གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག

རྩོམ་པ་པོ། གྲུབ་དབང་བསྟན་འཛིན་རིན་ཆེན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2015-11-18

ངོ་སྤྲོད་མདོར་བསྡུས། གླེང་གཞི།
བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ཞིང་དྲོ་བ་ལྷ་གནས་གཞལ་ཡས་ཁང་། །ཆུ་བོ་བཞི་འབབ་རྒྱ་མཚོ་བཞི་ཡིས་མཛེས། །འབྲུ་སྣ་སྣ་ཚོགས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་འགྲོས་དགུ་སྤྱོད་རྩི་ཐོག་མར་ལ་སྤྱོད། །ཅེས་གསུངས་པ་བཞིན་སྣོད་ཀྱི་བཀོད་པའི་མཛེས་སྡུག་མཚར་དུ་དངར་བའི་ལྗོངས་ཆེན་པོར་འདིར་གནའ་ནས།སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ།བར་དབུས་གཙང་རུ་བཞི་ཡུར་དང་འདྲ།སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ་བར་གྲགས་པ་བཞིན།སྟོད་ཀྱི་མངའ་རིས་ནི་གངས་ལྗོངས་མཛེས་མའི་གཙུག་གི་དོ་ཀེར་ལྟར་མངོན་པར་མཐོ་ཞིང་།གནས་ཆེན་གངས་མཚོ་གཉིས་དང་ཕྱོགས་སུ་འབབ་པའི་ཆུ་བོ་ཆེན་པོ་བཞི་ཡི་འབྱུང་ཁུངས་ཡིན་ལ།གནའ་ན་ཞང་ཞུང་ཞེས་ཤེས་དཔལ་སྟོབས་གསུམ་གྱི་དཔུང་བ་མོད་མི་དམའ་བའི་རྒྱལ་ཁབ་གཅིག་ཆགས་ཤིང་།དེ་ལས་འབྱུང་བའི་བོན་གྱི་ཤེས་རིག་གིས་མཐའ་འཁོར་གྱི་ཡུལ་གྲུ་ཀུན་ལ་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཐེབས་ཡོད།ཁྱད་པར་སྒང་པ་བོད་པར་བློ་རིག་གི་སྒྲོན་མེ་ཐོག་མར་སྤར་ཞིང་།ཏིལ་དང་ཏིལ་མར་གྱི་ངོ་བོ་ལྟར་བོད་མིའི་ཡུལ་སྲོལ་གོམས་གཤིས་ཀུན་ལའང་དབྱེ་བས་ཕྱེ་དཀའ་བར་གྱུར་ཡོད་པ་ནི་མཁྱེན་གསལ་ལྟར་ལ།
བོད་བཙན་པོའི་རྒྱལ་ཁབ་སིལ་བུར་ཐོར་ཞིང་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་ཉག་ཕྲ་བར་འགྱུར་བའི་དུས་སྐབས་སུའང་།དཔའ་མཛངས་སྙིང་སྟོབས་ཀྱི་དཔུང་པས་ས་ཆེན་འདེགས་པར་བཟོད་པའི་མངའ་རིས་ཆོས་རྒྱལ་སྤྱི་དང་ལྷ་བླ་མ་ཁུ་དབོན།ལོ་ཙྰ་རིན་ཆེན་བཟང་པོ།རྒྱ་བརྩོན་འགྲུས་སེང་གེ།ནག་ཚོ་ལོ་ཙྰ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཡོན་མཆོད་རྣམས་ཀྱི་ཐུགས་རྗེས་མཐོ་གླིང་དང་ཁྭ་ཆར།ཉར་མ་སོགས་གཙུག་ལག་ཁང་བརྒྱ་རྩ་བཞེངས་ཏེ་རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ཅིང་།ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཤིན་ཏུ་དར་བར་མཛད་པས་གསང་སྔགས་གསར་མ་བ་ཞེས་ཡོངས་སུ་གྲགས།མངའ་རིས་འདི་ཡང་དཔལ་ན་ལེནྡྲ་གཉིས་པ་ལྟར་བསྟན་པ་ཕྱི་དར་གྱི་མཁས་གྲུབ་འདུ་བའི་གནས་ལྟ་བུར་གྱུར་ཏེ་མེ་འབྲུག་ཆོས་འཁོར་ཞེས་ཡོངས་སུ་གྲགས་པའི་ལོ་རྒྱུས་རང་བཞིན་གྱི་རིག་གནས་འདུ་འཚོགས་ཐོག་མའང་བཙུགས་པ་རེད།
གཞན་ཡང་ངོ་མཚར་ལྐོག་འགྱུར་གྱི་གཏམས་པའི་ཞང་ཞུང་རྒྱལ་རབས་ཀྱི་རྗེས་ཤུལ་དང་།མཚར་སྡུག་འོད་དུ་འབར་བའི་གུ་གེའི་གནའ་ཤུལ།ས་འདིར་འཚོ་ཞིང་བཞེས་པའི་མི་དམངས་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་ལས་འཛད་མཐའ་མེད་པའི་རིག་གནས་ཀྱི་ལུ་མ་གངས་ལྗོངས་ཤེས་རིག་གི་གསོས་སུ་བརྡོལ་ངེས་ཡིན་པ་སྨྲོས་སུ་མེད།
དེ་ལྟའི་ངོ་མཚར་གྱིས་གཏམས་པའི་མངའ་རིས་ས་མཐོའི་ཤེས་རིག་རྣམས།དུས་ཀྱི་རྒུད་པ་རབས་དང་རིམ་པས་ཉམས་ཆག་ཏུ་གྱུར་བར་ཡིད་ཁུད་དུ་མ་བཅུད་པར།༼གངས་ཏི་སེ་མངའ་རིས་རིག་གནས་གཅེས་སྐྱོང་ཁང་།༽ཞེས་པ་ཞིག་བཙུགས་ཏེ།ཆོས་ལུགས་གྲུབ་མཐའི་རས་སུ་མ་བོར་བར་མངའ་རིས་དང་འབྲེལ་ཡོད་ཀྱི་དཔེ་རྒྱུན་དཀོན་པའི་དཔེ་ཆ་སྣ་ཚོགས་བསྡུ་སྒྲིག་གིས་དཔར་འདེབས་འགྲེམས་སྤེལ་ཞུ་གིན་ཡོད།
དེ་བཞིན་ལས་དོན་དེར་ཐུགས་བཞེད་འདྲོངས་པའི་མཁྱེན་ལྡན་པ་རྣམས་ནས་དཔེ་རྙིང་མཁོ་འདོན་དང་འཚོལ་བསྡུ།དགོངས་སྨིན་གྱི་བཀའ་སློབ།མདོར་ན་ཐུན་མོང་གི་ཤེས་རིག་ལ་དམིགས་པའི་གང་ཆར་ཕྱར་བ་གྲུ་འདེགས་ཀྱིས་རྒྱབ་སྐྱོར་གནང་དང་གནང་རྒྱུར་གསོལ་བ་ཡང་འདེབས་བཞིན་ཡོད།
གངས་ཏི་སེ་མངའ་རིས་རིག་གནས་གཅེས་སྐྱོང་ཁང་ནས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།