ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཆོ་ག་ཕྱག་ལེན། >> དཔལ་གཤེན་བསྟན་༸སྨན་རིའི་ལུགས་ལྟར་ཁྲོ་ཕུར་དགུ་གཏོར་ཆེན་པོའི་སྐབས་ཀྱི་ཟིན་ཐོ།
དཔལ་གཤེན་བསྟན་༸སྨན་རིའི་ལུགས་ལྟར་ཁྲོ་ཕུར་དགུ་གཏོར་ཆེན་པོའི་སྐབས་ཀྱི་ཟིན་ཐོ།
[རྩོམ་གྱི་ཡོང་ཁུངས། ཨ་ཀྲོང་སེམས་དཔའི་གླེང་སྟེགས།] [རྩོམ་པ་པོ། ཨ་ཀྲོང་སེམས་དཔའ།] [ཟླ་ཚེས། 12-02-21] [ཀློག་གྲངས། ]

    བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་ཉི་ཤུའི་བར་ཕྱི་དྲོ་ཕྱག་ཚོད་གསུམ་དང་ཕྱེད་ཀ་ནས་བཞི་དང་ཕྱེད་ཀའི་བར་༸རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྙན་བརྒྱུད་ཁྲོ་ཕུར་གཉིས་ཀྱི་གདངས་དབྱངས་འབྲུག་མོ་ལྡིར་བ་དང་བོན་སྐྱོང་མ་བདུད་བཙན་གསུམ་ཁྲོ་ཕུར་དམར་ལམ་བཅས་ཀྱི་གདངས་དབྱངས་དབྱར་གྱི་རྔ་སྒྲ་གཉིས་ལ་སྦྱོང་བརྩོན་གནང་དགོས་པ་མ་ཟད་ཕྱག་ཚོད་ལྔ་པ་ནས་དྲུག་དང་ཕྱེད་ཀའི་བར་འཆམ་པོ་བ་རྣམས་ཀྱིས་ཡེ་ཤེས་དབལ་མོ་དང་དུས་དྲུག་མ་རྒྱུད་ལ་སོགས་འཆམ་སྣ་བཅུ་ཕྲག་གཅིག་ལྷག་ཙམ་ལ་སྦྱོན་བརྩོན་ཚུལ་མཐུན་གནང་དགོས། 

   བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཕྱག་ཚོད་དང་པོ་ཕྱེད་ཀ་ནས་ལྔ་པའི་བར་གྲྭ་མང་རྣམས་ཀྱིས་གྱེར་མོ་རྒྱུགས་སྤྲོད་གནང་དགོས་ཤིང་ཚེས་ཉེར་དྲུག་ཉིན་ཕྱི་དྲོར་མཆོད་བཟོ་བྱ་དགོས།

   ཚེས་ཉེར་བདུན་ཉིན་ཞོགས་པ་ཕྱག་ཚོད་བཞི་དང་ཕྱེད་ཀའི་ཐོག་བཞེངས་བརྡ་བཏང་དགོས། ཕྱག་ཚོད་ལྔ་པའི་ཐོག་ཡར་འཚོགས་ཤིང་གཤང་རོལ་གསུམ་དང་དུག་ཕྱུང་དཀར་ཚན་དམར་ཚན་སོགས་རྒྱས་པར་གསུང་དགོས་ལ་དེ་རྗེས་ཁྲོ་གྲལ་ནས་སྤྱི་ལྟར་ཁྲུས་ཁྲོ་རྒྱལ་གོང་མ་འགོ་མཇུག་གྱེར་ཕུར་གྲལ་ནས་ཁྲོ་རྒྱལ་འོག་མ་འགོ་མཇུག་གྱེར་ལ་ཚིག་བཤད་མཉམ་འདོན་བྱེད་དགོས།

   དེ་རྗེས་ཁྲོ་ཕུར་གཉིས་ཀྱི་གཏའ་ཆེན་ནས་བཟུང་སྟེ་སྔོན་འགྲོ་བུམ་ཆོག་དང་རྒྱན་བཀོད་རྣམས་འགོ་མཇུག་གྱེར་ལེན་རེས་དང་གཞུང་ཚིག་བཤད་མཉམ་འདོན་བྱེད་དགོས་ལ་ཕྱི་མཚམས་རྒྱལ་ཆེན་བཞི་འགོ་མཇུག་གྱེར་ཆེན་ལེན་རེས་གཞུང་ཚིག་མཉམ་འདོན་བྱ། བར་མཚམས་འགོར་གྲྭ་པ་ཚང་མ་ཡར་བཞེངས་ཏེ་ཚོགས་ཁང་ནང་དུ་གཤེན་རབ་དགུ་འཆམ་འཆམ་དགོས་པ་མ་ཟད་ཕུར་པའི་མཚམས་བཅད་གསུམ་དང་ཁྲོ་བོའི་བར་མཚམས་རྣམས་རིམ་བཞིན་འགོ་མཇུག་གྱེར་ཆེན་ལེན་རེས་གཞུང་ཚིག་མཉམ་འདོན་བྱ་ཞིང་ལུ་གུ་བརྒྱུད་འགྲོ་དགོས་མཇུག་ཏུ་སྟག་འགྲོས་སེང་སྟབས་འཆམ་ལ་༸སྐྱབས་རྗེ་མཁན་སློབ་རྣམ་པས་བར་མཚམས་བཀའ་བསྒོ་ཁ་བཤད་གསུངས་ལ་མཚམས་བཅད་གནང་དགོས་གྲྭ་མང་རྣམས་ཀྱིས་ཞི་བའི་མཁྱེན་གསོལ་སེམས་བསྐྱེད་སྐྱབས་འགྲོ་སྡིག་བཤགས་རྣམས་དཀོན་བཞིའི་འདེབས་རིང་བྱེད་བཞིན་བཞུགས་གྲལ་འཁོད། དེ་རྗེས་ཞི་བ་ཨ་གསལ་གསོལ་འདེབས་ནས་བཟུང་ཏེ་ཁྲོ་ཕུར་གཉིས་ཀྱི་སྐུ་བསྟོད་ཡན་འགོ་མཇུག་གྱེར་ཆེན་ལེན་རེས་གཞུང་ཚིག་གོང་ལྟར་མཉམ་འདོན་བྱ་ལ་ཕུར་པའི་ཕྱག་རྒྱ་འཇིགས་ཚོགས་སྐབས་སུ་ཕུར་སྒྲིལ་འཆམ་དགོས། གཞུང་གི་ཕྱག་བཤགས་གནས་སྐབས་སུ་ཡར་བཞེངས་མཐར་ཁྲོ་ཕུར་གཉིས་ཀྱི་སྐུ་བསྟོད་འགོར་དངོས་གྲུབ་ཞུ་རོལ་ལྷག་བསྔོ་གསང་མཚམས་བཅད་སྨོན་ལམ་གསུངས་ལ་ཚོགས་གྲོལ། འདི་ལོར་མཚན་མོ་ཕྱག་ཚོད་དང་པོ་དང་སྐར་མ་ལྔ་བཅུའི་ཐོག་གྲོལ་ཐུབ་སོང་།

   ཚེས་ཉེར་བརྒྱད་ཉིན་ཞོགས་པ་ཕྱག་ཚོད་ལྔ་པའི་ཐོག་དབུ་མཛད་ཆེ་བ་ནས་བཀའ་སྐྱོང་རྒྱས་པ་དང་ཆུང་བ་ནས་བསང་དང་ཞི་བ་ཨ་གསལ་གསུང་ལ་འཁོར་དུས་དྲུག་པའི་ཐོག་གྲྭ་མང་རྣམས་འཚོགས་ཉིན་དེར་ཕུར་པའི་ཚོགས་འཁོར་དང་བཀའ་སྐྱོང་གྱེར་དགོས་པས་ཞོགས་པར་དག་གཙང་ནས་བཟུང་ཏེ་ཕུད་སྦྱོང་བར་འགོ་མཇུག་གྱེར་ལེན་རེས་དང་གཞུང་ཚིག་མཉམ་འདོན་སྔ་ཉིན་བཞིན་བྱེད་དགོས་ལ་ཕྱི་དྲོ་བཀའ་སྐྱོང་རྒྱས་པ་དང་ཁྲོ་ཕུར་གཉིས་ཀྱི་དམར་ལམ་རྣམས་འགོ་མཇུག་གྱེར་ཆེན་ལེན་རེས་གཞུང་ཚིག་མཉམ་འདོན་བྱེད་དགོས། དམར་ལམ་འོག་མ་ཀ་དྲ་བའི་འགོར་ཡར་བཞེངས་ཏེ་ཞྭ་དཀར་དབུ་ལ་གསོལ་ཞིང་ཕུར་གྲལ་དབུ་མཛད་ཀྱིས་གྱེར་ཆེན་གསུངས་ལ་མཇུག་ཏུ་༸སྐྱབས་རྗེ་མཁན་སློབ་རྣམ་པས་བཞེས་སྒྲ་གསུངས་ཤིང་བདུད་ཟློག་བྱ་སྤྱི་ལྟར་བྲོ་རྡུང་གྱེར་ཆེན་ཕྱྭ་ཚེ་དངོས་གྲུབ་ཞུ་རོལ་ལྷག་བསྔོ་ཚོགས་སྨོན་གསང་མཚམས་བཅད་སྨོན་ལམ་གསུངས་ལ་ཚོགས་གྲོལ།

   ཚེས་ཉེར་དགུ་ཉིན་ཞོགས་པ་དུས་ཚོད་དྲུག་པའི་ཐོག་ཡར་འཚོགས་ལ་ཨ་གསལ་དང་དག་གཙང་ཚར་རྗེས་ཁྲོ་བོའི་གདན་འབུལ་ནས་གཟེ་རྟགས་མཇུག་བར་ཚོ་གཉིས་གསུམ་ཙམ་བགོས་ཏེ་ཁྲོ་གྲལ་ནས་གསུངས་ཕུར་གྲལ་གྱིས་ཕུར་པའི་བཞེངས་གསོལ་ནས་སྐུ་བསྟོད་བར་མཉམ་དུ་གསུངས་ལ་ཞོགས་ཇ་མཆོད་དེ་རྗེས་དབུ་ལ་ཞྭ་དཀར་གསོལ་ཏེ་ཕུར་པའི་སྐུ་བསྟོད་རྔ་རྡུང་བཞིན་དལ་བུར་གསུངས་དགོས་པ་མ་ཟད་སྒོ་དབྱེ་དང་བཀའ་སྐྱོང་དབུ་ནས་དམར་ལམ་བར་གྱེར་ཆེན་ཐོག་ཉིན་གུང་ཚར་བ་བྱེད་དགོས་ཕྱི་དྲོ་དུས་ཚོད་གཉིས་པའི་ཐོག་བསྒྲལ་བསྟབ་འཆམ་དགོས། དེ་རྗེས་ཡར་འཚོགས་ལ་གསོལ་ཇ་མཆོད་སྒོ་འཁྱམ་དུ་ཁྲོ་ཕུར་གཉིས་ཀྱི་དམར་ལམ་གྱེར་ཆེན་མཁན་སློབ་རྣམ་པ་དང་ཕུར་པའི་ཟློག་པ་གསུངས་མཁན་རྣམས་ཀྱིས་འཆམ་རར་མི་མང་ཚང་མར་ཟློག་དབང་དང་ཁྲུས་གནང་དགོས། སྒོ་འཁྱམ་དུ་དམར་ལམ་ཚར་བ་དང་སྒྲུབ་གཤེན་རྣམ་བོན་གཤེན་རྔ་ཐོགས་ཕེབས་དགོས། དེ་ནས་འཆམ་པོ་བ་རྣམས་ཀྱིས་གཤེན་རབ་དགུ་འཆམ་འཆམ་ཚར་བ་དང་སྟག་འགྲོས་གྲི་འཐེན་བྱེད་བཞིན་མཁན་སློབ་རྣམ་དང་གྲྭ་མང་ལྷན་གཏོར་རྒྱག་ལ་ཕེབས། ཚུར་འཆམ་རར་འབྱོར་རྗེས་སྤྱི་ལྟར་བྲོ་བརྡུང་གྱེར་ཆེན་དང་མེ་རི་འཆམ་བཞིན་ནོར་བུ་དགའ་འཁྱིལ་འགྲོ་དགོས། དེ་རྗེས་འཆམ་པོ་བ་རྣམས་ཀྱིས་བླ་མ་བོན་སྐོར་འཆམ་གྲྭ་མང་རྣམས་སྒོ་འཁྱམ་དུ་ལྷ་རྒྱལ་གྱེར་ཞིང་ཕྱེ་མར་མཆོད་ནང་དུ་ཕེབས་ནས་ཕུར་བཤགས་གསུངས་ཕྱྭ་ཚེ་བཀྲ་ཤིས་གཤེགས་བསྐྱོད་བསྔོ་བ་སྨོན་ལམ་མི་དམིགས་པས་རྒྱས་བཏབ་བོ།།

ཞེས་ཁྲོ་ཕུར་དགུ་གཏོར་ཆེན་མོའི་སྐབས་ཀྱི་ཟིན་ཐོ་མདོར་བསྡུས་འདི་ཉིད་ཨ་ཀྲོང་སེམས་དཔས་གདན་ས་སྨན་གླིང་ནས་སྤེལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག