ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ལེགས་རྩོམ། >> བསྟོད་ཚོགས། >> སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་པའི་གནས་བསྡུས་སྙིང་ཐིག་མ།
སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་པའི་གནས་བསྡུས་སྙིང་ཐིག་མ།
[རྩོམ་གྱི་ཡོང་ཁུངས། ཁྱུང་གསས་ཀྱི་ཟིན་བྲིས་སྤྱི་སྤུངས།] [རྩོམ་པ་པོ། ཁྱུང་གསས།] [ཟླ་ཚེས། 13-01-15] [ཀློག་གྲངས། ]


ཕེབས་སྒོ་ཕྱི།
རྒྱལ་བའི་གདུང་སོབ་རྒྱལ་བ་སྨན་རི་བ། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་གནས་མཆོག་འདིར། །
རྒྱལ་བའི་གསེར་ཞལ་དངོས་སུ་སྒྱུར་བ་ལ། །རྒྱལ་འབངས་འགྲོ་བ་ཡོངས་ཀྱིས་དགའ་བསུ་ཞུ། །

ཕེབས་སྒོ་ནང་།
ཟབ་རྒྱས་ལུང་རྟོགས་རྒྱ་མཚོའི་མངའ་བདག་ཆེ། །བསྟན་པའི་ཉི་མ་ཞིང་འདིར་འཛུམ་པའི་ཉིན། །
བཀྲ་ཤིས་རྟགས་ཀྱིས་མཚན་པའི་གནས་མཆོག་འདིར། །བདེ་ལེགས་ཤིས་བརྗོད་རོལ་མོས་བསུ་བ་ཞུ། །

བསོད་ནམས།
སྤྱི་མཐུན་བསོད་ནམས་འོ་མའི་དཔྲི། །དད་འདུན་དྲང་ཤིང་གིས་བསྲུབས་པས། །
འགྲོ་བའི་སྐྱབས་མགོན་མར་དཀར་རིལ། །ཞིང་འདིར་ཕན་བདེའི་གསོས་སུ་སྨིན། །

དུས་ཚོད།
སྟོང་ལོ་གཉིས་པའི་བཅུ་གསུམ་ལོའི། །དུས་ཀྱི་འགོ་མ་ནམ་མཁར་ཤར། །
བཞི་པའི་ཚེས་ཀྱི་ཉི་མྱུལ་སྤྲེལ། །ཉི་མའི་དཀྱིལ་འཁོར་ཞིང་འདིར་འཛུམ། །

བསུ་བ།
ལུང་རྟོགས་བསྟན་པ་གཡུང་དྲུང་རིས། །ལྷ་དར་རེ་ཁས་བསུ་མ་དང་། །
ཚོགས་སྡེས་དགའ་སྐྱིད་བྲོ་གར་བཅས། །ཁྲི་འཛིན་སོ་གསུམ་ཞིང་འདིར་བསུས། །

རྣམ་འགྱུར།
བཤད་སྒྲུབ་གདུགས་དཀར་འདེགས་པའི་ས། །དཔལ་ལྡན་ནོར་རྩེའི་བླ་སློབ་དང་། །
ལྷ་སྡེས་བསུ་ཕྲེང་རྒྱས་གནང་ཐོག །མཁན་སློབ་ཉི་ཟླ་གདན་གཅིག་འཛོམས། །

མཆོད་པ།
བོན་གྱི་ཀ་ཆེན་རྣམ་གཉིས་པོ། །སེང་གེའི་དབུ་ཐོད་གཅིག་སྦྲེལ་ཚེ། །
གཡག་སེང་གར་གྱི་སྟངས་སྟབས་དང་། །མཆོད་སྤྲིན་རོལ་མོའི་སྤྲིན་ཚོགས་གཏིབས། །

གོ་རིམ།
མི་འཇིགས་གདོང་ལྔ་བརྩེགས་པའི་ཁྲིར། །བསྟན་པའི་ཉི་མ་གཟུགས་སུ་ཤར། །
སྐུ་གསུང་ཐུགས་གསུམ་མན་ཌལ་དང་། །རྣམ་ལྔའི་རྫས་ཀྱི་མཆོད་སྤྲིན་ཕུལ། །

དད་པ།
འཛམ་བུ་ཊི་ཤའི་གླིང་ཀུན་ནས། །མ་གྲོས་འུབ་ཀྱིས་འདུས་པའི་མགྲོན། །
ལྟོས་བཅས་ལྷ་འབངས་སྡེ་རྣམས་ཀྱིས། །དྲི་མེད་ཁ་དར་སྐྱེས་སུ་བཏེགས། །

བཞུགས་ཚུལ།
བླ་མ་ལྷ་ཡི་གསས་ཁང་དུ། །ཞབས་སེན་འོད་དཀར་གདན་དུ་བཀོད། །
དབེན་པ་གསུམ་གྱི་ཏིང་འཛིན་ངང་། །ཐུགས་དམ་བདེ་ཆེན་ཀློང་དུ་གཟིགས། །

མཇལ་འཕྲད།
ཁྲི་རབས་མཚོ་ཡི་གྲངས་ལྡན་དུ། །གཤེན་བསྟན་གདུགས་ཆེན་མཁར་བཀྱགས་པའི། །
གདན་ས་གསུམ་གྱི་ཡོངས་འཛིན་དང་། །གསུང་གླེང་དགྱེས་ཞལ་སྟབས་གཅིག་བཤམས། །

ཕྲིན་ལས།
རྣམ་བཞིའི་འཕྲིན་ལས་དབྱིག་གི་གཏེར། །ཚེ་རིང་སྲོག་གི་དམུ་ཐག་ཅིག །
ལྷ་འབངས་སྐྱ་སེར་སྡེ་ཀུན་ལ། །དགྱེས་བརྩེའི་འཛུམ་དང་བཅས་ནས་བསྩལ། །

གཟིགས་སྐོར།
རྣམ་གསུམ་བསྟན་པ་ཁྲི་ལོ་རུ། །བརྟན་པ་ནོར་བུའི་ཞིང་གི་རྩེའི། །
ཕྱོགས་མཚམས་ལྷ་ཡི་གཞལ་ཡས་སུ། །གཟིགས་སྐོར་བྱིན་རླབས་སྤྲིན་ཆར་ཕབ། །

བཀའ་སློབ།
རེ་བའི་མིག་འབུར་ཟབ་གདམས་སུ། །གཏད་པའི་སྐྱ་སེར་ལག་གྲངས་ལ།
བཀའ་མཆིད་འབེལ་གཏམ་དབྱངས་བཀུག་སྟེ། །སྐུ་ཚེའི་བརྒྱུད་རིམ་ངོ་སྤྲོད་གནང་། །

དངོས་གྲུབ།
ལས་ཅན་རབ་བྱུང་དྲུག་ཕྲག་དྲུག །གསེར་རུའི་གྲངས་ལྡན་བཙུན་བཅས་ལ། །
ཉི་ཟླའི་མཚན་གྲངས་རྣམ་གཉིས་ཀྱིས། །ཁྲིམས་ཆེན་སྡོམ་པ་ཐུགས་སུ་བསྟབ། །

རབ་གནས།
མཆོག་ལྔའི་རྟེན་དང་རྒྱལ་བའི་བཀའ། །བསོད་ནམས་སྤྲིན་དུ་ཆགས་པའི་ས། །
གསར་སྐྲུན་གཞལ་ཡས་ཁང་ཆེན་དུ། །རབ་གནས་བྱིན་རླབས་ཆར་དུ་བསྙིལ། །

ལོ་གསར།
སྟོང་ལོ་གཉིས་པའི་བཅུ་གསུམ་ལོའི། །ཆུ་སྦྲུལ་བོན་ལོ་གསར་བཞད་ཀྱི། །
དགའ་སྟོན་རྟེན་འབྲེལ་རི་ལ་བཤམས། །ཚོགས་དང་མཆོད་པས་ལྷ་ཚོགས་བསྐངས། །

སྣང་བ།
ཉི་ཟླའི་འོད་དང་སྐར་མའི་ཟེར། །ལྷན་གཅིག་རི་བོའི་རྩེ་ནས་འཕྲོས། །
ལྷ་བསང་དུད་པའི་སྤྲིན་དཔུང་གཏིབས། །སྣ་ལྔའི་དར་གྱི་གཞའ་ཚོན་བཀྱེས། །

གཟེངས་བསྟོད།
ལྔ་སྙིགས་གདུལ་བྱའི་འདྲེན་མཆོག་རྗེ། །བླ་ཆེན་དྲན་པའི་རྟེན་ཆེན་དྲུང་། །
སྐྱ་སེར་ལྷ་འབངས་སྟོང་ལྡན་གྱིས། །ཀི་བསྭོ་ལྷ་རྒྱལ་དབྱངས་སུ་འཐེན། །

འབྲེལ་བ།
གྲགས་པའི་གྲགས་པ་ཆེས་འབར་བའི། །མཆོད་རྟེན་ཆེན་པོའི་ནང་སྐོར་དུ། །
ཆིབས་ཞལ་ཁ་ལོ་དལ་གྱིས་བསྒྱུར། །དད་སྦྱིན་ནང་དུ་བསུ་འདྲེན་ཞུས། །

བྱིན་རླབས།
རབ་གནས་བྱིན་རླབས་གཞིར་བསྟིམས་ཤིང་། །ཞབས་སོར་གནས་ལ་འཁོད་ནས་སུ། །
ཐུགས་དམ་བདེ་བ་ཆེན་པོའི་ངང་། །སླར་ཡང་ཉི་ཟླ་གདན་གཅིག་འཛོམས། །

གཏང་རག
གནས་གཞི་བརྟན་པའི་མཚན་ཅན་ཏེ། །མཁན་པོས་འབུལ་ཚན་བསྟར་ཕྲེང་བཅས། །
ཐུགས་དམ་དགྱེས་པའི་གཏང་རག་ཏུ། །དད་མདུན་དམིགས་པས་མཆོད་སྤྲིན་ཕུལ། །

ཕེབས་སྐྱེལ།
གསུམ་པའི་ཚེས་ཀྱི་ནམ་ལངས་དུས། །ལྷ་འབངས་ལས་སྣེས་སྐྱེལ་མའི་བརྒྱུད། །
བོན་གྱི་ལྷ་སྐལ་ཉི་མ་ཆེ། །ཞབས་སོར་འཕགས་པའི་གནས་སུ་བཀོད། །

སྨོན་པ།
དེ་ལྟར་འགྲོ་ཀུན་ཞི་བདེའི་མགོན། །ཡངས་པའི་འཇིག་རྟེན་ཁམས་འདི་རུ། །
སྐུ་ཚེ་འགྱུར་མེད་རྟག་བརྟན་ཞིང་། །བཞེད་དོན་མཐར་ཕྱིན་འགྲུབ་གྱུར་ཅིག། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག