ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> ཆོས་འཁོར་ཚང་ཉི་མ་འོད་ཟེར།
ཆོས་འཁོར་ཚང་ཉི་མ་འོད་ཟེར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གཤེན་ཚེ་ཚང་དགེ་བཤེས་འོད་ཟེར་རྒྱལ་མཚན།] [ཟླ་ཚེས། 10-11-12] [ཀློག་གྲངས། ]

 

   ཁོང་ནི་ཧི་མ་ལ་ཡའི་དབུས་དཀྱིལ་དུ་གྲགས་པ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བཞེངས་པའི་སྐྱེས་ཆེན་དུ་མའི་གདན་ས་དོལ་པོ་ཞེས་པའི་བལ་པོའི་ལྗོངས་སུ་ཕྱི་ལོ་ ༡༩༧༦ ལོར་རྙིང་མ་དང་བཀའ་བརྒྱུད་ཟུང་འབྲེལ་དུ་སྤྱོད་པའི་ཆོས་འཁོར་ཚང་གི་གདུང་རྒྱུད་ལས་མཆེད་པའི་བོན་པོའི་ཁྱིམ་གསར་ཞིག་ཏུ་འཁྲུངས། ཆུང་དུས་ནས་ཡང་སྟོན་བླ་མའི་གདན་ས་བསམ་གླིང་དགོན་པའི་སྔགས་གྲལ་དུ་བཞུགས། ཕྱི་ལོ་ ༡༩༨༣ ལོར་རྒྱ་གར་དུ་ཕེབས་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཏུ་ཞུགས་ཏེ་འཛིན་གྲྭ་བརྒྱད་པའི་བར་བོད་ཡིག་དང༌། དབྱིན་ཡིག རྒྱ་གར་གྱི་སྐད་ཡིག་གསུམ་གྱིས་གཙོས་པའི་དེང་རབས་ཤེས་ཡོན་ཁག་ལ་སྦྱོང་བརྩོན་གྱི་འབྲས་བུ་ལོ་བསྟར་རྩེར་སོན་ཁོ་ནར་བླངས།
   ཕྱི་ལོ་ ༡༩༩༢ ལོར་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དང་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ཟུང་གི་དྲུང་ནས་རབ་ཏུ་བྱུང་སྟེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་འཛུལ་ཞུགས་ཀྱིས་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་མཐུན་མོང་རིག་གནས་རྣམས་ལ་སྦྱང་འགོ་བཙུགས།
   ཕྱི་ལོ་ ༡༩༩༢ ནས་ ༢༠༠༠ ཐམ་པའི་བར་ལོ་བརྒྱད་རིང་སྨན་རིའི་ཁྲི་འཛིན་མཆོག་གི་སྐུ་སྒེར་དྲུང་ཡིག་གི་སྲི་ཞུ་བསྒྲུབ་རྒྱུའི་སྐལ་བཟང་ཡང་ཐོབ།
   ཕྱི་ལོ་ ༢༠༠༡ ལོར་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཟུང་གི་དྲུང་ནས་དྲང་སྲོང་གི་སྡོམ་ཁྲིམས་ནོས་ཤིང་། ལོ་དེར་དོལ་པོ་བཀྲ་ཤིས་རྣམ་རྒྱལ་དགོན་པའི་དགོན་བདག་བླ་མ་རུ་བལ་ཡུལ་རྒྱལ་གཞུང་ཆོས་རིག་ལྷན་ཁང་གིས་དེབ་སྐྱེལ་མཚན་གནས་ཕུལ།
  ཕྱི་ལོ་ ༢༠༠༢ ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོའི་ཐུགས་འགན་བཞེས་ཏེ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་གྲྭ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་ཆེན་མོའི་གོ་སྒྲིག་ཚོགས་གཙོའི་ཐུགས་འགན་བཞེས་ཏེ་ཉེར་ལྔའི་མཛད་སྒོ་ཆེན་མོ་ལེགས་གྲུབ་བྱུང་བ་དང་། ༼ཉེར་ལྔའི་དྲན་དེབ་ཆེན་མོ་༽མཉམ་བྲིས་ཀྱང་མཛད།
   ཕྱི་ལོ་ ༢༠༠༣ ནས་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་༼བོན་སྒོ་༽ཞེས་པའི་གཙོ་སྒྲིག་པ་གནང་མུས་དང་།
  ཕྱི་ལོ་ ༢༠༠༥ ལོར་“དོལ་པོའི་གསུང་རབ་ཉམས་གསོ་ཁང་”བཙུགས་ནས་༼དོལ་པོའི་ཆོས་རིག་དེབ་འཕྲེང་༽རྣམས་ཀྱང་དཔར་སྐྲུན་མཛད་མུས།
  ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་ལོ་གསུམ་རིང་སྨན་རིའི་གྲྭ་ཚང་དུ་གཉེར་ཆེན་གྱི་ལས་ཁུར་ཐུགས་འགན་བཞེས་རིང་ཕྱི་ནང་ཚགས་ཚུད་གོང་འཕེལ་བྱུང་ཡོད།


༼༢༠༠༨བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས་སྐབས།༽

   ཕྱི་ལོ་ ༢༠༠༨ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཏགས་བཞེས།
  ཕྱི་ལོ་ ༢༠༠༩ ལོར་ནུབ་ཕྱོགས་(Holland)ཧོ་ལེན་ཌི་རྒྱལ་ཁབ་ཀྱི་(Leiden University)ལའི་སྟེང་གཙུག་ལག་སློབ་གཉེར་ཁང་ཆེན་མོས་ཁོང་ལ་ཞིབ་འཇུག་མི་སྣའི་སློབ་ཡོན་ཕུལ་བས་དེར་ཞིབ་འཇུག་གི་ཕྱག་ལས་ཀྱང་གནང་། ད་ལྟ་ཡུ་རོབ་(Czech Republic)ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་(Charles University)ཆར་ལེ་སི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ནང་(Lecturer)གཙུག་ལག་སློབ་དཔོན་གྱི་མཚན་འཛིན་ཡོད་པའི་སྟེང་། སློབ་གཉེར་ཁང་དེར་ལོ་རྒྱུས་ཞིབ་དཔྱོད་ཆེད་ལས་སུ་གཉེར་ནས་བོད་སོག་རིག་པའི་སྡེ་ཚན་ནང་(Ph.D Student)ཞིབ་འཇུག་རབ་འབྱམས་པ་ལོ་རིམ་གཉིས་པར་སློབ་གཉེར་གནང་མུས་ཀྱི་ཞོར་ལ་ཡུ་རོབ་གླིང་གི་བོན་ཚོགས་རྣམས་སུ་བོན་གྱི་འཆད་ཁྲིད་ཀྱང་སྐྱོང་བཞིན་བཞུགས་ཡོད།
  ཁོང་ཉིད་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཞུགས་རིང་ཚད་མཐོའི་དཔྱད་རྩོམ་མི་འདྲ་བ་ཉི་ཤུ་ལྷག་ཅིག་དཔྱད་དེབ་ཁག་ཏུ་སྤེལ་ཡོད་ལ། དེ་བཞིན་སྨྱུག་མིང་དང་དངོས་མིང་ཅི་རིགས་སུ་བཀོལ་ཏེ་སྙན་རྩོམ་བརྒྱ་ཕྲག་ལས་བརྒལ་བ་ཚགས་ཤོག་དང་དུས་དེབ། དྲན་དེབ་དང་སྒེར་དེབ་རྣམས་སུ་བཀོད་ཡོད་པས་དེ་དག་ལས་ཕྱེད་ལྷག་བདམས་གསེས་ཀྱིས་སྙན་དེབ་ཅིག་ཀྱང་འདོན་འཆར་འདུག ད་དུང་སྤྱི་སྒེར་གྱི་དེབ་རིགས་མི་འདྲ་བ་སུམ་ཅུ་ལྷག་ལ་ཁོང་གིས་གླེང་བརྗོད་ཀྱང་བྲིས་ཡོད་པར་མ་ཟད། བསྒྱུར་བརྩམས་ཅི་རིགས་སུ་མཛད་པའི་སྒྲུང་རྩོམ་ཐུང་ངུ་འགའ་ཞིག་ཀྱང་ཚགས་དེབ་ཁག་ཏུ་སྣང་། གཞན་ཡང་ཁོང་གིས་མི་གཞན་གྱི་སྒེར་དེབ་དང་ཚོགས་པའི་དེབ་འཕྲེང་སོགས་གང་མང་ཞིག་བཀའ་ཀོར་དང་ཡ་ཡུས་མེད་པར་རྩོམ་སྒྲིག་དང་ཞུ་དག་བྱས་པའི་རིགས་ནི་དེ་བས་ཀྱང་མང་བར་མཐོང་ཡུལ་དུ་བཞུགས་ཡོད་པ་བཅས་སོ། །

ཁོང་གིས་རྒྱལ་སྤྱིའི་ཞིབ་འཇུག་གི་འདུ་ཚོགས་སུ་སྤེལ་བའི་དཔྱད་རྩོམ་ཁག

  ༢༠༠༦ འཇར་མེ་ནི། (དེ་གོ།) རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་འདུ་ཚོགས་ཐེངས་བཅུ་གཅིག་པ། “ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ།” (རྩོམ་འདི་ཉིད་ཚོགས་པ་དེས་དབྱིན་ཡིག་ཏུ་བསྒྱུར་ཡོད།)
༢༠༠༦ རྒྱ་གར། (རྡ་ས་བོད་ཀྱི་དཔེ་མཛོད་ཁང་།) བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཐེངས་དང་པོ། “ཞང་ཞུང་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་ནམ་མིན།” (དཔེ་མཛོད་ཁང་གིས་དཔར་ཟིན།)
༢༠༠༧ རྒྱ་གར། (སྲོང་བཙན་དཔེ་མཛོད་ཁང་།) བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་རྒྱལ་སྤྱིའི་འདུ་ཚོགས་ཐེངས་གཉིས་པ། “ཏུན་ཧོང་ཡིག་རྙིང་ནང་གི་སད་མར་ཀར་ལས་འཕྲོས་པའི་གཏམ།” (འདོན་སྤེལ་ཟིན།)
༢༠༠༧ རྒྱ་གར། (ཁུ་ནུ་སྟོད་ཕྱོགས་གནས་སྒོ།) ཧང་ལ་གྱེན་ཐུག་རིན་ཆེན་ནང་པའི་སྔར་ལུགས་བཅོལ་མ་ཚོགས་པ། “ཞང་ཞུང་དང་འབྲེལ་བའི་ཁུ་ནུའི་སྐད་རིག” (འདོན་སྤེལ་ཟིན་ཞིང་དབྱིན་ཡིག་ཏུའང་བསྐྱར་འབྲི་བྱེད་མུས།)


༼བོན་གྱི་རྒྱལ་སྤྱིའི་འདུ་ཚོགས་ཧྥ་གོའི་གཤེན་བསྟན་དར་རྒྱས་གླིང་།༽

༢༠༠༨ ཧྥ་རན་སི། (ཧྥ་གོའི་གཤེན་བསྟན་དར་རྒྱས་གླིང་།) བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་བོན་གྱི་རྒྱལ་སྤྱིའི་འདུ་ཚོགས། “དམུ་རིགས་གཤེན་གྱི་དམུ་ལས་འཕྲོས་ཏེ་དམུ་ཡི་རིགས་རུས་རྣམས་ལ་སྔོན་འགྲོའི་རགས་དཔྱད།” (འདོན་སྤེལ་ཟིན་ཞིང་འདིའི་ཟུར་ཞིག་དབྱིན་ཡིག་ཏུའང་འབྲི་མུས།)
༢༠༠༨ རྒྱ་གར། (གར་ཞྭ་ལྷོ་ཡུལ།) ལྷོ་ཡུལ་གར་ཞྭའི་ཡུལ་ལྷ་དང་གཞི་བདག་སྐོར་གྱི་རྒྱལ་སྤྱིའི་འདུ་ཚོགས། “གར་ཞྭ་མཁའ་འགྲོ་གླིང་གི་ཡུལ་ལྷའི་གཙོ་བོ་‘གྱེ་པང་སད་’དང་འབྲེལ་བའི་བོན་དང་ཞང་ཞུང་གླེང་བ།” (བསྐྱར་འབྲི་དང་འབྲེལ་སླར་ཡང་དཔྱད་མུས།)
༢༠༠༨ རྒྱ་གར། (‘ཐེ་གོར་’གྱི་སློབ་གཉེར་ཁང་ཆེན་མོ་‘ཤནྟི་ནི་ཀེ་ཏན།’ བྷང་ག་ལ།) སཱ་ཧོ་ཇྷ་ཐེག་པ་དང་བསམ་ཡས་རྩོད་པའི་སྐོར་ལ་རྒྱལ་སྤྱིའི་འདུ་ཚོགས། “བསམ་ཡས་རྩོད་པ་དང་འབྲེལ་བའི་བོན་གྱི་སྐོར།” (རྩོམ་སྒྲིག་བྱེད་མུས།)


༼འབྲུག་ཡུལ་དུ་ཨེ་ཤི་ཡའི་སྔར་སྲོལ་གསོ་རིག་སྐོར་གྱི་རྒྱལ་སྤྱིའི་འདུ་ཚོགས་ཀྱི་སྐོར།༽

༢༠༠༩ འབྲུག་ཡུལ། (རྒྱལ་གཞུང་འཛིན་སྐྱོང་སློབ་གཉེར་ཁང་ཆེན་མོ།) ཨེ་ཤི་ཡའི་སྔར་སྲོལ་གསོ་རིག་སྐོར་གྱི་རྒྱལ་སྤྱིའི་འདུ་ཚོགས་ཐེངས་བདུན་པ། “སྡེ་དགེ་དཔར་ཁང་ཆེན་མོའི་རྒྱུད་བཞིའི་མཇུག་བྱང་ལས་མངོན་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས།” (ཚོགས་པ་དེས་དབྱིན་ཡིག་ཏུ་སྒྱུར་མུས།)
༢༠༡༠ ཁེ་ན་ཌ། (ཅ་ནཏ།) རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་འདུ་ཚོགས་ཐེངས་བཅུ་གཉིས་པ། “སྤྱི་མཆོད་ཅེས་པའི་དོལ་པོའི་སེར་སྲུང་པ།” (རྩོམ་འདི་དབྱིན་སྐད་དུ་བསྒྱུར་ནས་དབྱིན་ཡུལ་གྱི་འདུ་ཚོགས་ཞིག་ཏུ་སྤེལ་འཆར་འདུག)


༼ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱི་ཉེ་ཆར་འདྲ་པར།༽

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག