི་བར་ཞུགས་པ་ཡིན།
ཐོག་མར་ཚིག་གཅིག་ཞུ་བར་འདོད་པ་སྟེ། ཁ་སང་དེ་རིང་ནི། སྙན་ངག་ཏུ་བཏགས་པའི་ཚིགས་བཅད་མང་པོ་འཕེལ་བཞིན་པའི་དུས་སྐབས་ཤིག་རེད་དེ། འདི་ཙམ་ནི་ཡི་གེ་བ་བྱིངས་ཀྱིས་འབྲི་ཤེས་ངེས་སུའང་ངོས་འཛིན་བྱེད་ཀྱིན་ཡོད། ཅི་ལ་ཞེ་ན། ང་རང་ཉིད་ཐེ་བའི་ཡི་གེ་བ་ཚོས་ད་ལྟ་འབྲི་བཞིན་པ་དག་ནི་རེ་འགའ་ཙམ་ལས་སྙན་ངག་ཏུ་མཐོང་སྣེ་ཚད་ལྡན་ཅིག་མི་འདུག་སེམས་ཀྱིན་ཡོད། གཅིག་ཐང་ན། ངའི་ལྟ་སྟངས་འདི་ནོར་ཡོད་སྲིད། གང་ལྟར་ནའང་། ཁ་སང་དེ་རིང་གི་ཚིགས་བཅད་འགའ་ཞིག་གིས་ནི་ཚོར་བ་འདི་འདྲ་ཞིག་བསྐྱེད་པར་འདུག
དེབ་འདི་བཀླགས་པའི་ཚོར་སྣང་དང་པོ་ལ། ནམ་རྒྱུན་གྱི་ལྟ་སྟངས་ཤིག་སྟེ། རིག་གནས་པ་ཞིག་བྱེད་ན། རིག་གནས་ཤེས་དགོས་པ་དང་། ཀློག་པ་པོ་ཚད་ལྡན་ཅིག་བྱེད་ནའང་རིག་གནས་ཤེས་དགོས་པའི་ལྟ་སྟངས་ཀྱི་ར་སྤྲོད་ཅིག་ཏུ་མཐོང་སོང་། རིག་གནས་ལབ་ན་ག་རེ་རེད། ཤེས་པའི་ཚད་ལབ་ན་གང་འདྲ་རེད། འདི་ལ་ཚད་ཐིག་ངེས་པ་ཅན་ཡོད་པར་བཤད་དཀའ་ཡང་། ཀློག་མཁན་ཞིག་གི་ངོས་ནས་བཤད་ན། དམའ་མཐར་ཡང་ཆེ་ཆུང་གི་ཟླས་ཕྱེ་མིན་ལ་མ་ལྟོས་པར། རིག་གནས་སྤྱི་དང་བྱེ་བྲག་གང་གིའང་ཐ་སྙད་ཙམ་ལ་ནི་ངེས་པ་རྙེད་པ་ཞིག་ཡིན་དགོས་འདུག དེབ་འདིས་གནད་འདི་ཇེ་གསལ་དུ་གཏོང་བར་འདུག དེ་སྐད་ཟེར་དོན་ནི། ང་དང་ང་འདྲ་བ་དག་གིས་བརྡ་ཆད་མང་པོ་ཞིག་གསར་དུ་སྦྱོང་བཞིན་དེབ་འདི་བཀླགས་ན་ལས་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཐབས་མེད་པ་ཞིག་རེད། མི་བདེན་པར་འདོད་པ་དག་གིས་ཚོད་ལྟ་རེ་གནང་རོགས།
ང་རང་ལ་མཚོན་ན། སྐུ་གཞོགས་ཁྲི་གཡུང་དྲུང་གི་སྐོར་ལ་ཆ་རྒྱུས་དེ་ཙམ་མེད། ངོ་ཤེས་པ་ཙམ་དང་། ཡིག་འབྲེལ་ཡོད་པ་ཙམ། ཡང་ན། མཚམས་རེར་འཁྱུག་ཙམ་རེར་དངོས་སུ་མཇལ་མྱོང་བ་དང་། དྲ་ལམ་ནས་ཁོང་དང་མཇལ་ཐེངས་རེར་གླེང་མོལ་དོན་ལྡན་རེར་ཉན་མྱོང་བ་དེ་ཙམ་ཡིན། འོན་ཏེ། ངས་ཁོང་གི་རྣམ་དཔྱོད་དང་། རྩོམ་ཡིག རྩོམ་དེབ་བཅས་ཀྱི་ངོས་དེར་དོ་སྣང་རྒྱུན་མ་ཆད་པ་ཞིག་ཞུས་མྱོང་།
ཁོང་གིས་བྲིས་པའི་༼ཁྱུང་མོ་དགོན་པའི་ལོ་རྒྱུས་༽དེབ་དེས་ང་རང་བསམ་གཞིགས་རིང་མོ་ཞིག་གི་ཀློང་ལ་གཡུགས་མྱོང་། དེབ་དེའི་ནང་ཞིབ་ནན་དེ་ཙམ་མིན་པར་འཕོ་བ་གྲོང་འཇུག་གི་དོན་དངོས་ལོ་རྒྱུས་ཤིག་བཀོད་ཡོད། དེས་ང་ལ་བློ་སྒོ་གསར་པ་ཞིག་ཕྱེས་སོང་། རིག་གནས་ཤིག་གི་བཞུར་རྒྱུན་མཐོང་བཅུག་སོང་། བློ་སྐྱེད་ཟེར་བ་ནི་འདི་འདྲ་དག་ལ་ཟེར་བ་རེད་འདོད། རྩོམ་གྱི་ནུས་པའམ་འཕྲིན་ལས་ཟེར་བའང་འདི་འདྲ་བ་ལ་ཟེར་བ་ཡིན་མཆི།
ཡང་། སྔ་ལོའི་ནང་། ཁོང་གི་བརྩམས་དེབ་བཞི་པ་༼བརྡ་སྤྲོད་གཟི་མིག་དགུ་པ་༽བཀླགས་པ་ཡིན། དེས་རང་ཉིད་ལ་སྟོང་ཆ་མང་པོ་ཞིག་ཡོད་པ་ཁ་གསབ་བྱས་བྱུང་། གལ་སྲིད་ང་རང་ད་ལྟ་ཡང་སྐྱར་འཛིན་ཁང་ཞིག་གི་འཆད་སྟེགས་སུ་འགྲེངས་ཡོད་ན། ནག་པང་དེ་ཕྱེད་གཉིས་སུ་བགོས་ནས། བོད་ཀྱི་གནའ་དེང་མཁས་པས་མཛད་པའི་བརྡ་སྤྲོད་གཞུང་འགྲེལ་ཕལ་མོ་ཆེ་བའི་སྙིང་དོན་གྱི་ཟུར་དང་ངོས་གཉིས་ཀ་མཐོང་བ་ཞིག་འཆད་ཁྲིད་ཞུ་ཐུབ་པར་སེམས། འདི་ཡང་སྔར་མེད་ཀྱི་བློ་སྐྱེད་དུ་མཐོང་གིན་ཡོད།
༼གདུང་ཚོར་ནག་པོ་༽ཞུ་བ་དང་༼ས་མཐའི་སེམས་པ་དམར་པོ་༽ཞུ་བའི་དེབ་དེ་གཉིས་ཀྱང་བམ་ཀློག་རེ་ཞུས་མྱོང་། དེ་ནི་ལོ་ངོ་གང་འཚམ་གྱི་སྔོན་ལ་རེད། གང་ལྟར། རྒྱལ་བ་སྨན་རི་བའི་གདན་ས་སྨན་རིའི་གླིང་ན། གཞོན་སྐྱེས་མཁས་པ་མང་པོ་ཞིག་བཞུགས་པ་དག་ལས། རྣམ་དཔྱོད་ཀྱི་ཉེ་སར་བཅར་མྱོང་བ་རེ་འགའ་ཡོད་པའི་ནང་ནས་བག་ཆགས་ཟབ་ཤོས་བྱུང་བ་ནི་སྐུ་གཞོགས་ཁྲི་གཡུང་དྲུང་ཚང་འདི་བ་དང་། སྐུ་གཞོགས་བྱ་འཕུར་ལྷུན་འགྲུབ་རྒྱ་མཚོ་དང་སྐུ་གཞོགས་ཉི་མ་འོད་ཟེར་བཅས་ཡིན། ཁོང་ཅག་བརྒྱུད་ནས་ངས་༼བོན་སྒོ་༽དུས་དེབ་ཆ་ཚང་དང་། གཞན་ཡང་སྐབས་འབྲེལ་ལས་དོན་དང་རྩོམ་འབྲིའི་དགོས་མཁོ་དང་བསྟུན་ནས་བོན་གྱི་མཁས་པས་བརྩམས་པའི་ཡིག་ཆ་རྒྱས་བསྡུས་གང་འཚམ་ཞིག་མཇལ་ཀློག་ཞུས་མྱོང་། དེ་བས་ན། དེབ་འདི་གླེང་བའི་ཞར་ལ། རིགས་པའི་གྲོགས་པོ་ཁོང་ཅག་ལ་ཐུགས་རྗེ་ཆེ་ཞེས་ཀྱང་ཞུ་བར་འདོད།
སྐུ་གཞོགས་ཁྲི་གཡུང་དྲུང་གི་སྙན་དེབ་འདི་ལ། ཁྱོན་བསྡོམས་རྩོམ་ཡིག་གྲངས་སོ་བདུན་བསྡུས་འདུག་པ་ལས། རྩོམ་ཡིག་མཐའ་མ་དེ་ཟིན་ཐོའི་རྣམ་པ་ཅན་གྱི་རྩོམ་ཞིག་ཡིན་པ་ཕུད། བྱིངས་ནི་སྙན་ངག་གིས་བཅིངས་པའི་རྩོམ་ཡིག་རྐྱང་བ་རེད། དེ་ཡང་ཁྱད་ཆོས་བྱིངས་ཀྱི་ཟུར་ཙམ་ཞུས་ན། དཔལ་༸རྒྱལ་བ་སྨན་རི་བའི་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་ཀྱི་འཁྲུངས་སྐར་ལ་བྲིས་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་རྩོམ་༼ཁྱུང་ཆེན་གྱི་རྟོགས་པ་བརྗོད་པ་༽ཡིས་ཐོག་དྲངས་འབྲེལ་སྐྱེས་བུ་དམ་པའི་རྣམ་ཐར་ལས་འཕྲོས་པའི་རྟོགས་བརྗོད་སྙན་རྩོམ་དེ་དག་ནི། ཚིག་སྙན་པ་ཙམ་མ་རེད། བློ་སྐྱེད་མུ་འབྲེལ་དུ་སྟེར་བ་ཞིག་ཏུ་འདུག གཞན་ཡང་། བལ་བོའི་ས་ཡོམ་ལ་བྲིས་པ་༼ས་ཆེན་འཁྲུག་པའི་སྙན་ངག་༽དང་། དེ་བཞིན་༼རི་བོའི་ཕ་རོལ་ལ་སྤྲིངས་པའི་རྗེས་དྲན་༽སོགས་ཀྱང་རས་ཡོལ་ངོས་སུ་འཆར་བའི་བརྙན་རིས་ལྟ་བུ་ཞིག་བྲིས་འདུག་ལ། རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་ཞེས་པའི་དེབ་ཅིག་གི་བཀླགས་བྱང་༼རེག་ཟིག་ཚིགས་བཅད་མ་༽ལྟ་བུའི་བཀླགས་བྱང་སྙན་ངག་དང་། ༼ལོ་རྒྱུས་དོན་ཆེན་རེག་ཟིག་༽ལྟ་བུ་ལ་མཚོན་ན། བོད་ཀྱི་གནའ་རབས་དང་ཉེ་རབས་ལོ་རྒྱུས་ཀྱི་ཀློང་ནས། གནད་འགག་གི་འདུས་མདོ་མང་པོ་ཞིག་བརྗོད་སྙིང་དུ་བཟུང་འདུག་ལ། དེ་དག་ནི་ལོ་རྒྱུས་རིག་གནས་ཀྱི་གནད་ཀའི་འཇུ་ས་དང་དཔྱད་པའི་མཐིལ་སྙིང་བསྔོགས་པའི་ལྡེ་མིག་ལྟ་བུར་བཞེངས་འདུག རྩོམ་ཡིག་བྱིངས་ཀྱི་ཚིག་དོན་གྱི་མཛེས་པ་རེ་རེ་ནས་གླེང་བའི་དབང་དུ་བཏང་ན། དཔྱད་བརྗོད་ཀྱི་ལམ་དུ་ཞུགས་ནས་ཚིག་ཚོགས་མང་ཙམ་སྤེལ་དགོས་འདུག་ཀྱང་། དེ་དེར་འཇུག་པ་བསྐྱུངས་པ་ཡིན། སུ་དག་གིས་གླེང་འདོད་པ་དེ་དག་གི་སྐལ་བར་བཞག་ཡོད་ཅེས་ཀྱང་ཞུ་བ་ལགས།
མདོར་ན། དེབ་འདི་ནི། སྙན་ངག་གི་དེབ་ཙམ་མ་རེད། འདི་ནི་ལོ་རྒྱུས་ཀྱི་དེབ་ཅིག་རེད། འདི་ནི་རྣམ་ཐར་གྱི་དེབ་ཅིག་རེད། འདི་ནི་རྟོགས་བརྗོད་ཀྱི་དེབ་ཅིག་རེད། དེབ་འདིས། རྣམ་ཐར་དང་རྟོགས་བརྗོད། ལོ་རྒྱུས་བཅས་ཀྱི་ཀློང་ཞིག་མྱུལ་བ་ལས་བྱུང་བའི་བློ་སྐྱེད་ཅིག་སྟེར་བར་འདུག ལོ་རྒྱུས་ཀྱི་གནད་འགག་མང་པོ་ཞིག་དྲན་གསོ་བྱས་བྱུང་། དེ་ཡང་སྙན་པའི་ཚིག་གི་ཕྲེང་བ་དག་ཡིད་ལ་ཟུག་འགྲོ་བ་ཞིག་ཏུ་བཞེངས་འདུག དོན་གྱི་གནད་དག་གིས་སེམས་ཀྱི་རི་བོ་ཡོམ་ཡོམ་སྒུལ་འགྲོ་བ་ཞིག་བྲིས་འདུག་ཅེས་ཞུ་བར་འདོད་སོང་། གོང་ནས་ཞུས་གསལ་ལྟར། སྙན་ངག་ཙམ་ནི་ཡི་གེ་བ་སུས་ཀྱང་ནུས་པ་དེ་ལྟར་ཡང་། གནད་ཀྱི་དོན་སྦྲུམ་པའི་སྙན་ངག་གི་སྣང་བརྙན་འདི་འདྲ་ནི། དེང་ན་མཇལ་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདི་འདྲ་ཞིག་ལ། དེབ་འདིས་ངལ་གསོ་ཡག་པོ་ཞིག་སྦྱིན་བྱུང་ཞེས་ཀྱང་ཞུ་བ་ཡིན། ཁོང་གིས་སྙན་ངག་དག་ཇི་ལྟ་བུར་འདུག་ཅེས་འདྲི་མཁན་རྣམས་ལ། དེབ་འདི་བཀླགས་ནས་དྲི་བ་དེར་ལན་འཚོལ་རོགས་ཞེས་ཞུ་བ་དང་བཅས་པའི་མཚམས་སྦྱོར་ཞུ་ཡིག་ཏུ།
རྡོར་དབང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༧ ཉིན་ཕུལ།
ཐོབ་སྐར།
གཟིགས་ཐེངས:
QQ:897252858 QQ:541071093 QQ:354637293
MSN:rinpungtsulten@hotmail.com MSN:trisoten@hotmail.com
E-mail:himalayabon@aliyun.com Tel:13401155751/13990418773/15609739205
Copyright © 2010-2019 himalayabon.com All rights reserved. Powered by: tibetitw.com
པར་དབང་ཡོད་ཚད་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག