ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> དམ་ཆོས་དགོངས་གཅིག་གི་དགོངས་རྒྱན་ལ་ཕུལ་བའི་ལན ་དང་པོ།
དམ་ཆོས་དགོངས་གཅིག་གི་དགོངས་རྒྱན་ལ་ཕུལ་བའི་ལན ་དང་པོ།
[རྩོམ་གྱི་ཡོང་ཁུངས། ཧི་བོན་ཁྱུང་ཟིན་བྲིས།] [རྩོམ་པ་པོ། ཁྱུང་སྨྱུག་མཛེས།] [ཟླ་ཚེས། 11-10-27] [ཀློག་གྲངས། ]

དཔྱད་ལན་རྡོ་རྗེའི་རང་སྒྲ།

བསྭོ་ཡིག་སྒྱུ་འཕྲུལ་རོལ་པའི་རྩེ་དགའ་ལས།།

བྱད་མའི་སྦྱོར་ངན་གཞིག་དང་གཞོམ་པའི་དཔལ།།

གྱེར་བསྟན་ཡིད་བཞིན་བསྲུང་དང་སྤེལ་བའི་གཉེན།།

ཁྲོ་མཆོག་སྟག་ལར་འདུད་དོ་དགེ་ལེགས་སྩོལ།།

ཞེས་མཆོད་བརྗོད་ཚིགས་སུ་བཅད་པས་མདུན་བསུས་ཏེ།

   དམ་ཆོས་དགོངས་པ་གཅིག་པར་དཔྱད་པའི་ལན་འདེབས་བཟློག་མེད་རྡོ་རྗེའི་མེ་ཆར་ལ་དཔྱད་ལན་རྡོ་རྗེའི་རང་སྒྲ་བྱ་བ་འཆད་པ་ལ། དེ་ཡང་ཁ་བའི་དོ་ཤལ་འཆང་བའི་ཡུལ་གྲུ་ཆེན་པོ་འདི་ཉིད་རིགས་རུས་གཅིག་ལས་ཆད་ཅིང་། འཚེ་མེད་ཞི་བདེའི་དཔལ་ལ་སྤྱོད་པའི་སྒང་པ་བོད་ཅེས་ཀུན་ཏུ་གྲགས་པའི་སྙན་དབྱངས་འཕྱོ་བའི་ཆར། བན་དང་བོན་ས་དགེ་བཀའ་རྙིང་ཞེས་ཆོས་ཀྱི་ལུགས་མང་དུ་ཡོད་པ་ལ། རང་རང་གི་ལུགས་བཞིན་འཆད་ཉན་བྱས་ཚེ་ད་གཟོད་མཁས་གྲུབ་གོང་བའི་བསྟན་པའི་གཞུང་དོན་གྱིས། དེར་ཞུགས་སུ་ཞིག་ཡིན་རུང་ཕན་བདེའི་ལམ་རེ་ཡོད་པར་འདོད་ན་སྐྱོན་མེད་པའི་ཁར། དུས་འདིར་སྒང་པ་བོད་ལ་དགོས་པའི་དོན་ཆེན་ཞིག་ཀྱང་ཡིན་ལ། གཞན་དུ་ཁྱོད་ངན་ཞེས་བརྗོད་པ་ཙམ་ན་དེ་ཉིད་ངན་པར་འགྱུར་འགྲོ་བ་དང་། ཁྱོད་བཟང་ཞེས་བརྗོད་པ་ཙམ་གྱིས་བཟང་པོར་ག་ལ་འགྱུར། མ་ཟད་ད་སྐབས་སུ་འོ་ཅག་ལ་དགོས་པ་ནི་མཐུན་འབྲེལ་ཡིན་པ་ལས། ཁྱོད་ངན་ང་བཟང་གི་བོད་སྔ་མའི་དུས་རབས་དེ་གཏན་ནས་མིན། དེ་ལྟར་བསམ་ཚེ་བདག་གིས་ལན་འདེབས་འདི་འབྲི་བ་ལ་དགེ་མཚན་མི་འདུག འོན་ཏེ་བན་དེའི་ཆོས་ལུགས་འཛིན་པ་ཚོས་སྔར་བཞིན་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ལ། བསྟན་པའི་གྲུབ་མཐའ་དང་བྱུང་ཚུལ་རྣལ་མར་མི་བསམ་པར་མུ་ནས་མུ་རུ་འཐུད་དེ། སྔོན་གྱི་གཡོ་རྒྱུ་ཅན་གྱི་མཁས་མིང་ཅན་དང་གྲུབ་མིང་ཅན་དེ་ཚོའི་བྱ་སྟངས་ངན་པ་དེ་རྒྱུན་འཛིན་བྱེད་ཀྱི་ཡོད། དེ་ལྟ་བུའི་བྱ་ཐབས་ལས་བྱུང་བའི་དཀྲོགས་གཏམ་འདི་དག་གཞན་གྱིས་མཐོང་ཚེ། འོ་བོན་པོ་ཟེར་བ་དེ་འདྲའི་ངན་པ་ཞིག་ཡིན་འདུག་སྙམ་པ་དང་། བོན་པོས་དེར་ལན་སྤྲོད་རྒྱུ་མེད་པར་ཁོ་ཚོའི་མཚོང་འབུད་པའི་ཉན་ཁར་སྐྲག་པ་རེད་བསམ་སྲིད་པས་ན། དེ་དག་གི་དགོས་པར་དམིགས་དེ་ལན་འདི་འབྲི་བར་བྱའོ་ཞེས་པ་ནི་སྔོན་འགྲོའི་གཏམ་མོ། །འབྲི་གུང་དཀོན་མཆོག་རྒྱ་མཚོས་བརྩམ་པའི་དམ་པའི་ཆོས་དགོངས་པ་གཅིག་པ་ལེགས་པར་སྒྲུབ་པ་གཞོམ་མེད་རྡོ་རྗེའི་གོ་ཆ་དང་། དགོངས་གཅིག་འཐད་བརྗོད། དམ་ཆོས་དགོངས་པ་གཅིག་པར་དཔྱད་པའི་ལན་འདེབས་བཟློག་མེད་རྡོ་རྗེའི་མེ་ཆར་སོགས་སུ་གཡུང་དྲུང་བོན་གྱི་དངོས་ཡོད་ལོ་རྒྱུས་དེ་དག་མི་འཐད་པ་དང་། བོན་རྙིང་མ་ནི་འཚེ་བ་ཆོས་སུ་སྨྲ་བ་ཡིན་ཚུལ། བོན་གྱི་བརྟེན་འགྱུར་ནི་བསྒྱུར་བོན་ཡིན་ཚུལ་སོགས་རིགས་པའི་འགྲོས་གང་ཡང་མེད་པ་ཨུ་ཚུགས་མཐའ་བསྐྱེལ་གྱི་ཚིག་རོ་ཙམ་ལས་མི་འདུག་ནའང་། ངན་པ་ལང་ཤོར་ཡན་གར་གཏོང་བ་ཡང་འོས་པའི་གནས་མིན་པས་ན་ཐོག་མར་དགོངས་གཅིག་ལེགས་སྒྲུབ་ལས། ༢༣འགྲོ་བའི་མགོན་པོ་ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས། མུ་སྟེགས་དང་བོན་གྱིས་བདེན་པ་མཐོང་བའི་སྐབས་མེད་པར་གསུངས་ཤིང་སོགས་ཀྱི་སྐབས་འདིར་དགག་པ་ལ། དེ་འགོག་བྱེད་ནི་ཁྱོད་ཀྱི་རིགས་པས་དགག་སྟེ། བོན་པོས་བདེན་པ་མཐོང་བའི་སྐབས་ཡོད་པར་ཐལ། བོན་པོས་བདེན་པ་སྒོམ་རུང་བའི་ཕྱིར། དེར་ཐལ་བླུན་པོས་ཕྱག་རྒྱ་ཆེན་པོ་སྒོམ་རུང་བའི་ཕྱིར། དེ་མི་རུང་ན་བླུན་པོས་ཐོས་བསམ་བྱེད་མི་རུང་བར་འགྱུར། དེ་བཞིན་བོན་པོས་ཐོས་བསམ་བྱེད་མི་རུང་བར་ཐལ། གལ་ཏེ་བྱེད་རུང་ན་བོན་པོའི་ཐོས་བསམ་བྱེད་པའི་བློ་བོན་ཅན། གང་འཕེལ་དུ་འགྲོ་བ་མི་སྲིད་པར་ཐལ། བདེན་པ་མཐོང་མི་སྲིད་པའི་ཕྱིར། གཞན་ཡང་བོན་པོའི་རྒྱུད་ལ་དམ་པའི་ཆོས་ཀྱི་གདམས་པའི་སྣོད་ཡོད་དམ་མེད། མེད་པར་འདོད་མི་རུང་སྟེ། བོན་གྱི་གཤེན་སྟོན་ནམ་མཁར་ཕ་དམ་པས་གདམས་པ་གནང་བ་དེབ་སྔོན་ལས་གསུངས་པའི་ཕྱིར། དེ་བཞིན་བོན་གྱི་འགུ་རུ་རྣོན་རྩེར་ཡང་དམ་པས་གདམས་པ་གནང་བའི་ཕྱིར། བོན་པོ་དང་མུ་སྟེགས་པ་བོན་ཅན། སངས་རྒྱས་རུང་མིན་པར་ཐལ། བདེན་པ་མཐོང་བའི་སྐབས་མེད་པའི་ཕྱིར། བདེན་པ་མཐོང་བའི་སྐབས་མེད་ཀྱང་སངས་རྒྱས་པའི་སྐབས་ཡོད་ཅེས་འདོད་དམ། འགྲེལ་བ་སྣང་བྱེད་སྒྲོན་མེ་སོགས་བོན་གྱི་མཁས་པ་ཚོས་བཀག་ཟིན་འདུག་པས་འདིར་སྐྱར་བཟློས་མི་བྱེད་ལ། ཡང་ཁོ་ན་རེ། དེ་ཡང་བོན་གྱི་བསྟན་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་བྱུང་བ་ལ་དཔྱད་ན་བོན་མི་བདེན་པར་གྲུབ་སྟེ། ཞེས་སོགས་ནས། སྔ་མས་སྤུན་དུ་འདོད་པ་དང་ཕྱི་མས་མི་འདོད་པས་བོན་གཞུང་ནང་འགལ་ཡོད་པའི་ཕྱིར་དང་ཞེས་པར། ཁྱོད་ཀྱིས་ཤར་རྫ་བའི་དགོངས་དོན་ཡང་དག་པར་ཤེས་མེད་པར། ལུང་རྡོ་རྗེ་སྐེད་བཟུང་ཙམ་སྟེ། ཤར་རྫའི་ལེགས་བཤད་མཛོད་ལས། ༡༢༧འདིར་གཤེན་རབ་དང་ཤཱག་ཐུབ་གཉིས་ཕ་སྤུན་དུ་བཤད་པ་འདི་དག་འཇོག་ཤིན་ཏུ་དཀའ་ཡང་འགེགས་ཀྱང་མི་དགོས་ཏེ། སངས་རྒྱས་དང་སེམས་དཔའ་རྣམས་འགྲོ་བ་འདུལ་བའི་ཐབས་སུ་སྤྲུལ་པ་ཅིར་ཡང་སྟོན་པས་བྲེའོ་ཟས་ཀྱི་སྲས་སུ་བཏགས་པ་ཙམ་མི་འགལ་ཡང་དོན་ལ་དེ་ལྟར་མི་གཟུང་ངོ་། །ཞེས་གསལ་བར་འདུག དེ་ལ་ཁྱེད་ཀྱིས་གཤེན་རབ་ཅེས་པ་དེ་སུ་འདྲ་ཞིག་ལ་འདོད་དམ། དེ་ཡང་བོན་གྱི་མཁས་པ་ཚོས་གཤེན་རབ་ལའང་དབྱེ་བ་དུ་མར་གསུངས་ཏེ། ཀུན་མཁྱེན་ཉི་མའི་ཕར་ཕྱིན་སྐབས་དང་པོ་ལས། སྤྱིར་གཤེན་རབ་ཀྱི་དོན་ནི་གསུམ་དུ་ཡོད་དེ། ཡེ་སངས་རྒྱས་པའི་གཤེན་རབ་དང་། ཐུགས་རྗེ་སྤྲུལ་པའི་གཤེན་རབ་དང་། གང་ཟག་རྒྱུ་ཡི་གཤེན་རབ་དང་གསུམ་མོ། །དང་པོ་ནི་ལོངས་སྤྱོད་རྫོགས་སྐུ་ལྟ་བུ། གཉིས་པ་ནི། མཆོག་གི་སྤྲུལ་སྐུ་དང་། མ་ངེས་པའི་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པ་རྣམས་སོ། །གསུམ་པ་ནི། དོན་ཟག་དང་རྟགས་ཟག་ཅི་རིགས་བཅས་པ། རྒྱུ་སེམས་ཅན་ལ་འབྲས་བུ་སྒྲུབ་པ་རྣམས་སོ། །ཞེས་དང་། བསྐལ་བཟང་མདོ་ལས། སངས་རྒྱས་སྟོང་རྩར་ཀུན་ལ་གཤེན་རབ་འདྲེན་པའི་སྟོན་པ་ནི་ཞེས་གསུངས་པ་དང་། གཟེར་མིག་ལས་ཀྱང་། གཤེན་རབ་ལའང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་གཤེན་རབ་གཉིས་བརྒྱ་ལྔ་བཅུར་གསུངས་པས་ན། གཤེན་རབ་ཡིན་ན་སྟོན་པ་ཁྲི་གཙུག་གཤེན་རྒྱལ་ཡིན་པས་ངེས་པ་མེད། དེའི་ཕྱིར་ལུང་སྔ་ཕྱི་ནང་འགལ་དུ་མེད་དེ། ལུང་དང་པོས་གཤེན་རབ་གང་ཡང་རུང་བ་ཞིག་ཤཱཀྱ་ཐུབ་པ་དང་ཕ་སྤུན་ཡིན་ཞེས་པ་དང་། ཕྱི་མས་སྟོན་པ་ཁྲི་གཙུག་རྒྱལ་བ་དེ་ཉིད་ཤཱཀ་ཐུབ་དང་ཕ་སྤུན་མིན་ཞེས་གསལ་བས་ཕྱོགས་སྔའི་ནམ་མ་ལངས་གོང་། དགག་པའི་ཉི་མ་ཤར་ཞེས་པ་ཁྱོད་ལས་གཞན་དུ་ཅི། མ་ཟད་གཡེན་བོན་སོ་གསུམ་གྱི་ལྷ་བོན་ཐོད་དཀར་གྱི་བུར་གཤེན་རབ་ཅེས་པ་ཞིག་ཀྱང་ཡོད་པས་སོ། །དེས་ན་གཤེན་ཞེས་པ་འདི་རུས་རིགས་ཤིག་དང་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་བསྟན་པ་ལ་ཞུགས་པའི་གང་ཟག་གཞན་ལའང་གཤེན་གྱི་བཙུན་པ་དང་། གཤེན་གྱི་དགེ་སློང་ཟེར་བ་བཞིན་ནོ། །ནང་འགལ་ཡོད་པ་དེ་ནི་ཆོས་ལུགས་དེ་རྫུན་མ་ཡིན་པའི་དོན་ཡིན་ན། ཤག་ཐུབ་འཁྲུངས་ལོ་ལའང་མི་མཐུན་པ་དུ་མ་འདུག་པས་ན་ཁྱོད་ཀྱི་བསྟན་པ་ཡང་མི་བདེན་པར་ཐལ། སྟོན་པའི་འཁྲུངས་ལོ་ལ་ནང་འགལ་ཡོད་པའི་ཕྱིར། ཁྱོད་ས་འབྲུ་གཉིས་ཀྱི་ཆོས་ལུགས་ཀྱང་མི་བདེན་པར་འགྱུར་ཏེ། ནང་འགལ་ཡོད་པའི་ཕྱིར། ཁྱོད་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་ལ་ནང་འགལ་འདུག་ཅེས་བརྗོད་ནའང་། ཆོས་རྒྱུན་གཅིག་པར་འདོད་བཞིན་དུ་ནང་འགལ་ཆེ་བ་ནི་བོད་ཀྱི་བན་དེ་ཡིན་པ་བན་དེའི་ལོ་རྒྱུས་ལས་གསལ་པོར་འདུག་སྟེ། བླ་མའི་དོན་དུ་ནང་འགལ་བྱེད་པ། སྲུང་མའི་དོན་དུ་ནང་འགལ་བྱེད་པ། མཆོད་གཞིས་དོན་དུ་ནང་འགལ་བྱེད་པ་སོགས་ཀྱིས་སོ།།

    བོན་བསྟན་གྱི་འབྱུང་ཁུངས་སྔ་མ་ལས་ལྡོག་སྟེ་སྟག་གཟིག་ནས་བྱུང་བར་འདོད་དེ་ཞེས་པ་ནས། དེ་མ་ཐག་འཛམ་བུའི་ཤིང་གི་དྲུང་ནས་གླིང་འདིའི་བོད་ཀྱི་སྟོད་ཁུལ་མངའ་རིས་སུ་བཤད་པས་ནང་འགལ་ཞིང་ཞེས་པར། དེ་ཡང་བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འཁྲུངས་ཡུལ་ཕྱིས་སུ་སྟག་གཟིག་ཏུ་འདོད་པ་མིན་པར། སྟོན་པའི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། སྟག་གཟིག་གི་ཡུལ། འོལ་མོ་ལུང་རིང་ཞེས་གསལ་བས་ན་དེ་ནི་མི་ལོ་གཅིག་ཁྲི་ཡར་སྔོན་ནས་འདོད་ཚུལ་ཞིག་ཡིན་པ་ལས་ཕྱིས་སུ་གསར་བཟོ་བྱས་པ་མིན། ཕྱིས་སུ་བན་དེ་འགས་ཤཱཀ་ཐུབ་འཁྲུངས་ཡུལ་རྒྱ་གར་ཡིན་པ་དང་། ཤཱཀ་ཐུབ་ཀྱིས་བསྟན་པའི་རིག་གནས་རྒྱ་གར་དུ་དར་ཆེ་བ་སོགས་ཀྱིས། བོན་གྱི་རིག་གནས་བོད་དུ་དར་ཆེ་བས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་འཁྲུངས་ཡུལ་བོད་ཡུལ་ཡིན་པར་འདོད། སླར་བོན་པོ་ཚོས་བན་དེར་དཔེ་བླང་ཞེས་བོད་ཀྱི་བན་དེའི་བན་ཤཱཀ་ཐུབ་འཁྲུངས་ཡུལ་དཔེར་བྱས་པ་ལས་བོན་པོས་དེ་ལྟར་ག་ལ་བྱས་པ་ཡིན། ལར་མདོ་འདུས་ཀྱི་ལུང་ཚིག་འདི་དག་བོད་ཀྱི་མཁས་པ་ཡིན་ཟེར་བ་དག་གིས་གོ་བ་ཅུང་ཟད་ཀྱང་མ་ལོན་པ་འདུག དེ་ཡང་འདིའི་ལུང་དོན་ཁོ་བོས་སྔར་འཇང་རིག་གཏོ་པའི་ཆོས་ལུགས་དང་བོན་ལུགས་བར་ཀྱི་དཔྱད་ལན་ནང་དུ་བྲིས་ཟིན་མོད། ད་དུང་ཡང་བཤད་ན། ཀུན་གྲོལ་ལྷ་སྲས་དཔར་མ་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམ་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ། །ཞེས་པ་དེའི་ངོས་༢༠༡ལས། གཤེན་ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བཅུ་ཆུར་ཞིང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་ནུབ་བྱང་ནས། མུ་ཁྱུད་འཛིན་གྱི་ལྷོའི་ཕྱོགས། འཛམ་གླིང་སྨྲིག་ཤད་ཤིང་གི་རྩལ༼རྩར༽། རི་བོ་གངས་ཅན་ཏི་ཙེའི་དྲུང་། མཚོ་ནི་མ་སྤང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་འགོ། རི་བོ་སྤོང་རི་ངད་ལྡན་ཉེ་བའི་ས། རི་ནག་པོ་དགུ་འདས་ཀྱི་ར་བ་སྟེ། ཆུ་བོ་པག་ཤུ་དང་ནི་སི་འདུ་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་གནས། ཞེས་དང་། དེ་ཉིད་ངོས་༡༦པ་ལས། ༼བོད་ཡུལ་གྱི་གནས་བཤད་མཚམས་སུ།༽ དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་གཞི་གནས་ཡོད། ཆུ་བོ་པག་ཤུ་སི་ཏིས་རབ་བཅད་དེ། རི་ནག་པོ་དགུའི་བཅད་པའོ། ནུབ་ཕྱོགས་དམུའི་ཡུལ། ཤར་ཕྱོགས་རྒྱའི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ། ཞེས་སོགས་གསུངས། ལུང་འདི་དག་གི་དོན་ལ་ཁྱོད་ཀྱིས་བོན་པོ་ཚོ་མགོ་བོ་གདུགས་ལྟར་འཁོར་བཞིན་ཡོད་དོ་སྙམ་གྱི་ཨེ་ཡོད། ལུང་དོན་འདི་དག་ལ་བོན་པོ་ཚོས་སྔ་ས་ནས་གསལ་བཤད་བྱས་ཡོད་པ་སྟེ། དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་ལས། ༡༦༨དབྱིག་གཉེན་གྱི་མངོན་པ་མཛོད་ལས་གསུངས་པའི་གངས་ཅན་དང་། དུས་འཁོར་ལས་གསུངས་པའི་གངས་ལྡན་གཉིས་གཅིག་ཡིན་པར་བཞེད་ལ། དེ་རྒྱ་གར་གཉན་ཡོད་ནས་རི་ནག་དགུའི་ཕ་རོལ་ན་གངས་ཏི་སེ་དང་། དེའི་བྱང་ན་སྤོས་རི་ངད་ལྡན་དང་། དེའི་ཚུ་རོལ་དཔག་ཚད་བཅུ་ན་མཚོ་མ་དྲོས་པ་གྲུ་བཞི་ངོས་རེ་ལ་དཔག་ཚད་ལྔ་བཅུ་རེ་ཡོད་པ། དེའི་ཕྱོགས་བཞི་ནས་ཁ་འབབ་ཀྱི་ཆུ་བཞི་དང་། དེའི་འགྲམ་ན་ཤིང་འཛམ་བུ་པྲི་ཀྵའི་འབྲས་བུ་མཚོར་ལྷུང་བ་གསེར་དུ་འགྱུར་ཞིང་གསེར་དེ་ལ་སྤྱོད་པའི་བྱ་ཚེ་རིང་ཡོད། སྤོས་རི་ངད་ལྡན་གྱི་བྱང་དཔག་ཚད་ཉི་ཤུ་ན་གསེར་བྲག་བྱ་སྐྱིབས་གྲུ་བཞི་ངོས་རེ་ལ་དཔག་ཚད་ལྔ་བཅུ་དང་། ཞེས་སོགས་ནས། དེ་ནི་སྤུ་རང་གི་གངས་རི་མཚོ་གསུམ་མིན་ཏེ། དེ་ལ་ཤིང་འཛམ་བུ་སོགས་ཀྱི་མཚན་ཉིད་མ་ཚང་བ་དང་། དེ་ཉིད་འཛམ་གླིང་གི་བྱང་མཐའ་ཡིན་གྱི་དབུས་མིན་པའི་ཕྱིར་རོ། །དེས་ན་ཤིང་འཛམ་བུ་པྲི་ཀྵ་ཡོད་པའི་འཛམ་གླིང་མཚོན་བྱེད་ཀྱི་གངས་རི་མཚོ་གསུམ་ནི་བྱང་མཐའ་སྟག་གཟིག་གི་ཡུལ་ན་ཡོད་དེ། མདོ་འདུས་ལས། འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་བུ་པྲི་ཀྵའི་ཤིང་གི་རྩར། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་སྤང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ། སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་དགུ་འདུས་ར་བ་སྟེ། ཆུ་བོ་པཀྵུ་སུནྡྷུས་བཅད། དུས་གསུམ་སྟོན་པ་བྱོན་བའི་ཞིང་། ཞེས་སོ་ཞེས་གསུངས་པས་སོ། །དེས་ན་ངན་སོང་གི་རྟེན་གནས་ངོས་འཛིན་པའི་ཏི་སེ་ནི་བོད་ཀྱི་ཏི་སེ་དང་། ཤིང་འཛམ་བུ་སོགས་ཡོད་པ་ནི་སྟག་གཟིག་གི་ཏི་སེ་སྟེ་གཉིས་ཡོད་ལ། ཞེས་སོགས་གསུངས་པས་སོ། །ད་དུང་གོ་བ་གཞན་དུ་ཡང་ཡོད་དེ། ཐོག་མར་ལྷོ་འཛམ་བུ་གླིང་གི་གང་ཐད་དུ་ཡོད་ཅེ། ནུབ་བྱང་དང་། རི་མུ་ཁྱུད་འཛིན་གྱི་ལྷོའི་ཕྱོགས་དང་། འཛམ་བུ་སྨྲིག་ཤད་ཤིང་གི་ཚལ་དང་། རི་བོ་གངས་ཅན་ཏི་ཙེའི་དྲུང་གི་མཚོ་མ་སྤང་གཡུ་མཚོའི་འགྲམ་གྱི་ཆུ་བོ་བཞི་འདུས་ཀྱི་འགོ་བོ། རི་སྤོས་རི་ངད་ལྡན་ཉེ་བའི་སར་རི་ནག་པོ་དགུའི་རྭ་བ་ཡོད་ཅིང་། དེ་འདས་པའི་ཕ་རོལ་ལམ། ཡང་ན་ཆུ་བོ་པག་ཤུ་དང་སི་འདུས་བོད་ཀྱི་ཡུལ་དང་འོལ་མོ་ལུང་རིང་གི་ཡུལ་གཉིས་བཅད་དོ་ཞེས་པའི་དོན་ཡང་ཡིན་མི་སྲིད་པ་མ་རེད། ཆུ་བོ་པག་ཤུ་དང་ནི་སི་འདུ་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་གནས། ཞེས་པས་གསལ་བར་འདུག ལུང་གཉིས་པའི་དོན་ནི། དེའི་ནུབ་བྱང་ཞེས་པས་བོད་ཀྱི་གངས་རི་མཚོ་གསུམ་གྱི་ནུབ་བྱང་དུ་ཡོད་པ་དང་། དེར་མ་ཟད་རི་ནག་པོ་དགུས་བཅད་པའོ་ཞེས་པས། བོད་དང་འོལ་གླིང་བར་རི་ནག་དགུས་བཅད་པའོ་ཞེས་པ་དང་། བོད་ཀྱི་ནུབ་ཕྱོགས་དམུའི་ཡུལ་འོལ་མོ་ལུང་རིང་། བོད་ཀྱི་ཤར་ཕྱོགས་རྒྱའི་ཡུལ། བོད་ཀྱི་ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ་དང་། བོད་ཀྱི་བྱང་ཕྱོགས་ལི་བལ་ཕྲོམ་གྱི་ཡུལ་སོགས་སུ་གསུངས་ཤིང་། བོད་ཡུལ་འདི་ཉིད་ས་ཚིགས་ཀྱི་དབང་དུ་བྱས་ན་འཛམ་གླིང་གི་དབུས་སུ་འདོད་པ་དང་། འོལ་གླིང་ས་ཚིགས་ཀྱི་དབུས་སུ་མི་འདོད་པས་ན། མདོ་འདུས་ལས། འཛམ་བུ་གླིང་གི་ནུབ་བྱང་ན། ཞེས་འཛམ་གླིང་གི་དབུས་སུ་མ་གསུངས་པའོ། །གཞན་དུ་ན་འོལ་མོའི་གླིང་དུ་ཡང་རི་བོ་གངས་ཅན་དང་། མཚོ་མ་ཕམ་ཟེར་བ་ཡང་ཡོད་ལ། དེ་ཡོད་པའི་རྒྱུ་མཚན་མདོ་དྲི་མེད་ཀྱི་འོལ་གླིང་གནས་བཤད་སྐབས་སུ། རི་བོ་གངས་ཅན་བྱ་བ་ཡོད་དོ། །ཞེས་དང་། འོལ་མོ་ལུང་རིང་གི་གནས་ཀྱི་བཀྲ་ཤིས་སུ། དྲུང་མུ་བསྐལ་བཟང་ལས། བར་པོ་སོ་བརྒྱད་སྐྱེ་བ་བཞེས་པའི་མཁར། ཆུ་བོའི་བཞི་འདུས་སྒྲིབ་དག་ཁྲུས་ཀྱི་ཆུ། མ་ཕམ་གཡུ་མཚོ་རྒྱ་མཚོ་འཁྱིལ་བའི་མིག། གསུངས་པས་གསལ་ཞིང་། ཁ་འབབ་ཀྱི་ཆུ་བཞི་ཡང་ཡོད་པར་བཤད། ཐུགས་འབུམ་མཁའ་སྔོན་ལས་ཀྱང་། འོལ་གླིང་གནས་བཤད་སྐབས་སུ། གངས་ཅན་ཞེས་པ་སྲིབ་རི་ཡི་ཕྱོགས་སུ་ཟླ་བའི་སྟོབས་དང་ལྡན་པའི་ཚ་བ་སེལ་བའི་སྨན་སྣ་ཚོགས་ཀྱི་ནགས་ཚལ་དང་སྔོ་ལྡུམ་སྐྱེས་ཤིང་། དྲི་བསུང་གི་ཕྱོགས་སུ་ནད་གདོན་མ་ལུས་ཞི་བར་བྱེད་པ་ཡོད་དོ་ཞེས་དང་། ཆོས་མངོན་པ་མཛོད་ལས་ཀྱང་། འདི་ནས་བྱང་དུ་རི་ནག་པོ། དགུ་འདས་གངས་རིའོ་དེ་ནས་ནི། སྤོས་ངད་ལྡན་པའི་ཚུ་རོལ་ན། ཞེས་དང་། འབྱམས་དབྱངས་བློ་གཏེར་དབང་པོའི་མཆན་འགྲེལ་ལས། ༢༠༠འཛབ་བུའི་གླིང་གི་དབུས་རྒྱ་གར་རྡོ་རྗེ་གདན་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དཔལ་དང་ལྡན་པ་ཡོད། དེ་ནས་བྱང་ན་ནི་རི་སྤོས་ཀྱི་ངད་ལྡང་བ་ཡོད། ཅེས་སོགས་ཁ་འབབ་ཀྱི་ཆུ་བཞི་མཚོ་མ་དྲོས་བྱ་བ་སོགས་ཡོད་པར་གསུངས་ཤིང་། ཁྱོད་ཀྱིས་ཀྱང་དུས་འཁོར་ནས་བསྟན་པའི་གངས་ལྡན་ཟེར་བ་གཅིག་དང་། མངོན་པ་ལས་གསུངས་པའི་གངས་ཅན་ཟེར་བའི་ལྡན་དང་ཅན་གཉིས་ཀྱི་གངས་རི་གཉིས་ཡོད་པར་འདོད་པ་མ་ཟད། གངས་ཅན་ཡིན་ལ་ཏི་སེ་མིན་པ་ཞིག་ཀྱང་ཁྱེད་ལ་ཡོད་པའི་ཕྱིར་ཏེ། གངས་ཅན་ཡིན་ན་ཏི་སེ་ཡིན་པས་མ་ཁྱབ་པ་ཁྱོད་ཀྱིས་འདོད་པའི་ཕྱིར། ས་སྐྱ་བས་ཀྱང་མངོན་པ་ལས་གསུངས་པའི་གངས་ཅན་ཏི་སེ་མིན་ཞེས་གངས་རི་དེ་ལྟར་བརྩོད་གཞི་ཅན་གཉིས་ཡོད་པ་ལས། གཅིག་ཤོས་བོད་དུ་ཡོད་ཅིང་གཞན་ཅིག་དེ་བོད་དུ་མེད་པའི་ཕྱིར། བོན་པོས་ཀྱང་འོལ་མོ་ལུང་རིང་ལ་རྒྱ་གར་བས་ཤམ་བྷ་ལ་ཞེས་འབོད་ཅེས་པས། ཤམ་བྷ་ལ་དང་འོལ་གླིང་དོན་གཅིག་ལ་མིང་གི་རྣམ་གྲངས་སུ་འདོད་པའི་ཕྱིར་ཏེ། ཐུགས་འབུམ་མཁའ་སྔོན་ལས། ཅིར་ཡང་སྤྲུལ་སྐུའི་བདེ་ཆེན་གྱི་ཞིང་ཁམས་སམ། སྟག་གཟིག་ཤམ་བྷ་ལའམ། མཚན་ཡོངས་སུ་གྲགས་པའི་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བ་དེའི་དབུས་ཀྱི་རི་གཡུང་དྲུང་དགུ་བརྩེགས་ཀྱི་གསོས་བདུད་རྩི་སྨན་གྱི་ནགས་ཚལ་ཞེས་སོགས་གསུངས་པའི་ཕྱིར་རོ། །བོད་ཡུལ་གྱི་རི་ལུང་རེ་འགའི་མིང་དང་འདྲ་བས་བོད་ཡུལ་ཡིན་དགོས་ཞེས་སྨན་འབུམ་འདིའི་སྔོན་བརྗོད་དུ་བཤད་པ་འདུག་མོད། ཐོག་མེད་བྱོན་སའི་དགའ་ལྡན་ཡང་དེར་ཐལ་ལོ། །ཡང་ཁོ་ན་རེ། ལུང་དེར་ཡང་འཛམ་གླིང་གི་ནུབ་བྱང་སྟེ་གསེར་རི་བདུན་གྱི་ནང་མཚན་མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་ཞེས་པས་གླིང་བར་ཞིག་ཏུ་བཤད་མོད། དེ་མ་ཐག་འཛམ་བུའི་ཤིང་གི་དྲུང་ནས་གླིང་འདིའི་བོད་ཀྱི་སྟོད་ཁུལ་མངའ་རིས་སུ་བཤད་པས་ནང་འགལ་ཞེས་པར་ལན་དུ། གངས་ཅན་བོད་ཀྱི་ཡུལ་གྲུ་བོན་ཅན། གླིང་བར་ཞིག་ཏུ་ཡོད་པར་ཐལ། གསེར་རི་བདུན་གྱི་ནང་ཚན་མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། ལྷོ་འཛམ་བུ་གླིང་ཉིད་རི་རྒྱལ་ལྷུན་པོའི་ལྷོ་དང་རི་བདུན་གྱི་ཕྱི་རོལ་དུ་ཡོད་ཀྱང་། མུ་ཁྱུད་འཛིན་གྱི་ལྷོར་མེད་པ་མི་རུང་བའི་ཕྱིར། ཁྱབ་པ་ཁྱོད་ཀྱིས་འོལ་གླིང་མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་སུ་ཡོད་པར་གླིང་བར་དུ་ཡོད་པར་ཁས་བླང་པའི་ཕྱིར། གསལ་བ་ལ་འདོད་མི་ནུས་ཏེ། གངས་ཅན་བོད་གླིང་བར་དུ་ཡོད་པ་འདོད་མི་ནུས་པའི་ཕྱིར། གཉིས་པ་བོད་ཀྱི་མངའ་རིས་མིན་པར་བཤད་ཟིན། ཡང་ཁོ་ན་རེ། ཁྱོད་ལྟར་བདེན་ན་འཛམ་གླིང་ཐོག་ཏུ་ལོ་རྒྱུས་ཐད་གཞན་དྲིང་མི་འཇོག་པ་ནི་སྟག་གཟིག་རྒྱལ་ཁབ་ཡིན་པས་ན། དེར་སྟོན་པ་གཤེན་རབ་བྱུང་ཚུལ་དང་། བོན་ཆོས་བསྟན་ཚུལ་དང་། གནའ་ཤུལ་སོགས་ཀྱི་རྗེས་ཤུལ་ཡོད་དགོས་ཏེ། ཁྱེད་ཀྱི་བསྟན་པའི་འབྱུང་ཁུངས་ཡིན་པའི་ཕྱིར་དང་། བོན་གྱི་རྒྱན་དྲུག་གིས་སྟག་གཟིག་ནས་ཞང་ཞུང་དུ་ཆོས་བསྒྱུར་བར་ཁྱོད་འདོད་པའི་ཕྱིར་རོ་ཟེར། དེ་ལ་ལན་དུ། གནའ་ཤུལ་དེ་དག་ཡོད་པར་འདོད་ཐོག་སྟེ། སྟག་གཟིག་འོལ་མོ་ལུང་རིང་དེར། སྟོན་པ་གཤེན་རབ་སྐུ་འཁྲུངས་སའི་གསས་ཁར་བར་པོ་སོ་བརྒྱད་དང་། འ་ཞ་གསང་བའི་སྒྲུབ་གནས་བྲག་སེང་གེ་རྒྱབ་བསྣོལ། ཕོ་གླིང་ཁྲི་སྨོན་བརྒྱ་བཞད་དང་། མོ་གླིང་ཁོ་མ་ནེའུ་ཆུང་། དེ་གཉིས་བར་དུ་སྟོན་པ་གཤེན་རབ་བཞུགས་སའི་ཁྲི་སོགས་ཀྱི་གནའ་ཤུལ་ཡོད། གནའ་ཤུལ་དེ་དག་ངོ་སྤྲོད་བྱེད་པའི་ཡིག་ཆ་ཡང་མདོ་དྲི་མེད་དང་། ཐུགས་འབུམ་མཁའ་སྔོན། དེ་བཞིན་ཀུན་གྲོལ་ལྷ་གསས་དཔར་མ་མདོ་འདུས་ཀྱི་ཤོག་ངོས་༢༠༡ལས་གསལ་བ་མ་ཟད། བོན་གྱི་ལྡེབ་རིས་སུ་ཡང་གནའ་ཤུལ་དེ་དག་གི་གཟུགས་རིས་ཀྱང་བྲིས་ཡོད་པ་རེད། ཡང་ཁོ་ན་རེ། བོན་གྱི་བསྟན་པའི་འབྱུང་ཁུངས་ཆོས་ཅན། སྟག་གཟིག་ཏུ་འདོད་པ་རྟོག་བཟོའི་བརྫུན་རིས་ཡིན་ཏེ། ཚད་ལྡན་ལོ་རྒྱུས་མངའ་བའི་སྟག་གཟིག་གི་ལོ་རྒྱུས་སུ་ཟུར་ཙམ་ཡང་མི་སྣང་བའི་ཕྱིར་རོ་ཟེར། དེ་རྟགས་མ་གྲུབ་སྟེ། དེ་སྟག་གཟིག་གི་ལོ་རྒྱུས་ཚད་ལྡན་དུ་གྱུར་པའི་ཡིག་ཆ་ལས་ཡོད་པའི་ཕྱིར། དེར་ཡོད་པར་ཐལ་སྟག་གཟིག་གི་གནས་ཀྱི་ལོ་རྒྱུས་སམ་གནས་ཀྱི་བཀོད་པ་བཤད་པའི་མདོ་འདུས་ལས་གསལ་བར་གསུངས་པའི་ཕྱིར། འདི་དག་ཁྱོད་ཀྱི་ལོག་རྟོག་གི་ངོར་ཚད་ལྡན་མིན་པ་མ་གཏོགས་ཚད་མའི་ངོར་འདི་དག་ལོ་རྒྱུས་ཚད་ལྡན་ཡིན་པའི་ཕྱིར། ཁྱོད་ཀྱིས་མ་མཐོང་ན་མེད་མི་དགོས་པའི་ཕྱིར་རོ། །ཡང་ཁོ་ན་རེ། དུས་ཕྱིས་བོན་པོ་ཚོས་བོན་གྱི་འབྱུང་ཁུངས་དེ་སྟག་གཟིག་གི་ཡུལ་ལམ་པར་ཟིག་ལ་གཏུགས་སྲོལ་ཡོད་པ་ཞེས་པ་དེར། ནམ་མཁའི་ནོར་བུས་ཟེར་ཚད་བོན་པོས་ཁས་ལེན་མི་དགོས་པའི་ཕྱིར། སྟག་གཟིག་ལ་གཏུགས་ཞེས་པ་ལས་པར་ཟིག་ལ་གཏུག་པར་བོན་པོས་མི་འདོད་པའི་ཕྱིར། དེ་ལྟར་མིན་ན་ཐོག་མེད་དགའ་ལྡན་དུ་བྱོན་ས་དེ་ཡང་མི་འཐད་པར་ཐལ། དགའ་ལྡན་གྱི་ཡིག་ཆ་གང་ལས་ཀྱང་མ་གསུངས་པའི་ཕྱིར། དེར་ཐལ་དགའ་ལྡན་དེ་བོད་ཀྱི་དགའ་ལྡན་ཡིན་དགོས་པས་བོད་ཡུལ་དུ་བྱོན་པའི་ལོ་རྒྱུས་བོད་ཀྱི་དགའ་ལྡན་པར་བཤད་དུ་མེད་པའི་ཕྱིར། དེར་ཐལ་བོན་གྱིས་འདོད་པའི་སྟག་གཟིག་དེ་པར་ཟིག་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེས་ན་ཐོག་མེད་དགའ་ལྡན་དུ་བྱོན་ནས་བྱམས་ཆོས་ཉན་པ་དེ་ཡང་བན་རྒན་གྱི་ནང་ཆ་ཕྱི་རུ་སྟོན་པར་ཟད་དམ། །སྟག་གཟིག་ནས་རྒྱ་གར་དུ་ཆུ་བོ་བཞི་བབ་པར་འདོད་པ་དེ་ནི་བོན་གྱི་སྟག་གཟིག་འོལ་མོ་ལུང་རིང་ལ་ངོས་འཛིན་བྱེད་པའི་གཞུང་ཤིང་མིན་ལ། འཁས་པ་རེ་འགས་དེ་འདྲ་གསུངས་ཚུལ་ཡོད་ནའང་། རྒྱ་གར་ཡིན་ན་ཤཱག་ཐུབ་འཁྲུངས་སའི་རྒྱ་གར་ཡིན་མི་དགོས་པའི་ལོ་རྒྱུས་ཡོད་པའི་ཕྱིར། ཡང་ཁོ་ན་རེ། བོན་གྱི་མདོ་གཟེར་མིག་གཏེར་མར་གྲགས་པ་ལས། བོན་བསྟན་འབྱུང་ཁུངས་མངའ་རིས་སུ་བཤད་པའི་དབང་གིས་བོན་རྒན་ཚོས་སྟག་བྱ་བ་དེ་རྟག་གཟིགས་སུ་བསྒྱུར་ནས་འགྲེལ་བཤད་བྱེད་མོད། བོན་གྱི་ལོ་རྒྱུས་ཀུན་ལས་འདི་ལྟར་བཤད་དེ། ཞེས་པར་ལན། བོན་གྱི་འབྱུང་ཁུངས་མངའ་རིས་སུ་བཤད་ན་སྟག་གཟིག་བོན་གྱི་འབྱུང་ཁུངས་མིན་པར་མི་འགྱུར་ཏེ། མངའ་རིས་ཡིན་ན་བོད་རྒྱལ་གྱི་མངའ་རིས་ཡིན་མི་དགོས་པའི་ཕྱིར། དེར་ཐལ། རྒྱ་གར་རྒྱལ་པོའི་མངའ་རིས་ཡོད་པའི་ཕྱིར། དེ་བོད་ཀྱི་རྒྱལ་པོའི་མངའ་རིས་མ་ཡིན་པའི་ཕྱིར། དེར་མ་ཟད་ཏ་གཟིག་ཅེས་པའི་འབྲི་སྲོལ་ཡང་ཡོད་པའི་ཕྱིར། འོན་ཀྱང་ཁྱོད་འདི་ལྟར་བརྫིག་ཉམས་སྟོན་སྟེ། བོན་གྱི་འབྱུང་ཁུངས་འགལ་འདུ་མང་པོ་འདུག་ཅེས་འུད་བཤད་བྱེད་ཀྱི་འདུག་མོད། ཁྱོད་ཀྱི་རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་དུ། རྟོགས་ཞེས་པའི་ཚིག་གིས་རྟོགས་ལྡན་བསྟན་པར་འདོད་པ་དང་། མངའ་རིས་ཞེས་པའི་ཚིག་གིས་བོད་ཡུལ་བསྟན་པར་འདོད་པ། ཀོང་ཞེས་པའི་ཚིག་གིས་ཁུང་ཙི་བསྟན་པ། ཕྱག་རྒྱ་ཞེས་པའི་ཚིག་གིས་སྐབས་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་པར་འདོད་པ་འདི་དག་ལྟར། ཀ་ཞེས་པའི་ཚིག་གིས་ཀ་བ་བསྟན་པར་ཐལ། རྟོགས་ཞེས་པའི་ཚིག་གིས་རྟོགས་ལྡན་བསྟན་པའི་ཕྱིར། དེ་བཞིན་དམ་ཆོས་དགོངས་གཅིག་བདེན་ཞེས་པའི་ཚིག་གིས་དེ་ཉིད་བདེན་གྲུབ་ཡིན་པར་བསྟན་པར་ཐལ། ཕྱག་རྒྱ་ཞེས་པའི་ཚིག་གིས་ཕྱག་རྒྱ་ཆེན་པོ་བསྟན་པའི་ཕྱིར། ལར་ཁྱོད་ཀྱིས་གཟེར་མིག་ལས་འདི་ལྟར་ཞེས་ཚིག་དངོས་སུ་མི་ཤོད་པར། བརྫིག་ཉམས་སྟོན་པ་ལ་དགོས་པ་ཅི་ཡང་མི་འདུག ཡང་ཁྱོད་ཀྱིས་བོན་གྱི་ལོ་རྒྱུས་ཀུན་ལས་འདི་ལྟར་བཤད་དེ། སྟོང་རྒྱུང་མཐུ་ཆེན་སོགས་ཀྱིས་སྟག་གཟིག་ནས་ཞང་ཞུང་དུ་ཆོས་བསྒྱུར་བར་བཤད་པ་དང་ཞེས་པར། གོང་དུ་གཟེར་མིག་ལས་མངའ་རིས་བོན་བསྟན་གྱི་ཁུངས་ཡིན་པར་བཤད་ཅེས་པ་དང་། འདིར་བོན་གྱི་ལོ་རྒྱུས་ཀུན་ལས་སྟག་གཟིག་ནས་བོན་བསྒྱུར་བཤད་ཅེས་པ་ལ། ཁྱོད་ཀྱི་འདོད་པ་ལྟར་ན། བོན་གྱི་ལོ་རྒྱུས་ཀུན་ནས་བཤད་ཅེས་པ་མི་འཐད་པར་ཐལ། གཟེར་མིག་ལས་མ་བཤད་པའི་ཕྱིར། དེར་ཐལ་གཟེར་མིག་དང་བོན་གྱི་ལོ་རྒྱུས་གཉིས་ནང་འགལ་ཡོད་པར་འདོད་པའི་ཕྱིར། དེས་ན་ཁྱོད་ཀྱི་ཚིག་གོང་འོག་འགལ་བ་འདི་ཅི་ལྟར་བཟླུམ། དེ་ལ་བོན་གྱི་ལོ་རྒྱུས་གང་རུང་ལས་གསུངས་ན། ཀུན་ལས་གསུངས་པའི་ཁྱབ་པར་ཐལ། རྒྱུ་མཚན་དེའི་ཕྱིར། འདོད་ན། བོད་ཀྱི་མི་ཀུན་རྐུན་མ་ཡིན་པར་ཁས་ལེན་པར་ཐལ། རེ་འགའ་རྐུན་མ་ཡིན་པས་ཀུན་རྐུན་མ་ཡིན་པར་འཇོག་པའི་ཕྱིར་རོ། །བན་དེའི་གསུང་རབ་ཀུན་རྫུན་གཏམ་ཡིན་པར་ཐལ། དེའི་ནང་དུ་རྫུན་གཏམ་ཡོད་པའི་ཕྱིར། དེར་ཐལ། ས་སྐྱའི་སྡོམ་གསུམ་དེ་ལྟར་ཡིན་པ་ཁྱོད་ཀྱིས་འདོད་པའི་ཕྱིར་རོ། །ཡང་ཁོ་ན་རེ། ཞང་ཞུང་ནས་བོད་དུ་བསྒྱུར་བར་བཤད་ཅེ་ན། དེ་ཡང་ནང་འགལ་ཏེ། ཁྱོད་ཀྱིས་ཞང་བོད་གཅིག་ཅེས་ཁས་བླང་ཟིན་པའི་ཕྱིར་ཞེས་པར། ཞང་བོད་གཅིག་ཅེས་བོན་གྱིས་ཁས་བླང་མ་ཟིན་པར་ཐལ། ཞང་བོད་ཐ་དད་ཡིན་པ་བོན་པོས་རྟོགས་པའི་ཕྱིར། ཞང་བོད་གཉིས་རྒྱལ་ཁབ་གཉིས་སུ་གྱུར་བ་དང་། རྒྱལ་ཁབ་གཅིག་ཏུ་གྱུར་བ་གཉིས་ཡོད་ནའང་། བོན་པོས་དེ་གཉིས་གཅིག་ཡིན་པར་ཁས་བླང་པ་དེ་ཁྱོད་ཀྱིས་རྫུན་གཏམ་དང་། རྒྱལ་ཁབ་གཅིག་ཏུ་གྱུར་བ་ཡོད་པར་བོན་པོས་འདོད་པ་དེ་ཁྱོད་ཀྱིས་གོ་བ་མ་ལོན་པར་ཟད་དོ། །ཁོ་ན་རེ། ཡང་གཤེན་རབ་ཀྱིས་རྒྱ་ཀོང་རྩེ་འཕྲུལ་རྒྱལ་གྱི་སྲས་མོ་ཞིག་བཞེས་པར་སྲས་ཀོང་ཙེ་འཕྲུལ་བུ་ཆུང་བྱུང་བར་བཤད་པས་དོན་དུ་རྒྱའི་ཀོང་རྩེ་སྟེ་ཁུང་ཙི་དང་དུས་མཉམ་དུ་ཡིན་པར་ཁས་བླང་པས་ཞེས་པར། གཤེན་རབ་ཀྱིས་རྒྱ་ཀོང་རྩེ་འཕྲུལ་རྒྱལ་གྱི་སྲས་མོ་ཞིག་བཞེས་པར་སྲས་ཀོང་ཙེ་འཕྲུལ་བུ་ཆུང་བྱུང་བར་བཤད་ན། དོན་དུ་ཁུང་ཙི་དང་དུས་མཉམ་ཡིན་དགོས་པར་ཐལ། ཁྱོད་ཀྱི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། འབྲི་སྨྱོན་ཆོས་ཅན། དོན་དུ་ཁུང་ཙི་དང་དུས་མཉམ་ཡིན་པར་ཐལ། གཤེན་རབ་ཀྱིས་རྒྱ་ཀོང་རྩེ་འཕྲུལ་རྒྱལ་གྱི་སྲས་མོ་ཞིག་བཞེས་པར་སྲས་ཀོང་ཙེ་འཕྲུལ་བུ་ཆུང་བྱུང་བར་བཤད་པའི་ཕྱིར། ཀོང་རྩེ་ཡིན་ན་དོན་དུ་ཁོང་ཙི་ཡིན་དགོས་པར་བོན་པོས་ཅི་ལྟར་ཁས་ལེན་སྟེ། མི་ལེན་པ་ཡིན། དེ་ཡང་ཀོང་ཞེས་པའི་ཚིག་གིས་ཁུང་ཙི་བསྟན་པར་འདོད་པ་ཁྱོད་ཀྱི་གྲུབ་མཐའ་ལས་གཞན་རིགས་ལམ་ཡང་དག་སྨྲ་བ་ལ་མེད་ཅིང་། འདི་དག་བོན་པོའི་འདོད་སྟངས་ལས་ལོག་པའི་ཤོད་ཚུལ་ཞིག་ཡིན་པས། བོན་པོས་ཀོང་ཙེ་བོད་ཀྱི་ཤར་ཕྱོགས་ཀྱི་རྒྱ་ཁུང་ཙིར་འགྱུར་བའི་ལུགས་ཡེ་ནས་མེད་དོ། །ཤར་ཕྱོགས་རྒྱའི་ཁུང་ཙི་དང་སྟོན་པ་གཤེན་རབ་གཉིས་ཀྱི་བར་མི་ལོ་སྟོང་ཕྲག་དུ་མའི་སྔ་འཕྱི་ཡོད་བཞིན་དུ་དེ་ཉིད་དུས་མཉམ་མོ་ཞེས་ནང་འགལ་ཁས་ལེན་མཁན་ཁྱེད་ཅག་བན་དེ་དག་ཡིན་པ་ལས། ང་བོན་པོ་མིན་ནོ། །བོན་གྱི་རྒྱ་ཀོང་ཙེས་གསུངས་པའི་རྣམ་རྒྱལ་གྱི་སྐོང་བ་དང་། གཏོའི་སྐོར་དུ་མ་ཡོད་ཀྱང་ཤར་ཕྱོགས་ཀྱི་ཁུང་ཙིས་གསུངས་པའི་དེ་དག་མེད་པའི་ཕྱིར་ན། དེ་གཉིས་གང་ཟག་རྒྱུད་ཐ་དད་པ་གཉིས་སུ་ངེས་སོ། །ཁོ་ན་རེ། གཞན་དུ་ན། གཤེན་རབ་རྒྱ་ལ་སླེབས་ཚུལ་དང་སྲས་མོ་བྱིན་ཚུལ་སོགས་རྒྱའི་ལོ་རྒྱུས་སུ་ཡོད་དགོས་སྟེ། ལོ་རྒྱུས་ཀྱི་དོན་ཆེན་ཡིན་པའི་ཕྱིར། དེ་ཡང་རྟོག་བཟོར་ཟད་དེ། རྒྱའི་ཡིག་ཚང་ན་ཟུར་ཙམ་ཡང་མི་སྣང་པའི་ཕྱིར་རོ་ཞེས་པར། རྟགས་ཕྱི་མ་མ་གྲུབ་སྟེ། རྒྱའི་ལོ་རྒྱུས་ནང་དུ་གསལ་པོར་ཡོད་དེ། དེའི་ལོ་རྒྱུས་ཀྱི་དཔེ་ཆའི་མིང་དུ་རྣམ་རྒྱལ་གཟུངས་ཆེན་ཞེས་ཟེར། དེ་བཞིན་ལོ་རྒྱུས་མདོ་དྲི་མེད་དང་། གཟེར་མིག་སོགས་སུ་གསལ་པོར་འཁོད་ཡོད་དོ། །ལར་བོད་གངས་ཅན་གྱི་ཤར་ཕྱོགས་སུ་གནས་པའི་རྒྱའི་ལོ་རྒྱུས་སུ་མེད་དོ་ཞེ་ན་ནི་མ་ཁྱབ་སྟེ། རྒྱ་ཡིན་ན་བོད་ཀྱི་ཤར་ཕྱོགས་སུ་གནས་པའི་རྒྱ་ཡིན་མི་དགོས་པའི་ཕྱིར། དེར་ཐལ། བོད་ཀྱི་བྱང་དུ་ལི་ཡུལ། དེའི་བྱང་དུ་རྒྱ་ནག་ཡོད་པ་ཁྱོད་ཀྱིས་ཁས་བླངས་ཟིན་པའི་ཕྱིར། བོད་ཀྱི་ཤར་ཕྱོགས་ཀྱི་རྒྱའི་ཡུལ་དུ་བོན་གྱི་རིག་གནས་དར་བ་ད་ལྟའི་རྒྱའི་ཡིག་ཚང་དུ་མི་འདུག་ཟེར་ན། ཁྱོད་ཀྱིས་དེར་བསམ་གཞིག་ཅིག་བྱོས་དང་། ཁྱོད་ཅག་བན་དེ་སླེབ་ཡུལ་དུ་བོན་གྱི་གནའ་ཤུལ་ཡོད་ནའང་རང་གར་འཇོག་རྒྱུ་རེད་དམ། དེ་མིན་གཞན་ཅི་བཤད་དགོས་ཏེ་གངས་ཏི་སེའི་ཉེ་སྐོར་གྱི་སྐོར་ལམ་དུ་ཡོད་པའི་བོན་སྐོར་ཅན་གྱི་ཞབས་རྗེས་དག་བན་སྐོར་དུ་སྐོས་ཟིན་པ་འདི་ཙམ་གྱིས་ཤེས་པས་སོ། །ཁོ་ན་རེ། ཡང་སྤུ་རྒྱལ་མུ་ཁྲི་བཙན་པོས་བོད་དུ་བོན་གནས་སུམ་ཅུ་བཏབ་པར་བཤད་པའང་མི་འཐད་དེ། མུ་ཁྲི་བཙན་པོར་བོད་ཡུལ་ཡོངས་རྫོགས་ལྟ་ཅི་ཡར་ཀླུང་ཙམ་ལས་མངའ་ཐང་མེད་པའི་ཕྱིར་ཞེས་ཟེར། དེ་ལ་མ་ཁྱབ་པའི་ལན་བརྗོད་པར་བྱ་ལ། གལ་ཏེ་གནས་དེར་གང་ཟག་དེའི་དགོན་སྡེ་བསྐྲུན་ན། གནས་དེའི་མངའ་ཐང་ཡོངས་རྫོགས་ཁྱོད་ལ་ཡོད་དགོས་པར་ཐལ། ཁྱོད་ཀྱི་རྒྱུ་མཚན་དེའི་ཕྱིར། འབྲི་གུང་པ་བོན་ཅན། བོད་ཀྱི་མངའ་ཐང་ཡོངས་རྫོགས་ཁྱོད་ལ་ཡོད་པར་ཐལ། བོད་ཀྱི་གནས་དེར་འདུ་གནས་བཏབ་པའི་ཕྱིར། ཡང་འབྲི་གུང་པ་བོན་ཅན། ཁྱོད་ཀྱིས་བོད་ཀྱི་ཡུལ་དུ་འདུ་གནས་མ་བཏབ་པར་ཐལ། བོད་ཀྱི་མངའ་ཐང་ཡོངས་རྫོགས་ཁྱོད་ལ་མེད་པའི་ཕྱིར། དེ་བཞིན་ས་གནས་ལ་ལར་མཆོད་ཡོན་གྱི་འབྲེལ་བའི་སྒོ་ནས་འདུ་གནས་འདེབས་པ་མི་སྲིད་པར་ཐལ་ལོ། །ཡང་ཁོ་ན་རེ། སྤུ་རྒྱལ་གྲི་གུམ་བཙན་པོས་བོན་ཉམས་པ་ཐེངས་དང་པོར་བཤད་པ་མི་འཐད་དེ། གྲི་གུམ་གྱིས་ཡར་ཀླུང་ཁུལ་གྱི་བོན་བསྣུབ་པར་ཟད་ཀྱི་གཞན་བསྣུབ་མི་ནུས་ཏེ། དེ་སྐབས་རྒྱལ་ཕྲན་སིལ་མ་བཅུ་བཞི་གནས་ཡོད་པའི་ཕྱིར་རོ། །དེས་ན་དེ་ཡན་གྱི་བཤད་ཚུལ་ནི་ལོ་རྒྱུས་དངོས་དང་མི་མཐུན་པའི་ནང་འགལ་ཁོ་ན་ཡིན་པའི་ཕྱིར་ཞེས་པར། དེ་ལ་གྲི་གུམ་གྱིས་བོན་བསྣུབ་ཟེར་བ་དེར་ཞིབ་གཟིགས་གནང་ན་དེའི་འདྲའི་ནང་འགལ་མཐོང་དོགས་མི་འདུག་མོད། ཁྱོད་ཀྱི་ལུང་རྡོ་རྗེ་སྐེད་བཟུང་གིས་བརྒལ་ལན་བྱེད་པ་ནི་ཡིད་སྐྱོ་བའི་གནས་ལགས་ཤིང་། སྤུ་རྒྱལ་གྲི་གུམ་གྱིས་བོན་བསྣུབ་པའི་ལོ་རྒྱུས་དག་ལས། ཡུལ་གང་དུ་བསྣུབ་པ་ཞེས་གསལ་པོར་བཤད་པ་དག་ལས། བོད་རུ་བཞིའི་སྐོར་དུ། ཞེས་དང་། བོན་གང་སྣུབ་པ་ནི། ཞེས་སོགས་གསལ་པོར་གསུངས་ཡོད་པ་དང་། སྤྱིར་ད་ལྟའི་བོད་ཀྱི་ས་ཆ་དེ་དག་ཀུན་གྲི་གུམ་སྐབས་སུ་བོད་ཀྱི་ས་མིན་ལ། གྲི་གུམ་སྐབས་སུ་རྒྱལ་ཕྲན་ཡིན་ནའང་བོད་ཀྱི་མངའ་རིས་མིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། སྐབས་དེའི་ལྷོ་བྲག་གི་རྒྱན་ཕྲན་ལོ་ངམ་བོད་ཀྱི་རྒྱལ་ཕྲན་དང་བོད་ཀྱི་མངའ་འབངས་གཉིས་ཀ་ཡིན་པའི་ཕྱིར་རོ། །དེས་ན་གྲི་གུམ་སྐབས་བོད་རི་བཞིའི་སྐོར་དུ་འབྲས་བུའི་བོན་གཙོ་བོར་སྤྱོད་སྐལ་མེད་པར་བྱས་པ་མ་གཏོགས། འཇིག་རྟེན་ཁམས་ཀྱི་གཡུང་དྲུང་བོན་ཡོད་དོ་ཅོག་བསྣུབས་སོ་སུས་ཟེར། དེའི་ཡན་གྱི་ཁྱོད་ཀྱི་ཤོད་དོ་ཅོག་ཚིག་ཙམ་ལས་གཞུང་དོན་གྱི་བབ་ལ་མ་གཞིགས་པའི་འོལ་ཚོད་ཙམ་ལས། བོན་གྱི་ཁས་ལེན་ལ་ཡང་ནང་འགལ་གང་ཡང་ར་སྤྲོད་ཐུབ་མི་འདུག་པ་བོན་གྱི་ལོ་རྒྱུས་ལ་རྒྱུས་ཡོད་ཚོས་གཟིགས་ན་ཤེས་ཐུབ་བོ།།

    ཡང་ཁོ་ན་རེ། གཞན་ཡང་ཁོང་ལྟར་ན་ད་ལྟའི་བོན་ལྟར་ནང་པ་དང་འདྲ་བ་སྲོང་བཙན་གྱི་སྐབས་ཀྱི་བོན་ལ་ཡོད་པར་ཐལ། འཁྱར་བོན་དང་བརྡོལ་བོན་མིན་པར་སྟོན་པ་གཤེན་རབ་ཀྱིས་ཐོག་མ་ནས་གསུངས་པ་ཁྱེད་འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཞན་དུ་སྲོང་བཙན་གྱིས་ནང་བསྟན་སྤེལ་མི་དགོས་པར་ཐལ་ཏེ། ནང་བསྟན་ཡོད་པའི་ཕྱིར་དང་། ཁྲི་སྲོང་གིས་མ་ཞང་གསོན་དུར་བྱས་པ་དང་འགལ་ལོ་ཞེས་ཟེར། དེ་ལ་འདོད་མི་ནུས་ཞེས་པ་དེ་ཁྱོད་ཀྱིས་འདོད་མི་ནུས་པ་ཡིན་ནམ། སྐབས་ཀྱི་བོན་པོས་འདོད་མི་ནུས་པ་ཡིན། དང་པོ་ལྟར་ན་ཁྱོད་ཀྱིས་འདོད་མི་ནུས་ན་ཅི་སྟོ། བོན་པོས་འདོད་མི་ནུས་པ་མིན་སྟེ། ད་ལྟའི་བོན་ལྟར་ནང་པ་དང་འདྲ་བ་སྲོང་བཙན་གྱི་སྐབས་ཀྱི་བོན་ལ་ཡོད་པར་འདོད་ཅེས་འདོན་ལན་ཐེབ་པའི་ཕྱིར། དེས་ན་ཐལ་འགྱུར་འདི་ནི་བོན་པོའི་ངོར་ཐལ་འགྱུར་ལྟར་སྣང་ཡིན་ནོ། །གཞན་དུ་སྲོང་བཙན་གྱིས་ནང་བསྟན་སྤེལ་མི་དགོས་པར་ཐལ་ཏེ། ནང་བསྟན་ཡོད་པའི་ཕྱིར་ཞེས་པར། ཧྭ་ཧྭ། སྲོང་བཙན་གྱིས་དམ་ཆོས་སྤེལ་མི་དགོས་པར་ཐལ། དམ་ཆོས་ཡོད་པའི་ཕྱིར། འབྲི་གུང་པ་བོན་ཅན། དེས་ཀྱང་དམ་ཆོས་སྤེལ་མི་དགོས་པར་ཐལ། དམ་ཆོས་སྲོང་བཙན་སྐབས་སྤྱིར་ཡོད་པ་མ་ཟད། བོད་ཀྱི་ཡུལ་དུའང་ཡོད་པའི་ཕྱིར། དེར་ཐལ་ལྷ་ཐོ་ཐོ་རིའི་སྐབས་སུ་དམ་ཆོས་དབུ་བརྙེས་པའི་ཕྱིར་རོ། །དེས་ན་འབྲི་གུང་པའི་དམ་ཆོས་སྤེལ་བ་དགོས་མེད་ཡིན་པར་འདོད་དམ། དེ་མི་འདོད་ན། ཐལ་འགྱུར་གོང་མ་དེར་བོན་པོའི་འདོད་ལན་མི་ཐུབ་པའི་རྒྱུ་མཚན་ཅི་ཞིག་སྣང་། ནང་བསྟན་མེད་ན་མ་ཞང་གསོད་དགོས་པར་ཐལ། མ་ཞང་གསོད་པ་དང་ནང་བསྟན་ཡོད་པ་འགལ་བའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་མ་ཟད་སྲོང་བཙན་སྐབས་དམ་ཆོས་བོད་དུ་མེད་པར་ཐལ། སྲོང་བཙན་གྱིས་མ་ཞང་མ་བསད་པའི་ཕྱིར། དེས་ན་མ་ཞང་བསོད་པ་དམ་ཆོས་ཀྱི་དགེ་མཚན་ཞིག་ཡིན་པར་འདོད་དམ། དེ་ལྟར་ན་འཚེ་བ་ཆོས་སུ་སྨྲ་བ་ཞེས་དེ་ལས་གཞན་དུ་ཅི་ཞིག་ཡོད། ཡང་ཁོ་ན་རེ། ཡང་ཁྲི་སྲོང་གིས་མཁན་སློབ་གདན་འདྲེན་མི་དགོས་པར་ཐལ། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པའི་བོན་ཡོད་པའི་ཕྱིར་ཏེ། ད་ལྟའི་བོན་དང་གཉིས་སུ་མེད་དེ་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་སྟེ། ནང་བསྟན་ལས་ལོག་པའི་ཆོས་ཡིན་པའི་ཕྱིར་ཏེ། ལོག་པར་འདྲེན་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ནང་བསྟན་ལས་ལོག་པའི་ཆོས་ཡིན་ཏེ། མཁན་སློབ་ཆོས་གསུམ་གྱིས་སུན་ཕྱུང་ཏེ་བསྣུབ་པའི་ཕྱིར་ཞེས་ཟེར། དེ་དག་གི་ལན་རེ་རེ་བཞིན་འདེབས་པར་བྱ་སྟེ། ཁྲི་སྲོང་གིས་མཁན་སློབ་གདན་འདྲེན་མི་དགོས་པར་ཐལ། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པའི་བོན་ཡོད་པའི་ཕྱིར་ཏེ་ཞེས་པར་ལན། འདོད་ཐོག་ཅེས་བྱའོ། དེ་དགོས་དོན་ཡང་དག་མེད་པའི་ཕྱིར། གལ་སྟེ་ཁྲི་སྲོང་གིས་ལས་ཉེས་དེ་འདྲ་བྱས་མེད་ཚེ་བོད་ཀྱི་ཕུ་ནུ་ནང་འཐབ་ཀྱི་ས་འབྲི་གཡུལ་འབྱེད་ཀྱི་གླིང་ལོག་ཀྱང་བྱུང་དོན་མེད། མཁན་སློབ་དེ་ཉིད་ཀྱིས་བོད་ཀྱི་ཆོས་ལུག་གཅིག་བསྒྱུར་ལ་གཏོར་བཤིགས་བྱས་པ་དང་། བོད་ཀྱི་མཐུན་འབྲེལ་རྩ་གཏོར་བྱས་པ་མ་ཟད། དེ་གཉིས་ཀྱིས་བྱིན་གྱིས་རློབས་པས་ད་ཆའང་། བན་བོན་ཙམ་གྱིས་ག་ལ་ཚད། ཆོས་རྒྱུས་གཅིག་པར་འདོད་བཞིན་དུ་ས་དགེ་བཀའ་སྙིང་ཇོ་ནང་བཅས་ནང་འཁྲུག་བྱེད་པར་བྱུང་བ་ཡིན། དེ་དག་ལ་བསམ་ཚེ་མཁན་སློབ་དེ་ཉིད་བོད་དུ་གདན་འདྲེན་པར་དགོས་པ་མེད་ཅེས་བརྗོད་ཆོག་ཆོག་མི་འདུག་གམ། རྟགས་བར་པ་གཉིས་ཀྱི་ལན་དུ་རྟགས་སྦྱོར་ཕྱི་མ་འདིར་ལན་བཏབས་པས་མཐུན་པར་འདུག་པས་ན། དེ་ཆོས་ཅན། ནང་བསྟན་ལས་ལོག་པའི་ཆོས་ཡིན་ཏེ། མཁན་སློབ་ཆོས་གསུམ་གྱིས་སུན་ཕྱུང་ཏེ་བསྣུབ་པའི་ཕྱིར་ཞེས་ཟེར། དེར་མ་ཁྱབ་ཅེས་ལན་འདེབས་པའོ། །ཁྱོད་ལྟར་ན་གཅིག་གིས་གཅིག་སུན་ཕྱུང་བ་དང་། སྐྱོན་བཀལ་བ་ཙམ་གྱིས་སུན་ཕྱུང་ཡུལ་དང་སྐྱོལ་འགེལ་ཡུལ་དེ་ཉིད་ཁུངས་མེད་ལུང་མེད་དུ་འགྱུར་རམ། དེར་འགྱུར་ན་དམ་ཆོས་དགོངས་གཅིག་ཆོས་ཅན། ནང་བསྟན་ལས་ལོག་པའི་ཆོས་ཡིན་པར་ཐལ། ས་དགེའི་མཁས་དབང་ཚོས་སུན་ཕྱུང་བའི་ཕྱིར། ཁྱེད་ཅག་བན་དེའི་ནང་ཁུལ་དུ་གཅིག་གིས་གཅིག་ལ་སུན་ཕྱུང་བ་མང་དུ་འདུག་པ་འདི་དག་ནང་པ་ལས་ལོག་པའི་ཆོས་ཡིན་པའི་རྒྱུ་མཚན་ཨེ་ཡིན། གཞན་ཡང་ཀ་མ་ལ་ཤཱི་ལའི་གྲུབ་མཐའ་ཆོས་ཅན། ནང་པ་ལས་ལོག་པའི་ཆོས་ཡིན་པར་ཐལ། ཧ་ཤང་གིས་སུན་ཕྱུང་བའི་ཕྱིར། ཡང་ཧ་ཤང་དེའི་གྲུབ་མཐའ་ཆོས་ཅན། ནང་པ་ལས་ལོག་པའི་ཆོས་ཡིན་པར་ཐལ། ཀ་མ་ལ་ཤཱི་ལས་སུན་ཕྱུང་བའི་ཕྱིར། དེས་ན་དེ་གཉིས་གང་ཞིག་ནང་པ་ལས་ལོག་པའི་ཆོས་ཡིན། ཧ་ཤང་གི་གྲུབ་མཐའ་དེ་ནང་པ་ལས་ལོག་པའི་ཆོས་མིན་པར་ཁྱོད་ཀྱིས་ཧ་ཤང་གི་ལུང་གི་རྒྱབ་རྟེན་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ལ་གཏུག་པའི་ཕྱིར་ཟེར་བས་སོ། །བན་དེའི་ཆོས་ཡང་ནང་པ་ལས་ལོག་པའི་ཆོས་ཡིན་པར་འགྱུར་ཏེ། བོད་རྒྱལ་གླང་དར་གྱིས་སུན་ཕྱུང་ནས་བསྣུབ་པས་ཕྱིར་རོ། །དེས་ན་གཅིག་གིས་འགོག་པ་ཙམ་གྱིས་གཅིག་ཤོས་མི་བདེན་པ་ཡིན་དགོས་མིན་དཔྱད་པ་མཐར་ཕྱིན་ཚེ་ད་གཟོད་གོང་གི་རྟགས་དེ་རྟགས་ཡང་དག་རེད་དམ་ལྟར་སྣང་རེད་འདུག་ཤེས་འོང་། ནང་པའི་ཐེག་མ་ཆེན་པོ་རྣམས་ཀྱིས་ནང་པའི་ཐེག་པ་ཆུང་ངུ་སུན་ཕྱུང་བའང་ཡོད་དམ་མེད་གཟིགས་པར་མཛོད། ཡུམ་ལ་སོགས་ཐེག་ཆེན་གྱི་གཞུང་སངས་རྒྱས་ཀྱི་བཀའ་ཡིན་པར་སུན་ཕྱུང་བ་དང་། ཤཀྱས་གསང་སྔགས་གསུངས་པར་སུན་ཕྱུང་བ་ཡང་ཡོད་འདུག་པས་དེ་དག་ཅི་ལྟར་བསམ། མ་ཟད་བོད་ཀྱི་བན་དེའི་ཆོས་ལུགས་འདིའང་སངས་རྒྱས་ཆོས་མིན་པར་བླ་མའི་ཆོས་སུ་ཟེར་མཁན་ཡོད་པ་མ་ཡིན་ནམ། ཡང་ན་སུན་ཕྱུང་མཁན་ཡིན་ན་མཁན་སློབ་ཆོས་གསུམ་གང་རུང་ཡིན་དགོས་ཞེས་བརྗོད་པ་ལས་གཞན་ཁྱོད་ལ་སྐབས་འདིའི་རྟགས་འདི་རྟགས་ཡང་དག་ཏུ་བོན་པོའི་ངོར་ཅི་ལྟར་བསྒྲུབ། གཞན་ཡང་མཁན་སློབ་ཆོས་གསུམ་སྐབས་ཀྱི་སྟོན་པ་ཁྲི་གཙུག་རྒྱལ་བའི་བསྟན་པའི་བོན་དམ་ཆོས་ལས་ལོག་ཕྱོགས་ཀྱི་ཆོས་ཤིག་མིན་ཏེ། མཚོ་རྒྱལ་བཀའ་ཐང་ལས། བོན་ནང་པ་ནི་ཆོས་དང་མཐུན་པས་རང་སར་བཞག་མཛོད་ཅེས་གསལ་བས་སོ། །ཡང་ཁོ་ན་རེ། ཡང་ཁོང་དག་གིས་ཡུམ་སྲས་བཅུ་བདུན་དག་བོན་གྱི་ཁམས་ཆེན་སོགས་ལ་བལྟས་ནས་བསྒྱུར་རོ་ཞེས་སྨྲ་བའང་མི་འཐད་དེ། སྔ་དར་གྱི་སྐབས་ནང་པ་ལས་ལོག་པའི་བོན་གྱི་དཔེ་མཆོད་རྟེན་གྱི་ཞབས་སུ་བཅུག་པ་དང་སྐུའི་ཞབས་སུ་བསྣན་པ་ཕྱིས་བཏོན་པ་ནང་པ་དང་འདྲ་བར་འབྱུང་བ་མི་སྲིད་པའི་ཆོས་ཉིད་དེ། རྒྱུ་ལས་ལོག་པའི་འབྲས་བུ་མི་འབྱུང་བའི་ཕྱིར། མ་གྲུབ་ན། དེ་བོན་ཅན། ནས་བཏབ་པ་ལས་སྲན་མ་སྐྱེ་དགོས་པར་ཐལ། བན་ལས་ལོག་པའི་ཆོས་སྦས་པ་ལས་བན་དང་མཐུན་པའི་བོན་བྱུང་བའི་ཕྱིར། འདོད་མི་ནུས་ཏེ། རྒྱུ་འབྲས་འཆོལ་བར་འདོད་དགོས་པའི་ཕྱིར་ཞེས་ཟེར། དེ་ལ་ལན་དུ། སྔ་དར་གྱི་སྐབས་ནང་པ་ལས་ལོག་པའི་བོན་གྱི་དཔེ་མཆོད་རྟེན་གྱི་ཞབས་སུ་བཅུག་པ་དང་སྐུའི་ཞབས་སུ་བསྣན་པ་ཕྱིས་བཏོན་པ་ནང་པ་དང་འདྲ་བར་འབྱུང་བ་མི་སྲིད་པའི་ཆོས་ཉིད་དེ་ཞེས་པར། བོན་གྱི་གཏེར་དཔེ་རྣམས་དེ་ལྟར་ཡིན་ན། བན་བོན་ཟུང་འཇུག་གི་གཏེར་སྟོན་རྣམས་ཀྱིས་ནང་པ་ལས་ལོག་པའི་བོན་གཏེར་དུ་འདོན་པ་ལ་དགོས་པ་ཅི་ཞིག་ཡོད། དེ་དག་ཐང་ཡིག་སོགས་ལས་ལུང་དུ་བསྟན་པའི་གཏེར་སྟོན་ཡང་དག་ཏུ་གྲུབ་པའི་ཕྱིར། གཏེར་སྟོན་ཟུང་འཇུག་དེ་དག་གིས་གཏེར་ལས་དྲོང་པའི་མངོན་རྟོགས་རིག་པ་རྩེ་མོའི་འབུམ་དང་། བདལ་འབུམ་མ་རྒྱུད་སོགས་ནང་པ་ལས་ལོག་པའི་བོན་རེད་འདུག་གམ་གསལ་པོར་གཟིགས་དང་། གཞན་དུ་ན་སྐུའི་རྒྱབ་དང་མཆོད་རྟེན་འོག་ལས་ཐོན་པའི་ནང་པ་ལས་ལོག་པའི་བོན་ཟེར་བ་དེ་དག་སྟོན་དང་། ནང་པ་ལས་ལོག་མིན་ལྟས་པས་ཤེས་སོ། །གཞན་ཁྱོད་ཀྱི་ལུགས་སུ་རྒྱུ་འབྲས་འཆོལ་ཚུལ་ཡང་དེ་ལྟར་ཨེ་ཡིན། ཡིན་ན། སྲན་མ་ཆོས་ཅན། ཁྱོད་ཡིན་ན་ནས་ལས་མ་སྐྱེས་པས་ཁྱབ་པར་ཐལ། ནས་བཏབས་པ་ལས་སྲན་མ་མི་སྐྱེ་བའི་ཕྱིར། ལུད་བཏབས་པ་ལས་ནས་མི་སྐྱེ་བར་ཐལ། གལ་ཏེ་སྐྱེས་ན་རྒྱུ་འབྲས་འཆོལ་བའི་ཕྱིར། མི་ཤི་ན་མིར་སྐྱེ་བ་ཁོ་ན་ཡིན་པར་ཐལ། མི་ཤི་ན་ཁྱིར་མི་སྐྱེ་བའི་ཕྱིར། དེ་ལྟར་སྐྱེ་ན་རྒྱུ་འབྲས་འཆོལ་བའི་ཕྱིར། ཁྱོད་ཀྱི་རྒྱུ་བྲས་འཆོལ་དང་འཆོལ་མིན་གྱི་རྣམ་བཞག་འདི་མུ་སྟེགས་རྒྱང་འཕེན་པའི་ལུགས་ཡིན་པ་ལས། མི་ཤི་ན་ཁྱིར་སྐྱེ་བ་ཡོད་ལ། ནས་བཏབས་པ་ལས་སྲན་པ་སྐྱེ་བ་ཡང་ཡོད་པའི་ཕྱིར། ཡང་ཁོ་ན་རེ། ཁམས་ཆེན་ཡུམ་དུ་བསྒྱུར་བར་འདོད་པ་དེ་ཆོས་ཅན། ཁྱེད་ཀྱི་འདོད་པ་འཁྱམས་པར་ཐལ། མངོན་སུམ་ལ་བསྙོན་པའི་སྤྱི་བརྟོལ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱ་དཀར་ནག་ཏུ་བོན་མ་དར་ཡང་ཡུམ་གྱི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་སྣང་བའི་ཕྱིར། དེར་ཐལ། ད་ལྟའི་བོན་ཀྱི་བསྟན་འགྱུར་ཁྲོད་དུའང་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་རོ། །གཞན་དུ་དེ་རྣམས་སུ་བོན་གྱི་ཡུམ་དར་བའི་ཁུངས་བསྟན་དགོས་སོ་ཞེས་ཟེར། དེ་ལ་ལན་དུ། ཐལ་འགྱུར་དང་པོར་རྟགས་མ་གྲུབ་ཀྱི་ལན་ཐེབ་ཅིང་། གཉིས་པར་ཡང་ཁྱབ་པ་མ་གྲུབ་ཀྱི་ལན་འདེབས་སོ། །དེ་ཁྱོད་ལྟར་གཞུང་དེའི་འགྲེལ་བ་གནས་དེར་ཡོད་ན། འབྲེལ་ཡུལ་གྱི་གཞུང་དེའང་གནས་དེར་ཡོད་དགོས་པར་ཐལ། ཡུམ་གྱི་དགོངས་འགྲེལ་གྱི་བསྟན་བཅོས་གང་དུ་ཡོད་ན་དེར་ཡུམ་ཞེས་པའི་གཞུང་ཡོད་དགོས་པའི་ཕྱིར། དེས་དམ་ཆོས་དགོས་གཅིག་གི་དགོངས་རྒྱན་གང་དུ་ཡོད་ན། དེར་དམ་ཆོས་དགོས་གཅིག་གི་གཞུང་དེ་ཡོད་པས་ཁྱབ་པ་ནི་མངོན་སུམ་ལ་བསྙོན་པ་ཅིའི་ཕྱིར་མིན། རྒྱ་དཀར་ནག་ཏུ་བོན་གྱི་ཁམས་ཆེན་མ་དར་བའི་བསྒྲུབ་བྱེད་ཡོད་ན་ཐོངས་དང་། དེས་ན་ཡུམ་ཁམས་ཆེན་ལས་མ་བསྒྱུར་ཞེས་པ་ནི་མངོན་སུམ་ལ་བསྙོན་པ་ཡིན་ལ། བསྒྱུར་ཞེས་པ་ནི་ཚད་མས་གྲུབ་སྟེ། སྒྱུར་བ་པོ་ཡང་། འབྲི་གུང་སྐྱབས་མགོན་གྱི་སྐུ་སྐྱེ་སྔ་མ་མགོན་པོ་ཀླུ་གྲུབ་རང་ཡིན། བསྒྱུར་བའི་གནས་ཀྱང་ད་ལྟ་བར་ཡུལ་གྱི་ཀླུ་བྲག་ཕུག་ཟེར་བ་དེར་ཡིན། རྒྱུ་མཚན་དེས་ཕྱིར་ན། དབྱིག་གཉེན་གྱིས་ཀླུ་གྲུབ་བདུད་ཀྱི་སྤྲུལ་པ་ཡིན། ཨ་ཅུང་དེ་ཡི་རྗེས་འབྲང་ཡིན་ཞེས། ཡུམ་སྟོན་པ་ཤཱཀྱའི་བཀའ་མིན་པར་འདོད་པ་ཅིས་མ་བདེན་ཞེས་ཟེར་ན་ཅིས་འགོག ཕྱིས་སུ་རྒྱ་ནག་སོགས་སུ་ཡུམ་གྱི་དགོངས་འགྲེལ་བསྒྱུར་བ་དང་། རྒྱ་གར་བས་ཤཱཀྱའི་གསུང་ཡིན་མདོག་གིས་དགོངས་འགྲེལ་མང་དུ་བྱས་པ་ཕྱིས་སུ་བོད་ཀྱི་བན་དེས་ཀྱང་བོན་ལ་སྨོད་བཞིན་བོན་གྱི་གཞུང་ལུགས་རྐུས་ཏེ་ཉམས་ལེན་བྱེད་པ་ཆེས་ངོ་ཚ་བའོ། །གཞན་ཡང་བསམ་པར་བྱ་བ་འདི་ལྟར་ཡོད་དེ། བོན་ཆོས་རྣམ་འབྱེད་ལས། ཡང་ཁམས་ཆེན་འདི་ལ་འགྱུར་གཉིས་ཡོད་པས། ཕྱི་དཔེ་དུམ་ཉི་ཤུ་པ་གཤེན་རབ་ལ་སྒྲིབ་སེལ་གྱི་གཡུང་དྲུང་སེམས་དཔའ་སོ་གཉིས་ཀྱི་བསྐོར་ནས་གསུངས་པ་ཞིག་ཡོད་པ་དེ། བཻ་རོས་ཆོས་ཀྱི་འབུམ་རྒྱས་པ་འདྲ་མིན་དུ་བསྒྱུར། ཡང་དེ་ལས་དཔེ་བླངས་ནས་འབྲོམ་སྟོན་ལ་སོགས་ཀྱིས་བསྒྱུར་བའི་འབུམ་དང་གཉིས་ཡོད་དེ། ཉོག་ལ་མང་བ་གཅིག་ཡོད་དོ། །བཻ་རོས་འབུམ་བསྒྱུར་བའི་འཕྲོ་ལུས་ཏེ། ཞབས་དུམ་བཞི་ལུས་པ་ཀླུ་ཡུལ་དུ་ལུས་ཞེས་སྨྲས་སོ། འབྲིང་པོ་དང་བསྡུས་པ་གཉིས་ལའང་དེ་བཞིན་ཡོད། འབུམ་དེ་ཁྱོད་བོན་ལས་བསྒྱུར་བ་རྟགས་མ་གྲུབ་ཅེ་ན། རྟགས་གྲུབ་སྟེ། ད་ལྟ་བོན་གྱི་ཁམས་བརྒྱད་སྤ་དྲོ་ནས་བྱོན་པའི་དུམ་པ་ཉི་ཤུ་ཡོད་པ་ལ་དཔེར་བླངས་ནས་བློ་བཟོ་བྱས་པ་ཡིན། ཀླུ་ཡུལ་ནས་ཀླུ་སྒྲུབ་ཀྱིས་རྒྱ་གར་གྱི་སྐད་དུ་བསྒྱུར་ཟེར་ཡང་། རྒྱ་གར་ན་འབུམ་འདི་ཡེ་ནས་མེད་པས། རྣ་ཐོས་མཁས་པ་ཀུན་གྱིས་མ་ཚོར་བ་དང་། རྒྱ་གར་བའི་མཁས་པ་ཀུན་ལ་དྲིས་པས་ཡེ་ནས་མེད་ཟེར་རོ། །བལ་པོ་ལི་ཤིན་ཏིའི་སོགས་མཁས་པ་ཀུན་གྱིས་འབུམ་འདི་རྒྱ་གར་ན་ཡེ་ནས་མེད་པས་བོད་ནས་ཕར་གདན་དྲངས་ནས་བོད་ཀྱི་མི་ལ་ཀློག་ཏུ་འཇུག་པར་འདུག རྒྱ་གར་སྐད་ལ་བསྒྱུར་ནུས་པའི་མི་ཡོད་ན་བདག་རྐྱེན་བྱེད་ཟེར་བ་འདུག་སྟེ། བལ་པོ་ལ་སྐད་གཉིས་ཤན་སྦྱར་བའི་ལོ་ཙཱ་མ་བྱུང་ངོ། །ཞེས་གསུངས་ཤིང་། ཁོང་ནི་ཡུམ་འབུམ་གཉིས་ལ་འདྲ་མིན་གྱི་ཞིབ་འཇུག་བྱེད་པོ་སྔ་ཤོས་དེ་རེད། འབྲི་མཚམས་ནས་ཐོན་པའི་ཁམས་ཆེན་དུམ་བུ་བཅུ་དྲུག་པ་དེ་ནི་ཡུམ་བསྒྱུར་བའི་གཞི་མིན་སྟེ། ཁམས་ཆེན་འདིར་གཤེན་རབ་ལ་ཡེ་ཤེས་སུམ་བརྒྱ་ང་གཉིས་ཀྱིས་བསྐོར་བ་དང་དེ་སྟེང་ཞུ་བའི་གཤེན་བརྒྱད་བསྣན་པའི་ཡེ་ཤེས་སུམ་བརྒྱ་དྲུག་ཅུའོ། །ཡུམ་རྒྱ་གར་དུ་ཤཀྱས་གསུངས་པའི་དབང་དུ་གཏོང་ཡང་མ་བསྒྱུར་པ་མི་འགྲུབ་སྟེ། ཐུབ་པ་རང་གི་དགེ་རྒན་སྟོན་པ་གཤེན་རབ་ཀྱིས་གསུངས་པ་དེ་ཉིད་དགོས་པའི་དབང་གིས་རྒྱ་གར་དུ་དུམ་བུ་ཞིག་བཅོས་བའང་ཆོག་པའི་གནས་ཡིན། ཐུབ་པ་ཡང་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཕྱིར་དུ་རྒྱ་གར་དུ་གཤེན་རབ་ཀྱིས་མངག་པ་ཡིན་པས་སོ། །ཡང་ཁྱོད་ན་རེ། བོན་བསྟན་རྙིང་མ་ཆོས་ཅན། འཚེ་བ་ཆོས་སུ་སྨྲ་བའི་ཉི་ཚེ་བ་ཡིན་ཏེ། ཤ་ཁྲག་གི་དམར་མཆོད་སོགས་བྱེད་པའི་ཕྱིར། མ་གྲུབ་ན། ད་ལྟ་ཨ་མདོ་དང་ཁྱུང་པོ་སོགས་སུ་མངོན་སུམ་དུ་སྣང་བས་བསལ་ལོ་ཞེས་ཟེར། ཁྱོད་ཀྱི་རྟགས་སྦྱོར་དང་པོར་ཁོ་བོས་མ་ཁྱབ་ཅེས་ལན་བསློག་པར་བྱ་སྟེ། ཤ་ཁྲག་གི་དམར་མཆོད་སོགས་བྱེད་ན། འཚེ་བ་ཆོས་སུ་སྨྲ་བ་ཡིན་པས་ཁྱབ་པ་མེད་དེ། དེ་ལྟར་མིན་ན། ཁྱོད་རང་ལའང་། བན་དེ་ཆོས་ཆོས་ཅན། འཚེ་བ་ཆོས་སུ་སྨྲ་བའི་ཉི་ཚེ་བ་ཡིན་པར་ཐལ། ཤ་ཁྲག་གི་དམར་མཆོད་སོགས་བྱེད་པའི་ཕྱིར། ཁྱབ་པ་ཁྱོད་ཀྱི་རྟགས་ཀྱིས་ཁས། གསལ་བ་ལ་འདོད་ལན་མི་ཐུབ་སྟེ། བན་དེའི་ཆོས་འཚེ་བ་ཆོས་སུ་སྨྲ་བ་མ་ཡིན་པར་འདོད་ཅིང་། བན་དེའི་ཆོས་འཚེ་བ་ཆོས་སུ་སྨྲ་བ་ཡིན་པར་ཁྱོད་ཀྱིས་འདོད་མི་ནུས། རྟགས་ལོ་རྒྱུས་ཀྱི་ཡིག་ཆས་གྲུབ་པས་ན་ཁྱོད་ལ་འཁོར་གསུམ་ཡིན་ནོ། །དེ་རྟགས་མ་གྲུབ་ཅེ་ན། བན་དེ་ཆོས་ཅན། ཤ་ཁྲག་གི་དམར་མཆོད་སོགས་བྱེད་པར་ཐལ། དེབ་དཀར་ལས། བཙན་པོ་རྗེ་བློན་རྣམས་ལོ་སྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་དྷེ་ཞིག་གིས་ཆོ་ག་གཏོང་ཞེས་གསལ་བར་གསུངས་པ་འདི་དག་ལ་དམར་མཆོད་ཅེས་བྱ་བ་ལས། གཞན་དམར་མཆོད་ཅེས་པ་ཅི་འདྲ་ཞིག་དགོས། མ་ཟད་དགོངས་གཅིག་ལེགས་བསྒྲུབ་ཀྱི་ངོས་༡༡༣དུ་རྩ་རྒྱུད་ལེའུ་དྲུག་པ་ལས། ཙ་རི་ཕག་གདོང་ནག་མོའི་གནས། ཤ་དང་ཆང་གིས་མཆོད་པར་བྱ་ཞེས་པས་ཀྱང་གསལ་ལོ། ཤག་ཐུབ་རྗེས་འབྲང་བོད་ཀྱི་བན་དེ་ཕལ་མོ་ཆེ་ནི་ཤ་ཁྲག་ལ་ལོངས་སུ་སྤྱོད་ཅིང་། བསྟན་པའི་ཞབས་རིམ་དང་། སྐུ་ཚེའི་རིམ་གྲོ། རྟེན་གསུམ་གྱི་ཞལ་བསྲོ་སོགས་ལ་སེམས་ཅན་མང་པོའི་སྲོག་བཅད་དེ་ཧབ་ཆ་དིར་རི་ཤ་ཁྲག་གི་སྟོན་མོ་བྱེད་པའི་སེར་མོ་འདི་རྣམ་གང་གི་ལུགས་ཡིན་ལགས་སམ། ཞེས་ཁྱོད་ཀྱི་གཏམ་མ་ཡིན་ནམ། །སྐབས་དེར་དམར་མཆོད་ཀྱི་ཆོ་ག་སྤེལ་མཁན་དེ་ནི་བོན་པོ་རེད་འདུག་གམ་བན་དྷེ་རེད་འདུག རང་ཁ་ཤོ་བ་ལག་པས་བཀབ། ཡོས་བུས་སྟག་ལ་ཁ་ཤོ་ཟེར་ཞེས་པ་ཅིས་མ་བདེན་ནམ། ད་ལྟ་ཨ་མདོ་དང་ཁྱུང་པོ་སོགས་སུ་མངོན་སུམ་དུ་སྣང་བས་གསལ་ལོ་ཞེས་ཟེར། དེ་ལྟར་མངོན་སུམ་གྱི་ཡུལ་དུ་གྱུར་པའི་དམར་མཆོད་བྱེད་པོ་དེ་བན་དྷེ་རེད་དམ་བོན་པོ་རེད་གསལ་པོར་གཟིགས་དང་། ཁོ་བོ་ཨ་མདོ་མཚོ་སྔོན་དང་རྔ་བ་སོགས་སུ་ལོ་བདུན་ལྷག་ཙམ་སྡོད་པ་ཡིན་ཡང་། བོན་པོས་དེ་འདྲ་བྱེད་པ་ཡང་མ་མཐོང་ཞིང་ཤོད་རྒྱུན་ཡང་མ་གོ་ལ། བན་དྷེའི་དགོན་པ་ཞིག་གིས་ར་ཞིག་དམར་བསུར་གཏོང་བ་རེད་ཅེས་བཤོད་སྲོལ་ཡོད་འདུག བདེན་མིན་ཡང་མ་ཤེས། ཡང་ཁྱོད་ན་རེ་ཞིབ་ཏུ་བོན་གྱི་ཡིག་ལམ་ལ་བརྟགས་སྐབས་གཤེན་རབ་མི་བོ་ཆེས་དང་པོ་ཐུགས་བསྐྱེད་ཚུལ་དང་། བཀའ་བསྡུ་བྱ་ཚུལ། མདོ་སྔགས་ཀྱི་དབྱེ་བ་སྲུང་སྡོམ་དམ་ཚིག་སོགས་ནང་བསྟན་ལས་རིགས་འགྲེས་ཀྱིས་འདྲ་བཟོ་ཁོ་ནར་སྣང་བས་ཡིད་རྟོན་པར་མི་བྱའོ་ཞེས་ཟེར་ཏེ། ཧ་ཧ། ཅི་འདྲའི་མཚར་བ་ལ། མུ་སྟེགས་པའི་ཆོས་ལུགས་དང་འདྲ་བཟོ་བྱས་པ་ལ་ཡིད་རྟོན་ཞིང་། ནང་པའི་ཆོས་དང་འདྲ་བཟོ་བྱས་པ་ལ་ཡིད་མི་རྟོན་པ། ལར་ནང་པའི་ཆོས་ཞེས་པ་དེ་ཅི་འདྲ་ཞིག་ལ་འདོད། ཤཱཀྱ་ཐུབ་པའི་ཆོས་ལུགས་ཁོ་ནར་འདོད་དམ་གཞན་པ་ཡོད། དང་པོ་ལྟར་ན་སངས་རྒྱས་འོད་སྲུང་གི་བསྟན་པ་ནང་པའི་ཆོས་མིན་པར་ཐལ། ཤཱཀྱ་ཐུབ་པའི་བསྟན་པ་མ་ཡིན་པའི་ཕྱིར། དེར་ཐལ། ཤཱཀྱ་ཐུབ་པ་མ་གྲུབ་གོང་དུ་སངས་རྒྱས་འོད་སྲུང་གི་བསྟན་པ་ཡོད་པའི་ཕྱིར། གཞན་དུ་ན། ཤཱཀྱ་ཐུབ་པའི་བསྟན་པ་དང་སྟོན་པ་གཤེན་རབ་ཀྱི་བསྟན་པ་གཉིས་འདྲ་མཚུངས་སུ་གནས་པ་ནི། ཤཱཀ་ཐུབ་གཤེན་རབ་ཀྱི་སློབ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པས་ན། བོན་པོས་ངོས་ནས་བལྟས་ཚེ་འགལ་བ་གང་ཡང་མི་འདུག འདྲ་བཟོ་བྱས་ཞེས་འདྲ་བའི་རྒྱུ་མཚན་གྱིས་ཡིན་ནམ་གཞན་འདྲ་བཟོ་བྱས་པའི་རྒྱུ་མཚན་གཞན་ཅི་བཤད་རྒྱུ་ཡོད། ཐེག་པ་ཆེན་པོའི་ཆོས་སོགས་བོན་པོ་ལས་བླང་པ་ཡིན་པ་ནི། སྐྱེ་བ་དུ་མར་རྒྱ་གར་པན་གྲུབ་ཀྱི་སྐྱེ་བ་བཞེས་པའི་དབྱིག་གཉེན་གྱིས་ཐེག་ཆེན་གྱི་བཀའ་ཤཱག་ཐུབ་ཀྱིས་གསུངས་པ་ཁས་མ་བླང་པའི་ལོ་རྒྱུས་ཡོད་པའི་ཕྱིར། ཡང་ཁྱོད་ཀྱིས་དཔེར་ན་བོན་གྱི་བཀའ་བརྟེན་རྣམ་བཞག་ལ་མཚོན་ན། ཀུན་གྲོལ་གྲགས་པས་བརྩམས་པ་དང་། སྤ་བསྟན་རྒྱལ་གྱི་དཔེ་རྩིས། ཤར་རྫའི་ཟིན་བྲིས། སྨན་རི་མཁན་ཉིས་བརྩམས་པ་དག་སྔ་མ་ལས་ཕྱི་མ་ནང་པར་འདྲ་ཇེ་ཆེར་སོང་སྣང་བས་སོ་ཞེས་ཟེར། དེ་ལ་དེ་དག་སྔ་ཕྱིར་ནང་ཆོས་ཡིན་མིན་ལ་ཁྱད་ཅི་འདུག་ཤོད་དང་། ད་དུང་ཁྱོད་ཀྱིས་སྤྱིར་དེང་སང་བན་བཟང་བོན་བཟང་གི་དུས་སྐབས་སུ་གྱུར་ལ་སྔ་དེང་དུ་བོན་ཆོས་ཟུང་འཇུག་གི་བསྟན་པ་འཛིན་པ་མང་དུ་བྱོན་པ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེས་ཆེན་རྨད་དུ་བྱུང་བ་སྟེ། སྟོན་པ་ཤཱཀྱ་ཐུབ་པ་ལས་ལྷག་པས་ནའོ། །ཅིའི་ཕྱིར་ཞེ་ན། སྟོན་པ་དེས་ཤེས་བྱར་སྲིད་ཚད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱེད་པར་གསུངས་ཀྱང་སྟོན་པ་ཉིད་ཀྱིས་ནང་བསྟན་དང་ཕྱི་རོལ་གྱི་ཆོས་ཟུང་འབྲེལ་མགོ་སྙོམས་སུ་བསྟན་པ་གཉིས་ལྡན་བྱེད་མི་ནུས་པས་སོ་ཞེས་ཟེར། ཧེ་ཧེ། དེ་འདྲའི་སྟོན་པ་ཐབས་རྡུག་པ་ལའང་། བདག་གི་སྟོན་པ་རྣམ་འདྲེན་གཤེན་རབ་མི་བོ་དེས་སྣང་སྲིད་མཉམ་སྙོམས་སུ་གཟིགས་ཤིང་། ཕྱོགས་དང་རིས་སུ་མ་ཆད་ཅིང་རང་སྣང་དག་པར་རབ་འབྱམས་སུ་གཟིགས་ལ། བཟང་ངན་གྱི་རྟོག་ཚོགས་དབྱིངས་སུ་ཞི་བར་གནས་པ་དེ་ལྟ་བུའི་སྟོན་མཆོག་གཅིག་ཡིན། ལར་སྟོན་པ་ཐུབ་པས་མུ་སྟེགས་པའི་ཆོས་གཞི་བྱས་ཏེ་ནང་བསྟན་སྲོལ་གཏོད་ཀྱང་དེ་གཉིས་ཟུང་འབྲེལ་མ་བྱས་ཟེར། ཟུང་འབྲེལ་མ་བྱས་ན་རྨང་གཞི་བྱེད་ཚུལ་ཅི་འདྲ་ཡོད། བོན་རྒན་ཚོས་ཇི་ལྟར་རྒོལ་བཞིན་ཆོས་རྗེས་རྡོར་གསུང་གི་ཁྱད་ཆོས་ཇེ་གསལ་དུ་འགྲོ་བ་རྒྱུ་མཚན་ཅི་ཡིན་ནམ་ཟེར། ཆོས་རྗེའི་རྫུན་ཁུག་རལ་ལ་ཉེ་བར་འདུག་པ་འདི་ཆོས་རྗེའི་ཁྱད་ཆོས་ཇེ་གསལ་དུ་སོང་བ་ཡིན་རྒྱུ་རེད། དེ་ལས་གཞན་ཅི་ཞིག་ཇེ་གསལ་དུ་འགྲོ་རྒྱུ་འདུག འབྲི་གུང་གླིང་ལོག་གཉིས་པ་བྱུང་ཚེ་ད་གཟོད་ཆོས་རྗེའི་དགོས་པ་ཇེ་གསལ་དུ་སོང་བ་ཨེ་ཡིན།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག