ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> མཁན་རབས་བླ་སྤྲུལ། >> ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན།
ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྒྱལ་རོང་ཀུན་བཟང་རྒྱ་མཚོ།] [ཟླ་ཚེས། 11-11-23] [ཀློག་གྲངས། ]

ངོ་བོ་སྟོང་པ་སྐྱེ་བ་མེད་པ་ལ།།
རྣམ་པ་གསལ་བ་འགག་མེད་ལྷུན་གྲུབ་རོལ།།
གསལ་སྟོང་དབྱེར་མེད་གཉུག་མ་རོ་གཅིག་ལ།།
གདེང་གསུམ་བརྙེས་པ་ཁྱེད་ཉིད་ཨེ་མ་རྨད།།
ལྟ་བ་དགོངས་སྤྱོད་ནམ་མཁའ་ཕྱོགས་མེད་ལྡིང་།།
ཚུལ་ཁྲིམས་རྩ་བ་མ་འཆོར་རབ་ཏུ་བཙུན།།
རྨད་བྱུང་གྱེར་བསྟན་ཕྱོགས་མེད་བསྐྲུན་བྱེད་པོ།།
སྙིགས་དུས་འགྲོ་བའི་འདྲེན་སྟོན་ཁྱེད་མིན་སུ།།
འགྲོ་དོན་ཕྲིན་ལས་རྒྱ་མཚོའི་གཏིང་མཐའ་བཞིན།།
གཞལ་བ་དཀའ་ཡང་སོར་སྐྱེས་མིག་ལམ་དུ།།
མངོན་གྱུར་ཚིག་འགའ་དྲི་བྲལ་མེ་ཏོག་བཞིན།།
ལྷག་བསམ་དག་པས་དྲང་པོས་ལམ་ནས་སྤྲོ།།

 

  དེ་ཡང་ཨ་ཁྲིད་རྣམ་ཐར་ལས། བླ་མ་དམ་པ་རྣམས་ཀྱི་ཡོན་ཏན་ནི། ཀུན་གྱི་དཔགས་པས་དཔོག་པའི་སྤྱོད་ཡུལ་མིན། བདག་སོགས་ལྟར་སྣང་འཇིག་རྟེན་སེམས་ཅན་གྱི། བརྗོད་པར་བྱ་བའི་ཐ་སྙད་སྨྲོས་ཅི་དགོས། འོན་ཀྱང་གདུལ་བྱའི་སྣང་བ་ཐ་དད་ལ། དེ་དང་འཚམས་པའི་མཛད་པ་སྣ་ཚོགས་སྟོན། བདག་གིས་བསམ་པ་བཟང་པོས་ཀུན་བསླངས་ནས། ཅུང་ཟད་ཙམ་ཞིག་ཟབ་མོ་འདི་བཀོད་བྱ། ཞེས་གསུངས་པ་བཞིན། བདག་གིས་སྐབས་འདིར་བཤད་པར་བྱ་བ་ནི། ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་གྱི་རྟོགས་བརྗོད་རགས་ཙམ་འཆད་པ་ལ་གསུམ་སྟེ། སྐུ་སྐྱེ་བ་བཞེས་པ་དང་ཆུང་ངུའི་དུས་ཀྱི་མཛད་རྣམ། ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་ཐོས་བསམ་བྱེད་ཚུལ། གཞན་དོན་དུ་རླབས་ཆེན་ཕྲིན་ལས་ཀྱི་མཛད་པ་སྐྱོང་ཚུལ་དང་གསུམ་མོ། །དང་པོ་སྐུ་སྐྱེ་བ་བཞེས་ཚུལ་ནི། འབྱུང་ལྡན་༣༠༠ནང་ཚན་ཤིང་སྟག་ལོ་བའི་ཟླ་བའི་ཚེས་བཟང་ཉིན། ཡབ་ལི་ཤུ་ཀུན་དགའ་རྒྱལ་མཚན་དང་། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་མཚན་རྟགས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དེ་ཡང་ཆུང་ངུའི་དུས་ནས་སྔོན་སྦྱངས་ལས་འཕྲོ་ཡོད་པས། བྱམས་དང་སྙིང་རྗེ་ལྡན་ཞིང་ཡུལ་མཆོག་ལ་མོས་གུས་ཆེ་བ་བཅས་གཡུང་དྲུང་སེམས་དཔའི་རྟགས་དུ་མ་དང་ལྡན་པ་ནི་ཟོལ་བསྟོད་མིན་པ་ད་ལྟའི་ཡུལ་མི་ཀུན་གྱིས་སྒྲོག་པ་བཞིན་ཡིན་ནོ། །ཉིད་ལོ་ལྔ་ལོན་ཙམ་ན་ཡབ་ཀྱི་དྲུང་དུ་འབྲི་ཀློག་སློབ་ཅིང་སྔོན་འགྲོ་འབུམ་ལྔ་བསོགས་ནས་མཚན་གཤེན་རྒྱལ་བསྟན་འཛིན་དུ་གསོལ། གཉིས་པ་ཐོས་བསམ་བྱེད་ཚུལ་ལ་ཉིད་ཀྱི་དགུ་ལོ་བཅུ་བདུན་སྟེང་རྔ་བ་སྣང་ཞིག་དགོན་ཆེན་དུ་གྲྭ་སར་ཕེབས་ནས་སྣང་ཞིག་རྒྱལ་ཚབ་རྒྱལ་འོབས་བསྟན་འཛིན་དབང་རྒྱལ་གྱིས་ལི་ཤུ་སྐུ་འཕྲེང་སོ་བདུན་པ་སངས་རྒྱས་བསྟན་འཛིན་གྱི་ཡང་སྤྲུལ་དུ་ངོས་འཛིན་མཛད། དེ་ནས་བཟུང་སྣང་ཞིག་རྒྱལ་ཚབ་བཀའ་དྲིན་སུམ་ལྡན་གྱི་བླ་མར་བསྙེན་ཏེ། གཙང་གཙུག་གི་སྡོམ་པ་མནོས་ཤིང་གཡས་རུ་ཨ་ཁྲིད་ཀྱི་ཁྲིད་རྒྱུན་དང་ཐེག་པ་ཆེན་པོའི་གནས་ལུགས་ངོ་སྤྲོད་ཞལ་གདམས་གནང་ནས་ལོ་ལྔ་ཙམ་དུ་ཞལ་སྔར་འགྲིམ་ནས། སྒོམ་སྒྲུབ་ཉམས་ལེན་མཛད། སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་ཕྱི་ལྟ་བ་སྤྱི་གཅོད་དང་ནང་མན་ངག་དམར་ཁྲིད་བཅས་ཀྱི་ཁྲིད་རྒྱུན་ཐོབ་པ་དང་གསང་བ་རིག་པ་གཅེར་མཐོང་ཡང་གསང་གནས་ལུགས་ཕུགས་གཅོད་གཉིས་སོགས་ཀྱི་ལུང་ཐོབ། གཞན་ཡང་སློབ་དཔོན་ནམ་མཁའ་ཚུལ་ཁྲིམས་དང་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ། རྩིས་དཀར་ནག སྙན་ངག་བཅས་མཐར་ཐོན་པར་བྱས་སོ། །གསུམ་པ་གཞན་དོན་བསྐྱངས་ཚུལ་ནི། ཉིད་ཀྱི་དགུངས་གྲངས་ཉེར་གསུམ་སྟེང་ལི་ཤུ་བླ་རབས་ཀྱི་སྲོལ་བཟང་པོ་མི་ཉམས་པའི་སླད་དུ། རྩ་བའི་གྲྭ་ས་གོང་མ་གཙང་སྨན་རིར་ཕེབས་ནས་ཁྲི་བཞེངས་མཛད། རིམ་བཞིན་གྲྭ་ས་འོག་མ་གཡུང་དྲུང་གླིང་དུ་ཡང་ཁྲི་བཞེངས་མཛད་ནས་དཔོན་སློབ་ཀུན་གསལ་བློ་གྲོས་ཀྱིས་བོན་སྐྱོངས་སྐོར་བཀའ་གཏད་རྗེས་གནང་སྟེ། དཀྱིལ་འཁོར་སོགས་ཀྱི་ཐིག་རྩ་ཁྲིད་རྒྱུད་ཞུས། དེ་ནས་རྒྱལ་རོང་ཁྲོ་སྐྱབས་ཀྱི་གདན་ས་མཚོ་སྟེང་དགོན་པར་ཕེབས་ནས་གསེར་ཁྲི་རུ་མངའ་གསོལ་ཏེ་རྒྱལ་ཁབ་ཀྱི་སྤྲུལ་སྐུའི་དཔང་རྟགས་བཅས་གནང་། ལོ་གཉིས་ཙམ་ལ་རང་དགོན་གྱི་འགྲིག་ཁྲིམས་ལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱེད་པ་དང་། འབངས་མིའི་བློ་སེམས་བོན་ལ་ངེས་པར་བཅོལ་བའི་སླད་དུ་རང་དགོན་ལ་བཞུགས་ནས་རྒྱུད་སྨིན་བྱེད་སྔོན་འགྲོ་ལ་སོགས་གདམས། ཉིད་ཀྱི་དགུང་ལོ་ཉེར་ལྔའི་སྟེང་ཀྲུང་གོ་མཐོ་རིམ་ནང་བསྟན་སློབ་གླིང་གི་བརྡ་ཐོ་འབྱོར་ནས་ཉེར་བདུན་བར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས། དགུང་ལོ་ཉེར་བརྒྱད་སྟེང་རང་དགོན་དུ་བཞུགས་ནས་བསྟན་པ་སླར་གསོ་བྱེད་བཞིན་དུ་ཆུ་ཆེན་རྫོང་ནང་བསྟན་མཐུ་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས། ཁྲོ་སྐྱབས་ཡུལ་གྲུ་ཀུན་གྱི་བོན་དགོན་རྣམས་ལ་ཐུར་ཁུར་དང་རོགས་སྐྱོར་མང་པོར་མཛད། དགུང་གྲངས་ཉེར་དགུ་ནས་སོ་གཅིག་བར་དུ་རང་དགོན་མཚོ་སྟེང་ངོ་མཚར་ནོར་བུ་གླིང་ལ་མཆོད་རྟེན་བཀྲ་ཤིས་རྣམ་རྒྱལ་བཀོད་ལེགས་དང་དུང་འཁོར་ཇ་ཁང་བླ་བྲང་བཅས་གསར་བཞེངས་གནང་། དགུང་ལོ་སོ་གཅིག་ལ་པེ་ཅིང་ཆོས་ལུགས་ཞིབ་འཇུག་སློབ་གྲྭ་ཆེན་མོར་ཞུགས་པའི་དུས་མཚུངས་སུ་རང་དགོན་ལ་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པའི་འགོ་རྩོམ། དགུང་ལོ་སོ་གསུམ་སྟེང་སྔོན་བྱུང་སྨོན་ལམ་སྟོབས་ཀྱིས་དད་པའི་མདའ་མོ་གཅིག་ཏུ་གཏོད་ནས་རྒྱུད་གསུམ་འཛིན་པའི་སྨན་རི་བ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མའི་དྲུང་དུ་དག་པ་དྲང་སྲོང་གི་ཁྲིམས་མནོས། མཚན་ཡང་གཤེན་རྒྱལ་མདོ་སྔགས་བསྟན་འཛིན་དུ་གསོལ་ཞིང་ཁྲོ་བོ་དབང་བཞིའི་དབང་གནང་ནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཉེས་ལྟུང་གི་དྲི་མ་མེད་པར་སྲུང་ཞིང་རང་སེམས་རྣམ་དག་མཛད་པ་དང་སྨན་སློབ་བསྟན་འཛིན་རྣག་དག་མདུན་དུ་མཁའ་འགྲོ་སྐལ་བ་བཟང་མོའི་དབང་བཞི་དང་སྨྲ་སེང་གི་དབང་བཅས་ཐོབ། རྒྱ་གར་སྨན་རི་གླིང་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་ལ་ཁྲི་བཞེངས་དང་ཕྱག་འགྱེད་གྱ་ནོམ་ཕུལ། དེ་བཞིན་དུ་སྨན་སློབ་འཕྲིན་ལས་ཉི་མ། ཤར་རྫ་མཐུ་སྟོབས་རྣམ་རྒྱལ། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒན་གཡུང་དྲུང་བཅས་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་བདུད་རྩི་མང་པོ་མནོས། མདོར་ན་ཉིད་ཀྱིས་གསེར་ཁྲི་མངའ་གསོལ་ནས་ད་བར་དུ་རྒྱལ་རོང་ཁྲོ་སྐྱབས་ཕྱོགས་ཀྱི་བོན་དགོན་རྣམས་ལ་རྒྱབ་སྐྱོར་གནང་བ་དང་འཛུགས་སྐྲུན་བྱས་བྱེད་བཞིན་པ་སོགས་ཀུན་གྱི་མིག་ལམ་དུ་གྱུར་ཡོད། །ལྷག་པར་དུ་རྒྱལ་བའི་གཞུང་ལ་ཐོས་བསམ་པ་རྣམས་ལ་རོགས་སྐྱོར་གནང་བ་ནི་ངོ་མཚར་བའི་ཡུལ་དུ་གྱུར། ཉིད་ཀྱིས་ཀྱང་སྔོན་འགྲོ་དང་དངོས་གཞི་ལ་སོགས་གདམས་པས། རྒྱལ་རོང་གི་ཕྱོགས་ལ་སློབ་མ་ཡང་དུ་མ་མཆིས། ཉེ་བའི་ལོ་ཤས་ཀྱི་རིང་ལ་སངས་རྒྱས་བསྟན་པ་སྤྱི་དང་གཡུང་དྲུང་བོན་གྱི་བསྟན་པའི་ཆེད་དུ་བོད་ཡུལ་མདོ་དབུས་ཁམས་གསུམ་སོགས་བསྟན་པ་དགོན་པ་དད་ལྡན་མང་ཚོགས་བཅས་ལ་བལྟ་ཞིབ་དང་རོགས་སྐྱོར་ཅི་ཐུབ་དང་། ལྷག་པར་དུ་ཕྱོགས་སོ་སོར་མི་རིགས་རང་གི་རིག་གཞུང་གི་རྩ་བ་ཞང་བོད་རིག་གནས་ལ་སྲུང་སྐྱོང་དང་དར་སྤེལ་གྱི་བྱ་བ་རྒྱ་ཆེར་གནང་བ་མ་ཟད། སློབ་གྲྭ་དང་། སྒྲུབ་གྲྭ། བཤད་གྲྭ། སྒོམ་གྲྭ་བཅས་ལ་འགྲོ་དངུལ་དམངས་སྒོར་ཁྲི་སུམ་བརྒྱ་ལྷག་བཏང་ཟིན་པ་དང་། མི་མཐུད་ནས་གཏོང་བའི་བསམ་བློ་ཡོད་པ། ཞོར་དུ་རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་དུ་བཤད་སྒྲུབ་སློབ་གླིང་གི་ཁང་བ་དང་། དཔེ་མཛོད་ཁང་། དཔར་ཁང་ཆེན་མོ་སོགས་ལེགས་འགྲུབ་བྱུང་བ། ལི་ཤུའི་གདན་ས་བླ་རབས་སོ་དྲུག་གི་སྐུ་མཁར་བཞེངས་ཚར་ནས་གསས་ཁང་སྐྲུན་བཞིན་ཡོད་དང་། མཛད་པའི་གསུང་རྩོམ་གྱི་སྐོར་ནི་གཡུང་དྲུང་བོན་གྱི་བྱུང་ཚུལ། འདུལ་བའི་སྐོར། དུས་ཆེན་སྐོར། ཉམས་ལེན་སྐོར། མཚོ་སྟེང་དགོན་པའི་ལོ་རྒྱུས་སོགས་དང་། ད་ཆ་མཚོ་སྟེང་དགོན་པའི་དགོན་བདགདང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུས་ཚོགས་ཀྱི་ཀྱི་རྒྱུན་ལས། སི་ཁྲོན་ཞིང་ཆེན་གྱི་མཐུས་མི་ཚོགས་པའི་མཐུས་མི། རྔ་བ་ཁུལ་ནང་བསྟན་མཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྔ་བ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཆུ་ཆེན་རྫོངས་ནང་བསྟན་མཐུས་ཚོགས་ཀྱི་ཚོགས་གཙོ། ཆུ་ཆེན་རྫོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་སོགས་ཀྱི་འགན་ཁུར་བཞིན་ཡོད།
ཀྱེ་མ་མཚན་ལྡན་བླ་མ་དཔག་བསམ་ཤིང་། །
འདོད་དོན་ཡོངས་ཀུན་མ་ལུས་ཡལ་ག་རྒྱས། །
འབད་མེད་ལྷུན་གྲུབ་འབྲས་བུ་ཁུད་ཀྱིས་དུད།
བྱིན་རླབས་དབྱིངས་ནས་མྱུར་ཕོབས་ལོངས་སྤྱོད་ཤོག །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག