ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> གཡུང་དྲུང་བོན། >> ཞང་བོད་ཤེས་རིག >> གཡུང་དྲུང་བོན་གྱི་ས་དཔྱད་མདོ་རྒྱུད་རྒྱ་མཚོའི་དགོངས་བཅུད་བསྡུས་དོན་མེ་ལོང་།
གཡུང་དྲུང་བོན་གྱི་ས་དཔྱད་མདོ་རྒྱུད་རྒྱ་མཚོའི་དགོངས་བཅུད་བསྡུས་དོན་མེ་ལོང་།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་དཀར་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན།] [ཟླ་ཚེས། 12-02-09] [ཀློག་གྲངས། ]

 རབ་འབྱམས་གཞུང་ལུགས་རྒྱ་མཚོའི་འཇུག་ངོགས་ལས།།
འབྱུང་འཇིག་སྣང་སྲིད་བཀོད་པའི་གཟི་བྱིན་འཕྲོས།།
རྟེན་གཡོ་སྣོད་བཅུད་དུ་ཁའི་སྨག་ལས་བཀྲོལ།།
རྣམ་འདྲེན་མགོན་པོ་དམུ་རྒྱལ་སྲས་ལ་བསྟོད།།
མེས་པོའི་ཤུལ་བཞག་བཅོས་མིན་རིག་གཞུང་གྱེར།།
བཟང་སྤྱོད་གོམས་གཤིས་འཛམ་གླིང་གོ་ལའི་སྟེང༌།།
ལམ་དང་ལུགས་སྲོལ་ཁྱེད་ལས་ལྷག་མེད་ཀྱང༌།།
སྐལ་དམན་ཀླད་ཆུང་རྣམས་ཀྱིས་རྒྱང་ཕུད་བཏང༌།།
གནམ་སའི་འགྲོས་དབྱིབས་ཕྱུག་པའི་ལེགས་བཤད་ལས།།
དཔྱད་བསྡུས་ཐུན་མིན་མདོ་རྒྱུད་དགོངས་དོན་ཞེས།།
གདོད་མའི་རྒྱ་ཆེའི་རིག་གཞུང་འོ་མཚོ་ལས།།
བསྲུབས་པའི་ཉིང་བཅུད་བློ་གསར་ཚོགས་ལ་འཆད།།

   དེ་ཡང་སྐྱེ་བཞི་རྒྱུད་ལྔའི་ལམ་ལ་ལོངས་སུ་སྤྱོད་བཞིན་པའི་ནང་བཅུད་ཀྱི་འགྲོ་བ་སྤྱི་དང༌། བྱེ་བྲག་ཏུ་འགྲོ་བ་མི་ཡི་ལོངས་སྤྱོད་དང་ཕྱུག་དབུལ། སྲིད་པའི་བདེ་སྡུག འབྱུང་བའི་དར་རྒུད། མི་ཚེ་རིང་ཐུང༌།ས་ཁང་འཕྲོད་མིན་སོགས་མདོར་ན་མི་ཡི་བདེ་སྡུག་ལོངས་སྤྱོད་ཐམས་ཅད་འབྱུང་བ་ས་ཡི་རྟེན་འབྲེལ་ལ་རག་ལས་པ་དང༌། དེ་ཡང་ས་ཡི་བྱད་དབྱིབས་དང་མཐུན་པའི་ས་བདག་རྣམས་ལ་གསོལ་མཆོད་དང༌།ས་སློང་རྒྱུ་དང༌། འཁྲིགས་པ་བཅོས་རྒྱུར་རག་ལས་པ་བཞིན་ས་བདག་ཡོ་འཁྲིགས་བཅོས་རྒྱུར་འབད་བརྩོན་བྱ་རྒྱུར་གལ་ཆེ།དེ་ལ་དམིགས་ཏེ་ས་བདག་བཅོས་ན་ནད་ཡམས་མུ་གེ་མཚོན་འཁྲུག་ཞི་ཞིང་བསམ་དགུ་འགྲུབ་པ་དང༌། འདོད་རྒུའི་རྐང་འགྲོས་ལ་སོགས་འཕེལ་བར་འགྱུར་ཏེ།ས་འབུམ་ལས།"ས་བདག་མཆོད་ན་མཆོད་རྫས་ཞེས་སོགས་ནས། འཇིག་རྟེན་ཁམས་ན་དབུ་ནག་མི་འཁྲུག་པར་འགྱུར་རོ།།"ཞེས་པའི་བར་དང༌།་ཡང་དེ་ཉིད་ལས། "ས་བདག་བཅོས་ན་འདི་ལྟར་བཅོས་ཞེས་གསུངས་པའི་ཕྱིར། གལ་ཏེ་འགྲོ་བ་མི་ཡིས་ཀླུ་གཉན་ས་བདག་ལ་གནོད་པའི་ལས། ས་གཉན་བསྐོ་བ་དང༌། རྡོ་གཉན་སློག་པ། མཚོན་གཉན་དཀྲུགས་པ། ཤིང་གཉན་བཅད་པ།བྲག་གཉན་གཏོར་བ།རི་གཉན་བཤིགས་པ། ཐབ་གཞོབ་རྨེ་མནོལ་བྱས་པ། ཉ་ལྕོང་སྦལ་སྦྲུལ་བསད་པ། གྲོག་སྦུར་གྱི་ཚང་བཤིགས་པ།ས་གཏེར་བསྔོག་འདོན་བྱས་པ། ཕོ་བྲང་གཉན་པོ་བཤིགས་པ། དྲག་པོའི་ཟོར་མནན་བརྒྱབ་པ། མི་བསད་ཁྲག་སྦྱོར་བྱས་པ། ལས་འབྲས་ཁྱད་བསད་བྱས་པ་སོགས་མི་དགེའི་ལས་སྣ་ཚོགས་བསགས་པ་ལས་ས་ལ་གནས་པའི་ས་བདག་དང༌། ཆུ་ལ་གནས་པའི་ཀླུ།བར་སྣང་ལ་གནས་པའི་གཉན་སོགས་ཁྲོས་ནས་ཕོག་ཐུག་ཤོར་བ་དང༌། ཕན་ཚུན་འཁྲུག་ནས་ཞེ་འགྲས་པས།རྩི་ཤིང་ནགས་ཚལ་ཆུ་ལ་གནས་པའི་ཀླུ་ཡི་རིགས་དང༌། གནམ་གཉན། ས་གཉན། གངས་གཉན། མཚོ་གཉན། རྡོ་གཉན། ཤིང་གཉན། ཆུ་གཉན་སོགས་གཉན་གྱི་རིགས་དང༌། ལོ་དང་ཟླ་བ་ཞག་དང་འགྲོགས་པའི་ས་བདག་དང༌། དུས་ཚོད་དང་འགྲོགས་པའི་ས་བདག་ཀླུ་གཉན་ཐམས་ཅད་ཀྱིས་འགྲོ་བ་མི་ཡི་ཚེ་སྲོག་ལ་བསྡོ་བ་དང༌། གློ་བུར་གྱི་རྐྱེན་ངན་བར་ཆད་ཧུར་ཐུམ་བྱེད་པ། གནམ་ནས་ཆར་ཆུ་དུས་སུ་མི་འབེབས། ས་ལ་བརྩི་ཐོག་ལོ་ལེགས་མི་འབྱུང༌། རྒྱལ་ཁམས་ལ་ནད་མུག་འཁྲུག་རྩོད་སྡང་བ། ཞིང་ལ་རྩྭ་སད་སེར་གསུམ་འབྱུང་བ། ཕྱུག་ལ་ནད་ཡམས་གོད་ཁ་དར་བ། གཞན་ཡང་ས་ཡི་བདག་པོ་སོགས་འབྱུང་བའི་བདག་པོ་ཐམས་ཅད་ཁྲོས་ཏེ། བཀྲ་མི་ཤིས་པའི་པྲ་ལྟས་ངན་པ། ས་ཐན་ས་ཡོམ་བརྒྱབ་ནས་རྒྱལ་ཁམས་འཇིག་པ་དང༌། ཆུ་ཐན་ཆུ་ལོག་རྒྱུགས་ནས་ཡུལ་ཁམས་འཁྱེར་བ། མེ་ཐན་མེ་སྐྱོན་འབྱུང་ནས་ཡུལ་ལྗོངས་བསྲེགས་པ། རླུང་ཐན་རླུང་ལོག་བརྒྱབ་ནས་ཡུལ་ཁམས་གཏོར་བ། གནམ་ཐན་ཐན་པ་བརྒྱབ་སྟེ་ཚ་བས་གདུང་བ་དང༌། སྐབས་འགར་གངས་སྐྱོན་དང་དྲག་ཆར་རླུབ་འཚུབ་ཀྱི་གནོད་སྐྱོན་སོགས་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྣོད་བཅུད་ཀྱི་ཁོར་ཡུག་འདི་ལ་གནོད་ཚེའི་འགལ་རྐྱེན་བསམ་མཐའ་ཡས་པར་གནས་སོ།།"ཞེས་དང༌། དེ་བཞིན་འཁྲུག་བཅོས་དང༌། ས་སློང་བ། ས་དཔྱད་པ་སོགས་ཡང་དག་པ་མ་བྱུང་ན་ས་བརྐོ་སློག་དང༌། ཁང་ཁྱིམ་གསར་བཞེངས་བྱེདདུས་ས་ཡི་གསང་མིག་ངན་པར་འཁེལ་ན་དངོས་སུ་རང་ཅག་སྐྱེ་འགྲོ་རྣམས་ཀྱི་འབྱུང་ཁམས་འཁྲིགས་ཏེ་མི་བདེ་བ་དང༌། མི་ནོར་རྣམས་ལ་མི་འདོད་པའི་གོད་ཆག་བསམ་དུ་མེད་པ་ཞིག་ཡོང་བར་ངེས། དེ་ཉིད་ལས།"ས་བདག་རྣམས་མ་མཆོད་ན་མི་ནོར་རྣམས་ལ་མི་བདེ་བ་སྣ་ཚོགས་དངོས་སུ་འབྱུང་ངོ༌།།"ཞེས་དང༌། "འཇིག་རྟེན་ཁམས་ནས་ས་བདག་དབང་ཆེ་བས།ས་བདག་འཁྲིགས་ན་འཇིག་རྟེན་འཁྲིགས། མི་ཡི་ཡུལ་དུ་མི་བདེ་སྣ་ཚོགས་འབྱུང༌། ལོངས་སྤྱོད་ཟད་ཅིང་ནད་ཡམས་མང༌།"ཞེས་དང༌། ས་བདག་སྤང་བསྐོང་ལས།"ཡིད་ཀྱི་ཁྱེའུ་ཆུང་གིས་ཀླུ་གཉན་ས་བདག་གི་ནད་གསོ་བའི་ཐབས་སྟོན་པ་གཤེན་རབ་ལ་ཞུས་པས། སྟོན་པས་སེམས་ཅན་མ་རིག་མ་རྟོགས་པ་ཡང་དག་པའི་དོན་མ་ཐུབ་པ་ཀུན། སྡུག་བསྔལ་གྱི་རྒྱ་མཚོ་དང་ནི་འགྲོགས། ན་ཚའི་གཞི་དང་ནི་མ་བྲལ། ལྷག་པར་ཀླུ་གཉན་ས་བདག་གི་ནད་ཀྱིས་མནར་བ་ནི་མང༌། དེ་ཅིའི་ཕྱིར་ཞེ་ན། མི་རྣམས་སྡུག་པ་དང་ལས་རྩུབ་པ་ལ་ནི་འབགས། རྣམ་སྨིན་ནི་ཆེ།མི་རྣམས་ལས་ཀྱི་སྤྱོད་པ་ནི་རྩིང༌། ཀླུ་གཉན་ས་བདག་གི་བཀའ་དོག་ལ་ནི་བསྡར། ཀླུ་གཉན་ས་བདག་རྣམས་ཐུགས་ཁྲོས་ནས། ཀླུ་གཉན་ས་བདག་ཆེ་བས་ནད་མང་པོ་གཏོང༌། ཆུང་བས་ནད་སྣ་རེ་གཏོང་བ་ལས་གློ་བུར་ཡེ་འགྲོགས་དང༌། མུ་གེའི་འཁྲུག་པ་ལ་སོགས་པ་དུག་གཟེར་བསམ་གྱིས་མི་ཁྱབ་པ་གཏོང༌། ནད་དེ་རྣམས་ཞི་ཞིང་གསོ་བའི་ཐབས་སྲིད་པ་གསུམ་གྱི་སྤང་བསྐོང་ཡོན་ཏན་ངོ་མཚར་རྨད་བྱུང་བ་འདི་བཀའ་བསྩལ་པའོ།། དེའི་ཚེ་དེའི་དུས་ན།ཡུལ་ས་ག་གདོང་དྲུག་ཏུ། ཡབ་རྒྱལ་པོ་ཚངས་པ་ཆེན་པོ་ཞེས་བྱ་བ་དང་ཡུམ་ཡེ་ཕྱི་འཕྲུལ་གྱི་རྒྱལ་མི་ཞེས་བ་བྱ་གཉིས་ལ། བུ་མོ་སྲིད་པའི་རྒྱལ་མོ་ཞེས་བྱ་བ་གཅིག་ཡོད་པ་དེ། མགོན་རི་དཀར་པོ་ཟེར་བའི་ས་མཚམས་སུ་འབྱིན་ནས་ས་དེ་རྒྱལ་མོས་བདག་བྱ་བ་དགོངས་ན། རྒྱ་ལེགས་ཡེ་མཁྱེན་སྤྱན་དྲངས་ནས། ས་ཡི་རྩིས་བསྐོར་ཏེ་གཟིགས་པ། རྒྱལ་པོས་ས་གཉན་ཞིང་མི་གཏུབ་པ་ཁ་དམར་གདགས་ཀྱང་དེ་ལ་རྒྱལ་མོས་གསན་དུ་མ་བཞེད་པར། ཡུལ་མཁར་གསར་པ་བརྩེགས་པས། མཁར་སློང་བ་དང་ཕ་མ་གཉིས་པོ་གྲོངས་སོང༌། དེར་བུ་མོས་ཕ་མ་གཉིས་ཀྱི་དོན་དུ་བཟོ་བོ་བྷི་ཤོ་ཀརྨ་སྤྱན་དྲངས་ནས། ཕྱི་ལྕགས་རི་མུ་ཁྱུད་བསྐོར་བ་གཅིག་གི་ནང་དུ་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་སོ།། ལྷ་ཁང་བརྩེགས་ཚར་བ་དང༌། གནམ་གྱི་ཆར་ཆད། ས་ཡི་རྩི་ཤིང་སྐམ། ཆུ་བོ་རྒྱུན་ཆད། སྨན་དང་མེ་ཏོག་ཡལ། དུད་འགྲོ་རྣམས་ནི་མི་རྒྱུ། བྱ་རྣམས་གསུང་དབྱངས་ཆད། ནད་དང་མུ་གེའི་འཁྲུག་པ་དང༌། ངན་དགུའི་བསྐལ་པ་ནི་དར། དེར་བུ་མོ་དེ་ཟླ་བ་གཅིག་ལ་རྣལ་མ་བྱུང༌། ཟླ་བ་གཉིས་ནས་སྙིང་མ་དགའ། ཟླ་བ་གསུམ་ནས་ཤ་མདོག་ལོག ཟླ་བ་བཞི་ནས་མི་ཁ་ཕོག་ནས་བུ་མོ་དེ་ནད་ཙི་ཙི་ཛ་ལའམ་མཛེ་ནད་ན་ནས་ཤིན་ཏུ་སྡུག་བསྔལ་བྱུང༌། འཚོ་འབྱེད་སྨན་པ་དང༌། གཤེན་ཕྲན་འབྱིན་རླབས་ཅན་དང༌། སྔགས་མཁན་མང་དུ་གཉེར་ཡང་རྒྱལ་མོའི་སྙུང་ནི་མ་དྭངས་སོ།།
   དེ་ལ་བློན་པོ་གཅིག་གིས་ན་རེ། གཡུང་དྲུང་སྲིད་པའི་ཚལ། ཤེལ་གྱི་བྲག་དཀར་བྱ་བ་ན། སྟོན་པ་གཤེན་རབ་མི་བོ་ཞེས་བྱ་བ་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་ཞིག་བཞུགས་ཟེར། དེ་སྤྱན་དྲངས་ན་རྒྱལ་མོའི་ནད་ཙི་ཙི་ཛ་ལ་འཚོ་ངེས་སོ་ཟེར། དེ་ནས་སྟོན་པ་སྤྱན་དྲངས་པས།་རྒྱལ་མོའི་ཞལ་ནས། སྟོན་པའི་ཐུགས་རྗེས་བདག་བཟུང་འཚལ། བདག་ནད་ཙི་ཙི་ཛ་ལས་བཏབས་པ་འདི་སྔོན་གྱི་ལས་དབང་ལགས་སམ། མགོན་རི་དཀར་པོའི་ས་མཚམས་འདིར། ང་ཡིས་ཕོ་བྲང་བརྩེགས་པས་ཀླུ་གཉན་ས་བདག་གིས་མནར་བ་ཡིན་ནམ། ལྷ་ཁང་བརྩེགས་པའི་ལས་ལ་སེམས་ཅན་བཀོལ་བ་དང༌། ལས་ཀྱི་ཞོར་ལ་བསྣད་ནས་ཤི་བ་རྣམས་ཀྱང་སྒྲིབ་པ་ལགས་སམ། ལུས་སེམས་བསྐྱེད་པའི་ཕ་མ་འདུར་བ་དང༌། སེམས་དད་པའི་ལྷ་ཁང་བརྩེགས་པས་ཀླུ་གཉན་ས་བདག་གི་སྟེང་དུ་སོང་བས་ལན། སྤྱིར་ས་བདག་ཆེ་བ་རྣམས་གླིང་བཞི་དང་རི་རབ་ལ་གནས། ཆུང་བ་རྣམས་གླིང་ཕྲན་དང་ས་ཁོལ་བུ་ལ་གནས་སོ།། ལར་ས་རྟ་མིག་རེ་ལ་ས་བདག་གི་གྲོང་ཁྱེར་རེ་གནས་སོ།། ཀླུ་གཉན་ས་བདག་གི་རིགས་ཐམས་ཅད་ཆུ་ཤིང༌། བྲག་དང་ས་ལ་རྟེན་འཆའ་འོ།། དེ་ཅི་སྟེ། ས་གཞི་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་ཤ་ཡིན། ཆུ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་རུས་པ་ཡིན། རླུང་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དབུགས་ཡིན། མེ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དྲོད་ཡིན། རིན་པོ་ཆེ་ཐམས་ཅད་དུ་ནི་ས་བདག་ཀླུ་གཉན་གྱི་དོན་སྙིང་དང་དབང་པོ་ཡིན། ” ཞེས་དང༌།་ས་གཉན་སར་ལས་ཉེས་པ་བྱས་ན་ཀླུ་གཉན་ས་བདག་ཟུག་གཟེར་ཆེ། མགོན་རི་དཀར་པོའི་ས་ཕྱོགས་འདིར། ལུས་ཀྱི་སྲོག་དང་འདྲ་བའི་ས་ཕྱོགས་གཉན་ས་རུ། ཡུལ་མཁར་བརྩེགས་པའི་འཕྲུ་ཀློག་བྱ། རྫིང་གསར་དཀྱིལ་ཞིང་ཡུར་པོ་གཏོང༌། ཆུ་ཤིང་ས་རྡོ་ལས་སུ་བཀོལ། ལས་རྣམས་ཅི་བྱས་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་ཐོག་ཏུ་བབས། ཀླུ་གཉན་ས་བདག་ལ་ལའི་ཡུལ་བཏོན། ལ་ལའི་གནས་ཁང་བཤིགས། ལ་ལའི་རྐང་ལག་བཅག ལ་ལའི་དབང་པོ་བཅར། ལ་ལའི་ལུས་བསྣད། ལ་ལའི་རྒྱལ་སྲིད་འཕྲོག ལ་ལའི་དཀོན་ནོར་བསད། ལ་ལ་ནི་སྐམ་ལ་བཏོན། ལ་ལ་བྲོས་ས་མ་རྙེད་དེ། རྒྱལ་མོ་ལ་ཚུར་མཆོང་སྟེ་ནད་ཙི་ཙི་ཛ་ལ་བཏང་བ་ཡིན་ཞེས་གསུངས་པ་ལྟར།
   ཐོག་མར་ས་བདག་ཀླུ་གཉན་རྣམས་ལ་ཕོག་ཐུག་མི་ཤོར་བའི་ཐབས་ལམ་ས་གནས་དཔྱད་པ་ལ་གསུམ་སྟེ། མཛོད་ཀྱི་དགོངས་དོན་དང་བསྟུན་ཏེ་ཕྱི་སྣོད་འཇིག་རྟེན་ས་ཡིས་གྲུབ་ཚུལ་བཤད་པ་དང༌། ས་ཡི་ངོ་བོ།ས་ཡི་དབྱེ་བ་བཤད་པ་དང་གསུམ་མོ། དང་པོ་ཕྱི་སྣོད་འཇིག་རྟེན་འདི་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་ལས་ཀྱི་རྟེན་འབྲེལ་བཟང་པོ་ལ་བརྟེན་ཏེ་ནམ་མཁའ་སྟོང་པའི་ངང་ནས་རླུང་གི་ཆར་གྱུར་རླུང་རི་རྡོ་རྗེ་རྒྱ་གྲམ་ཆགས།ཚ་གྲང་འཐབ་པའི་ཤུགས་ཀྱིས་དེའི་སྟེང་དུ་ཆར་གསེར་གྱི་རྡུལ་ལྡན་བབས་ནས་ཆུ་ཡི་འཁོར་ལོ་བརྩེགས། དེ་རླུང་གིས་དཀྲུགས་ཤིང་བསྐྱེད་པའི་འོ་མ་ལ་སྤྲིས་མ་ཆགས་པ་ལྟར་དེའི་སྟེང་དུ་རི་རབ་ལ་སོགས་འདེགས་བྱེད་ཐེག་ཆེན་གསེར་གྱི་ས་གཞི་མཐོ་དམན་མེད་པ་བདེ་བར་ཆགས་སོ།། གང་དུ་ཆགས་ན་ནམ་མཁའ་གསལ་བའི་གཞན་གྱི་གོ་མི་བཀག་ཅིང་ཕྱེ་བའི་ངང་དུ་ཆགས་སོ།། དེའི་སྟེང་དུ་ཆར་རིན་པོ་ཆེ་སྣ་ཚོགས་རྡུལ་ལྡན་བབས་ནས་རླུང་གིས་བསྐྱོད་པ་ལས་རི་རབ་དང༌། རི་ཕྲན། གླིང་བཞི་དང་གླིང་ཕྲན། ལ་སོགས་ནང་བཅུད་ཀྱི་རྟེན་གནས་རིམ་བཞིན་འཕེལ་བསྐྱེད་བྱུང་སྟེ། མཛོད་ཕུག་རྒྱལ་བསྟན་གསལ་རྒྱན་ལས། "མངོན་རྫོགས་ལྷ་ཡི་འཕྲུལ་ཞལ་ངད་ལས། འབྱུང་བའི་དཀྱིལ་འཁོར་སྟེང་དུ་ར་མཚོ་གླིང༌།ཕྱི་སྣོད་མས་ཆགས།"ཞེས་དང༌། "སྣང་སྲིད་མཛོད་ཕུག་ལས། “ཞལ་ངད་རླུང་དང་སྤྲིན་ཏིང་ཡོལ།།དྲོད་ལས་མི་ཡི་འཁོར་ལོ་སྤྲུལ།། ཐེག་ཆེན་གསེར་གྱི་ས་གཞི་བདེ།། ནམ་མཁའ་གསལ་བའི་གོ་ཕྱེའོ།། རིན་ཆེན་གྲང་མ་སྤུངས་པ་ལས།། དཔག་བསམ་ཤིང་དུ་བསྐྱེད་པར་བྱས།། གསེར་གྱི་རི་རབ་བང་རིམ་བཞིན།། གླིང་བཞིན་གླིང་ཕྲན་བང་རིམ འཁོར།། བཀྲིས་ལོངས་སྤྱོད་ཁང་བཟང་མཐོ།། སྣོད་ནི་མས་ཆགས་འཇིག་རྟེན་གཏོས།།" ཞེས་གསུངས་པའི་ཕྱིར། དེ་བཞིན་རིན་པོ་ཆེ་གསེར་གྱི་ས་གཞིར་འགྲོ་བ་མི་དང་དུད་འགྲོ་སོགས་སྐྱེ་དགུའི་མཁོ་མཐུན་གྱི་རྩི་ཤིང་ནགས་ཚལ་འབྲུ་རིགས་དཀོར་ནོར་ཐོན་བསྐྱེད་འཕེལ་རིམ་གྱི་གྲུབ་ཆ་དག་འགྲོ་བ་རང་མཐུན་གྱི་འདོད་དབང་ལ་ལོངས་སྤྱོད་རྒྱུ་བྱུང་བ་འདི་ས་ཡི་རང་བཞིན་གྱི་ནུས་པ་ལས་བྱུང་བའོ།། དེ་ལྟར་བདེ་ལེགས་སྲིད་པའི་རུ་མ་ས་འདི་འཇིག་རྟེན་འདོད་སྲེད་ཀྱིས་བཅིངས་པའི་གང་ཟག་རང་རང་གི་འདོད་འདུན་ཕུན་སུམ་ཚོགས་པ་ལོངས་སུ་སྤྱོད་རྒྱུའི་ལེགས་ཉེས་ལམ་ལ་རྒྱུ་བ་དང་མི་རྒྱུ་བའི་རྟེན་འབྲེལ་གྱི་གནད་ཐམས་ཅད་འདི་ལ་རག་ལས་ཏེ། ས་བདག་དཔལ་འབུམ་དཀར་པོ་ལས།་"སྲ་བརྟན་ས་ལ་དབང་བསྒྱུར་ས་བདག་དང༌།། སྣང་གྲུབ་བྲག་ལ་དབང་བསྒྱུར་ས་བདག་དང༌།། བརླན་བསྡུད་ཆུ་ལ་དབང་བསྒྱུར་ས་བདག་དང༌།། གཡོ་བསྐྱེད་རླུང་ལ་དབང་བསྒྱུར་ས་བདག་དང༌།། དྲོད་སྨིན་མེ་ལ་དབང་བསྒྱུར་ས་བདག་དང༌།།"ཞེས་གསུངས་པ་བཞིན་ནོ།། དེ་ཡང་ས་བདག་འཁྲུགས་པ་དང༌། ས་བདག་མཉེས་མི་མཉེས་དེ་དང་ཐོག་ས་བདག་རྣམས་ལ་བརྔན་ཡོན་ཕུལ་ཡོད་མེད་དང་ས་དཔྱད་བཟང་ངན་ལས་འབྱུང་རྒྱུ་ཡིན་པ་ཤེས་དགོས་སོ།།
   གཉིས་པ་ས་ཡི་ངོ་བོ་ནི་རིན་པོ་ཆེ་གསེར་གྱི་ས་གཞི་ཞེས།གཞི་ནི་མེ་དང་ཆུ་སྐྱེ་འཕེལ་གྱི་རྩི་ཤིང་ནགས་ཚལ་དང༌། གླིང་དང་གླིང་ཕྲན། དམྱལ་བ། ཡི་དྭགས།འབྱོལ་སོང་གསུམ་ངན་སོང་དང༌། མི་དང་ལྷ་མིན་རྩ་གསུམ་གྱི་ལྷ་ཕམ་ལྷུང་ཅན་སོགས་མཐོ་རིས་ཡིད་ཅན་གྱི་རྟེན་རྣམས་གནས་སའམ་རྟེན་གཞི་འབྱེད་རུང་བ་ཙམ་ལ་ས་ཞེས་འཇོག་དགོས་ཏེ། ས་ལམ་ལས། "བརྟེན་པའི་གཞི་རུང་ས་ཙམ་ལ།” ཞེས་གསུངས་པའི་ཕྱིར། གཞན་ཡང་“འབྱུང་བ་གང་ཞིག་སྲ་ཞིང་མཁྲེགས་པ་ས་ཡི་མཚན་ཉིད་” ཅེས་གསུངས་པའི་ཕྱིར་རོ།།
   གསུམ་པ་ས་ཡི་དབྱེ་བ་ལ་བཞི་སྟེ། དང་པོ་གསང་སྔགས་ཕྱི་རྒྱུད་ལ་བརྟེན་ཏེ་ཞི་བའི་བསྒྲུབ་གནས་ལ་དཔྱད་པ་དང༌། གཉིས་པ་གསང་སྔགས་ནང་རྒྱུད་ལ་བརྟན་ཏེ་དྲག་པོའི་བསྒྲུབ་གནས་ལ་དཔྱད་པ། གསུམ་པ་གསང་སྔགས་གསང་རྒྱུད་ལ་བརྟེན་ཏེ་གཉན་ས་ལ་དཔྱད་པ། བཞི་པ་རྒྱུད་ཀྱི་དགོངས་དོན་ལ་བསྟུན་ཏེ་གསས་ཁང་བཞེངས༌། ཁང་ཁྱིམ་བརྩེགས་པ། དུར་སལ་དཔྱད་པ་དང་བཞིའོ།།

དང་པོ་ཞི་བའི་བསྒྲུབ་གནས་ལ་དཔྱད་པ། གསང་བ་སྔགས་ཀྱི་ཞི་བའི་བསྒྲུབ་གནས་ཁྱད་པར་ཅན་ནི་དབེན་པའི་རི་ཁྲོད་དང་དགོན་པའི་ས་དབྱིབས་ས་མདོག་དཀར་ཞིང་དབྱིབས་ཟླུམ་པོ་གནམ་ཟླུམ་པ། ས་དཀར་དང་བྲག་དཀར། ཤིང་ཡང་དཀར་ཤས་ཆེ་བའི་རིགས་ཡོད་པར་ཞི་བའི་ལས་བསྒྲུབ་སླ་བ་དང་འགྲུབ་མགྱོགས་པ་ཡོད། ཞི་བ་བསྒྲུབ་པའི་དགོན་གནས་ནི་གནམ་ཟླུམ་ཞིང་གནམ་རྒྱ་ཆེ་བ།ས་ཁད་ཡངས་ལ་རྒྱབ་རི་རྩེ་ཞིང་ཆེ་བ། ཤར་ཕྱོགས་སུ་རྒྱ་སྒོ་ཕྱེས་པ་ལྟ་བུ་ནི་ཞི་བའི་བསྒྲུབ་ཁྱད་པར་ཅན་དང༌། མདུན་རི་དུང་དཀར་གྱི་དབྱིབས་ཅན་དང་དགོན་གནས་ཀྱི་འོག་ཕྱོགས་སུ་འོད་ཟེར་བཀྲ་བ་ལྟ་བུའི་བཀྲིས་རྟགས བརྒྱད་ཀྱི་དབྱིབས་ཡོད་ན་བཟང་བར་བཤད་ཡོད། དཔེར་ན། རྒྱས་པ་བསྒྲུབ་པའི་གནམ་གྲུ་བཞི་དང༌། དབང་བསྡུད་སྒྲུབ་པའི་གནས་ས་གནམ་ཟླ་གམ་ལྟ་བུའི་དབྱིབས་དང་དྲག་པོ་བསྒྲུབ་པའི་གནས་ས་གནམ་ཟུར་གསུམ་འཛོམས་ན་ལས་བཞི་བསྒྲུབ་སླ་བ་དང༌། གྲུབ་རྟགས་ཐོན་མགྱོགས་པའི་རྟེན་འབྲེལ་ཡོད་པ་རྒྱུད་སྡེ་རྣམས་སུ་གསུངས་ཡོད། བོད་ཀྱི་དགོན་གནས་རི་ཁྲོད་དང་དགོན་སྡེ་ཕལ་ཆེར་སྤངས་ལྗང་དང་རི་ཟླུམ་པོའི་རྩེ་དང་མི་ཁྱི་ཕལ་པའི་སྒྲ་མི་གྲགས་པའི་ས་རུ་ཆགས་ཡོད་ལ་འགའ་ཞིག་ས་ཆུ་གནམ་གསུམ་ཟུར་གསུམ་དུ་འཕྲོད་ཡོད་པའི་ས་རྒྱལ་བ་བྲུ་ཡི་གདན་ས་གཡུང་དྲུང་གླིང་ལྟ་བུར་ངོས་འཛིན་ཆོག སྔོན་ཚེའི་བོད་ཀྱི་དགོན་པའི་རིགས་ཐམས་ཅད་ནམ་རྒྱུན་ཡུལ་གྲོང་དང་འབྲེལ་ཐག་རིང་ཞིང་སྒོམ་བསྒྲུབ་དང༌། གནས་མལ་གང་ཅིར་སེམས་ལྷོད་ཅིང༌། ཟང་ཟིང་བྲེལ་འཚུབ་ཀྱི་མ་བཅིངས་པའི་བསམ་གཏན་ཞི་བདེ་ཁོ་ནར་བསྒྲུབ་པའི་གནས་སུ་རིགས་ཀྱང་དུས་རབས་བདུན་པ་ནས་འགོ་ཚུགས་ཏེ་དགོན་པ་དང་ལྷ་ཁང་བཞེངས་ས་ནི་གྲོང་ཁྱེར་དང༌། གྲོང་བརྡལ་གྱི་དཀྱིལ་དུ་འཛུགས་བསྐྲུན་ཤུགས་ཆེན་བྱུང་ཡོད་པ་དངོས་མཐོང་ལག་ཟིན་དུ་བྱུང་བ་མ་ཟད། དེ་བཞིན་བསྒྲུབ་པ་པོའི་ནུས་མཐུ་དང༌། ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ པའི་རྟགས་ཐོན་པ་ཆེས་ཤིན་ཏུ་ནས་དཀོན་པོ་ཆགས་ཡོད། རྣམ་པ་གཅིག་ཏུ་ན་བོད་མིའི་སེམས་ཁམས་དགེ་ཚོགས་སུ་གཏོང་རྒྱུའི་ལམ་ལུགས་ལ་འགྱུར་བ་ཤུགས་ཆེ་བྱུང་སྟེ་ཉམས་རྒུད་ཆེ་རུ་ཕྱིན་པ་དང༌། དཔལ་འབྱོར་མཁོ་སྒྲུབ་བྱེད་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ད་ལྟའང་ཉམས་རྒུད་འགྲོ་བཞིན་པ་འདུག ཕྱོགས་གཅིག་ནས་བཤད་ན་དཔལ་འབྱོར་ཡར་རྒྱས་ཀྱིས་འཛུགས་བསྐྲུན་ཐོག་ཕྱི་མཐོང་ཡུལ་དུ་ཡར་རྒྱས་ཕྱིན་པ་ལྟ་བུ་མང་ཚོགས་ཀྱིས་མཐོང་སྣང་དུ་གྱུར་ཡོད།
   གཉིས་པ་གསང་སྔགས་ནང་རྒྱུད་ལ་བརྟེན་ཏེ་དྲག་པོ་བསྒྲུབ་པའི་གནས་ལ་གསུམ་སྟེ། གནས་དེ་ཇི་ལྟར་གནས་པའི་གནས་ལུགས་བསྟན་པ་དང༌། མཚན་བསྟན་པ་དང༌། གནས་དེའི་ཡོན་ཏན་བསྟན་པའོ། དང་པོ་ཡུལ་ལྷོ་ནུབ་ཀྱི་མཚམས་སྲིན་པོ་འདུལ་བའི་གླིང༌། རྒྱ་མཚོ་ཆེན་པོའི་དཀྱིལ། དབལ་རི་ཟུར་གསུམ་དུ་འདུག་པ་ལ། རི་དེའི་རྩེ་མོ་ན་དབལ་བྲག་དམར་ནག་སེར་ནག་མཐིང་ནག་ཡོད་པ། རི་རྐེད་དེར་ཚེར་ནག་གདུག་པའི་ཚལ་སྣ་ཚོགས་ཡོད་པ། རྩ་བ་ན་མཚོ་དང་མཚེའུ་ཆུ་མིག་དང༌། འབབ་ཆུ་ལ་སོགས་འབབ་པ་ཡོད་པ། རི་དེའི་རྩར་རྐེད་པར་བྲག་ཕུག་ཁ་ནུབ་ཏུ་བལྟ་བ་ཡོད་པ་གཏིང་ཟླ་གམ་ཁ་ཟུར་གསུམ། ཁ་དོག་དམར་ནག་ཏུ་འདུག་པ་དེ་སྔོན་གྱི་འབྱིན་རླབས་ཐུགས་རྗེ་སྤྲུལ་པའི་གནས་ཞེས་བྱའོ། གཉིས་པ་གནས་དེའི་མཚན་བསྟན་པ་ནི། གྲུ་གསུམ་སྲིན་པོའི་ཁ་ཞེས་པ་དང༌། སྲིན་པོ་སྡུད་པའི་གཏུན་ཁུང༌། གཤིན་རྗེ་མགོ་གནོན་ཁྲོས་པའི་རི་ཟུར་གསུམ། དབལ་གྱི་རི་བོ་ཟུར་གསུམ། གནོད་སྦྱིན་དང་ས་བདག་འདུལ་བའི་གནས།གཅན་གཟན་སྡེར་འཛིང་གི་རི་བོ་ཞེས་པ་སོགས་གནས་དེའི་མཚན་བསྟན་པའོ།
   གསུམ་པ་གནས་དེའི་ཡོན་ཏན་བསྟན་པ་ནི། རང་བཞིན་གནས་ཀྱི་ཡོན་ཏན་གསུམ། བདག་པོ་སྲུང་མའི་ཡོན་ཏན་གསུམ། སྤྲུལ་པ་རྟགས་ཀྱི་ཡོན་ཏན་བཞི་ལ་ངོས་འཛིན་དགོས་ཏེ། དོན་འདུས་རྩ་བའི་འགྲེལ་ཆེན་ལས། ཡོན་ཏན་བཅུ་དང་ལྡན་པའི་གྲུ་གསུམ་ཁར། ཞེས་གསུངས་པའི་ཕྱིར། དེ་ཡང་དང་པོ་རང་བཞིན་གནས་ཀྱི་ཡོན་ཏན་གསུམ་ནི། དྲག་པོ་གྲུ་གསུམ་གནས་ཡིན་པའི་རྟགས་སུ་ནམ་མཁའ་ལ་ཕུང་བྱེད་སྲིད་པའི་གཟའ་ཆེན་བཞི་འཆར་ཏེ། ཤར་ན་དུ་བ་མཇུག་རིང་གཟའ་བདུད་ཆེན་པོ་འཆར། བྱང་ན་གཡག་མགོ་མེ་འབར་གཟའ་བདུད་ཆེན་པོ་འཆར་བ། ནུབ་ཏུ་སྦྲུལ་མགོ་ཆུ་འཁྱིལ་གཟའ་བདུད་ཆེན་པོ་འཆར་བ། ལྷོ་ན་སྟག་མགོ་མེ་འབར་གཟའ་བདུད་ཆེན་པོ་འཆར་བ། དྲག་པོའི་ལས་མྱུར་ལ་འགྲུབ་པར་བྱེད་པ་ནམ་མཁའི་ཡོན་ཏན་ནོ། དབལ་རི་དེའི་བར་སྣང་གི་ཐད་དྲང་ན་དབལ་གྱི་མི་རི་མཐིང་ནག་དང་དཀར་ནག་སྨུག་ནག་སེར་ནག་དམར་ནག་ལ་སོགས་པ་བར་སྣང་ཀུན་ཏུ་འབར་ཞིང་གཏིབས་པ། ནམ་མཁར་སྤྲིན་དམར་མེ་མཆེད་པ་ལྟ་བུའམ། བར་སྣང་ལ་རླུང་དམར་ལངས་པ་ལྟར་གནས་པ་ནི་བར་སྣང་གི་ཡོན་ཏན་ནོ། དབལ་རི་དེའི་རྩ་བའམ་ཕྱོགས་མཚམས་ཀུན་ཏུ་སྲིད་པའི་རྒྱ་མཚོའི་ཁ་དོག་རྩ་བ་འཁྲུགས་པ།གཞན་ཡང་རྒྱ་མཚོ་དང་མཚེའུ། ཆུ་མིག་དང་འབབ་ཆུ་ལ་སོགས་པ་མང་པོས་བསྐོར་ནས་དེ་རུ་ས་བདག་ཀླུ་གཉན་གྱི་གྲོང་ཁྱེར་རམ་གནས་བཅས་ནས་ཡོད་པ་ནི་འོག་ཕྱོགས་གཏིང་གི་ཡོན་ཏན་ནོ།།དོན་འདུས་རྩ་བའི་འགྲེལ་ཆེན་ལས། "མཁའ་ལ་གཟའ་སྐར་འཆར།བར་སྣང་ལ་དབལ་མེ་འབར། འོག་ན་མཚོ་རླབས། སྟེང་ན་ཀླུ་ཕྲུག་གནས།" ཞེས་གསུངས་པའི་ཕྱིར། 
   གཉིས་པ་བདག་པོ་སྲུང་མའི་ཡོན་ཏན་གསུམ་ནི། དབལ་རི་དེའི་རྩེ་མོ་དང་རྐེད་པ་འོག་གཏིང་རྩ་བའི་བདག་པོ་དང་གསུམ། དབལ་རི་དེའི་རྩེ་མོར་དབལ་བྲག་སྣ་ཚོགས་སུ་གནས་པ་ལ་ཁྲ་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་ལྡིང་ཞིང་གནས་པའོ། དབལ་རི་དེའི་རྐེད་པར་ཚེར་ནག་གདུག་པའི་ཚལ་གསེབ་ན་གཅན་སྤྱང་དཀར་ནག་སེང་གེ་དམར་ནག་སྟག་དང་དོམ་དྲེད་འཕར་བ་ལ་སོགས་བསམ་གྱིས་མི་ཁྱབ་པ་གནས་པའོ། འོག་གཏིང་གི་བདག་པོ་སྲུང་མའི་ཡོན་ཏན་ནི། དབལ་རིའི་རྩ་བར་སྲིད་པ་ཁྲག་གི་རྒྱ་མཚོའི་གཏིང་ན་དབལ་མོ་དང༌། ཐང་མོ།གྱད་མོ།གཟེ་མ།གཞན་ཡང་ཀླུ་ཡི་མ་མོ་དང་ས་བདག་གནོད་སྦྱིན་བདུད་མོ་སོགས་བསམ་གྱིས་མི་ཁྱབ་པ་འདུག་སྟེ། དོན་འདུས་རྩ་བའི་འགྲེལ་ཆེན་ལས།རྩེ་ལ་ཁྲ་ལྡིང་རྐེད་ལ་གཅན་སྤྱང་འགྲོལ།འོག་ན་དབལ་གྱི་རི་དེའི་རྐེད་ན་བྲག་ཕུག་གནས་པ་ལ་ཁ་ཟླ་གམ།སྟེང་གྲུ་གསུམ། མདོག་དམར་ནག་ཏུ་གནས་པའི་ཡོན་ཏན་དང་བཞིའོ། ཟླ་གམ་ནི་ཐམས་ཅད་དབང་དུ་བསྡུད་པ་དང༌། གཏིང་གྲུ་གསུམ་ནི་ཐམས་ཅད་ཁྲོ་བརླགས་ཆེན་པོ་གཏོང་བའོ། མདོག་དམར་ནག་ནི་དབང་དྲག་གཉིས་ཀྱི་རྫུ་འཕྲུལ་གྱིས་སྣང་ཞིང་སྲིད་པ་ཐམས་ཅད་སྡུད་ཅིང་འཇོམས་པའོ། གཟི་བརྗིད་ལས། "ནུབ་ནི་ཟླ་གམ་དབང་ནི་རྒྱས། དབྱིབས་ནི་གུག་ཆགས་སྐྱོར་དང་གཡོར། ལྷོ་ནི་དྲག་པོ་རྩུབ་ལ་རོང༌། རྩི་ཤིང་མདའ་མདུང་གྲི་ཡི་ཚལ། ཆུ་བོ་ཁྲོ་བརླགས་རོང་དང་རྔུབས།" ཞེས་གསུངས་པའི་ཕྱིར།
   སྤྲུལ་པ་འབྱིན་རློབས་ཀྱི་ཡོན་ཏན་ནི། སྔོན་ཡུལ་ལྷོ་ནུབ་ཀྱི་མཚམས་སྲིན་པོ་གདུག་པའི་གནས།བདུད་གནོད་སྦྱིན་གྱི་གྲོང་འཁྱེར། བགེགས་དང་ལོག་འདྲེན་གྱི་རྟེན་ས་ཡིན་ལ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་འདུ་འཕྲོ་ཡིས་ཕཊཿནག་པོ་རི་ལྡེག་པ་ལྟ་བུའི་སྤྲུལ་པ་བཀྱེ་སྟེ། བྱིན་གྱིས་རློབས་པས་དྲག་པོའི་ལས་ཐམས་ཅད་མཐར་ཕྱིན་པ་ནི་སྤྲུལ་པ་བྱིན་རློབས་ཀྱི་གནས་ཡིན་པའི་ཡོན་ཏན་ནོ། དེ་ལྟར་དྲག་པོ་དབལ་གྱི་ཕུར་ནག་སྒྲུབ་པའི་གནས་སུ་ངོས་འཛིན་དགོས་སོ།དོན་འདུས་རྩ་བའི་འགྲེལ་ཆེན་ལས། གོང་མ་ལྟ་བུའི་ཡོན་ཏན་བཅུ་དང་ལྡན་པ་དེ་ནི་གཡུང་དྲུང་བོན་གྱི་གཏོ་དང་མཐུན་ཞིང༌། སྲུང་མ་འཁོར་བ།བསྒྲུབ་སླ་བ།དངོས་འགྲུབ་འབྱུང་བ། འབྲས་བུ་ཐོབ་པའི་གནས་ཡིན་པའི་ཕྱིར་བཞུགས་པའོ་ཞེས་གསུངས་པའི་ཕྱིར།གསུམ་པ་སྔགས་གསང་རྒྱུད་ལ་བརྟེན་གཉན་ལ་དཔྱད་པ་ལ། མ་རྒྱུད་གཉན་ས་ལམ་འཁྱེར་ལས་དང་པོ་བས་ཚོགས་གནས་གཉན་པོ་བགྲོད་པ་ནི། གཉན་ས་ལམ་དུ་ཁྱེར་བའི་འཇིགས་པ་དགེ་བའི་བསྐུལ་འདེབས། སྐྲག་པ་ལམ་གྱི་རྩལ་འདོན། ཡ་ང་ལམ་གྱི་བོགས་དབྱུང་ཡིན་པའི་ས་གནས་ཤིན་ཏུ་མི་བསྲུན་པ། དུར་ཁྲོད་འཇིགས་པའི་གནས་བརྒྱད་དང༌། ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཕོ་བྲང༌། ཀླུ་གཉན་འདུ་བའི་ས། དུར་ཁྲོད་ཀྱི་རོ་ཁྲི། ལྷ་ཡི་དཔྲལ་མདོ། བདུད་ཀྱི་ཁ་ཚལ། བཙན་གྱི་རྒྱུགས་བསྲང༌། སྲིན་པོའི་ཟ་འགྲམ། གཤིན་རྗེའི་བཤའ་གཞི། རྒྱལ་པོའི་དཀོར་ཁང༌། མ་མོའི་ཁྲག་ལམ། ཀླུ་ཡི་སྙིང་རྩ། གཉན་གྱི་དཔའ་རྫོང༌། ཐེའུ་རང་གི་མདུན་ས། དམ་སྲིའི་གནས་ཁང༌། གར་གཉན་པའི་སར་སོང་ལ། གང་གཉན་པའི་ས་དམིགས་ཏུ་བསྡད་ལ་ཞེས་པའི་བར་གྱིས་བསྟན།
   ༡) དུར་ད་ཀྱི་རོ་ཁྲེི་ནི་ཞེས་པ་བམ་རོ་ཤ་གཟན་ལ་འགྱེད་པའི་གནས་སུ་གོ་དགོས་ལ།༢) ལྷ་ཡི་དཔྲལ་མདོ་ཞེས་པ་ནི་བྲག་རི་དཀར་པོའི་བྲག་རྩ་ལ་གོ་དགོས། ༣) བདུད་ཀྱི་ཁ་ཚལ་ཞེས་བྲག་ནག་དང་རྩུབ་རི་རྣམས་ལ་འདོགས་པ་དང༌། ༤) བཙན་གྱི་རྒྱུགས་བསྲང་ཞེས་པ་ཁ་ཤར་ནུབ་ལྟག་སྤྲོད་ཀྱི་བར་མ་ཆོད་པའི་ལ་ཉག་གསུམ་ལ་བྱའོ། ༥)སྲིན་པོའི་ཟ་འགྲམ་ཞེས་ནགས་ཚལ་སྟུག་པོའི་མཐའ་ནས་བསྐོར་བའི་སྤང་ལིང་ལ་ཟེར། ༦)གཤིན་རྗེའི་བཤའ་གཞི་ཞེས་པ་མི་འགྲོ་རྒྱུན་སྤྱོད་ཀྱི་ལམ་བཞི་མདོ་ལ་བྱའོ། ༧)རྒྱལ་པོའི་དཀོར་ཁང་ཞེས་པ་བཙན་དང་རྒྱལ་པོ་བསྒྲུབ་པའི་ཁང་པའམ་དཀོར་ཁང་ལ་དང༌། ༨)མ་མོའི་ཁྲག་ལམ་ཞེས་པ་བུད་མེད་ཀྱི་ཟླ་མཚན་འཐིག་པའི་ཁྲག་ལམ་དང༌། ༩)ཀླུ་ཡི་སྙིང་རྩ་ཞེས་པ་ཀླུ་གདོལ་རིགས་གནས་པའི་ཆུ་མིག་ཁ་བྱང་དང་ནུབ་ཏུ་བལྟ་བ་རྣམས་ལ་བྱའོ། ༡༠)གཉན་གྱི་དཔའ་རྫོང་ཞེས་པ་སྔོན་གྱི་མི་རྣམས་ཀྱིས་ཀླུ་གཉན་གསོལ་བའི་རྟེན་ཤིང་གཉན་རྣམས་ལ་བྱའོ། ༡༡)ཐེའུ་རང་གི་མདུན་ས་ཞེས་པ་ཉི་མ་འཆར་མི་ཐུབ་པའི་བྲག་ཕུག་ཁ་བྱང་བལྟས་རྣམས་ལ་བྱའོ། ༡༢)དམ་སྲིའི་གནས་ཁང་ཞེས་སྔོན་གྱི་ཁང་རྙིང་ངམ་མི་ཤུལ་སྟོང་པའི་ཁང་རྙིང་འཐོར་ཞིག་སོང་ཤུལ་ལ་བྱའོ།།
   བཞི་པ་རྒྱུད་ཀྱི་དགོངས་དོན་དང་བསྟུན་ཏེ་གསས་ཁང་བཞེངས་པ་དང༌། ཁང་ཁྱིམ་བརྩེགས་པ། དུར་སར་དཔྱད་པ་དང་གསུམ་ལས། དང་པོ་ནི་རྣམ་འདྲེན་དམུ་རྒྱལ་སྲས་པོའི་བསྟན་པ་སྤེལ་བའི་མཛད་པ་མཐར་ཕྱིན་པའི་ཆེད་བསྟན་པ་སྤེལ་བ་དང༌། སེམས་ཅན་གྱི་སྒྲིབ་པ་སྦྱོང་བ། ཕྱི་རབས་རྣམས་ལ་དཔེ་བསྟན་པའི་ཕྱིར། གཤེན་གྱི་ཕོ་བྲང་ཆེན་པོ་བཞེངས་སུ་གསོལ་ཏེ། འཛམ་གླིང་བསྟན་པའི་རྒྱན་དྲུག་གི་ནང་ནས་བཟོ་ལ་མཁས་པ་ལྷ་སྲས་གར་མ་ལི་ཤོ་ལ་གསས་ཁང་ཆེན་པོ་བཞེངས་རྒྱུའི་བསྐོ་བཞག་མཛད་པ་ཡིན་ཏེ། མདོ་ལས།"ཉོན་ཅིག་ལྷ་སྲས་གར་མ་ལི་ཤོ་ཉོན།"ཞེས་དང༌། "ཕོ་བྲང་གཞལ་ཡས་ཁང་གཅིག་བཞེངས་སོ་འཚལ། དེའི་བསྐོས་མཁན་ལག་ལེན་ཁྱེད་ཀྱི་གྱིས། གཞན་དག་འཁོར་འབངས་ཀུན་གྱི་ཞབས་ནས་ཐེག"ཞེས་གསུངས་པས་སོ། གཞན་ཡང་ཀླུ་འབུམ་ནག་པོ་ལས། "ཕྱྭ་ཡེ་མཁྱེན་རྒྱལ་པོའི་གསོལ་པ། སྟོན་པ་གཤེན་རབ་ལགས། གསས་ཁང་འདི་བཞེངས་སུ་གསོལ་བ་ལགས་སོ།། དགེ་བའི་ཤས་ཆེའམ།སྡིག་པའི་ཤས་ཡིན་ནམ། རྩེད་མོ་ཡིན་ནམ། དལ་བ་རྩལ་པོ་ཡིན་ནམ། " ཞེས་གསུངས་པར། སྟོན་པ་གཤེན་རབ་མི་བོའི་ཞལ་ནས།" སྟོན་པ་མཁྱེན་པའི་རྒྱལ་པོའི་ཅི་གསུངས་ལགས། འདི་ནི་དགེ་བའི་རྩ་བ་ལགས་ཏེ། འདིའི་ས་སེམས་ཅན་ཕྱི་མ་འདྲེན་པ་ལགས། "ཞེས་དང༌། "ཕྱྭ་ཡེ་མཁྱེན་རྒྱལ་པོའི་ཞལ་ནས། སྟོན་པ་གཤེན་རབ་ཚུར་གསོན་དང༌། གསས་ཁང་འདི་བཞེངས་གསོལ་བ་ནི། རབ་ཏུ་ཡང་སྒྲིབ་པ་ཆེའོ། དེ་ཅི་སྟེ་ས་ཡི་བདག་པོའི་དབང་བར་མེད་དེ། ལྷ་རྣམས་དང་ལྷ་མ་སྲིན་རྣམས་དང༌། སྡིག་པ་རྣམས་སྲས་ནས། དབང་བྱས་ཏེ་སའི་བདག་པོའི་ཐུགས་དང་འགལ་ཏེ་སྡིག་ཆེའོ།། བདག་འདི་ཅིག་གཅིག་བདག་པོ་ལ་ཕྲོག་སྟེ་སྡིག་ཆེའོ།།"ཞེས་དང༌། སྟོན་པ་གཤེན་རབ་ཀྱི་ཞལ་ནས། "ཀྱེ་ཕྱྭ་ཡེ་མཁྱེན་རྒྱལ་པོ་ཚུར་གསོན་དང༌། ས་ཡི་བདག་པོ་ལ་དང་པོ་ས་སློང་བར་ལགས་ཏེ། ཐུགས་དང་མི་འགལ་ལོ།། རྡམ་པ་གཅིག་ཏུ་དཀོར་སྣ་ཚོགས་ཕུལ་ཏེ་ཐུགས་དང་མི་འགལ་ལོ།། ལྷ་སྲས་གར་མ་ལི་ཤོ་འཁོར་རྣམས་ཀྱིས་ལགས་སོ།། ཞུས་ཏེ་སངས་རྒྱས་ཀྱི་བསྟན་པ་ཆགས་པའི་གནས་བདེ་བར་གཤེགས་པའི་གཞལ་ཡས་ཁང་བཞེངས་པའི་ཐོག་མར་ས་བདག་ཀླུ་གཉན་གཏོད་འཁོར་ཡོ་འཁྲུགས་མི་འབྱུང་བའི་ཕྱིར་བཀྲིས་པའི་ས་སློང་བར་བྱས་ཏེ་རིན་པོ་ཆེའི་འབྲུ་སྣའི་བཤོས་གཙང་ཆབ་ལྔ་དང༌། དཀར་གསུམ་མངར་གསུམ་གཙང་མའི་ཕུད་སྒོ་རྣམས་ཏིང་ངེ་འཛིན་གྱིས་ཕུན་སུམ་ཚོགས་པར་བྱིན་གྱིས་རླབས་ཏེ་ས་བདག་ཁྱབ་པ་དབང་ཆེན་ལ་སོགས་ས་བདག་རྣམས་ལ་ས་ཡོན་མཉེས་པར་ཕུལ་ཏེ་བཀྲིས་པའི་ས་སློང་བར་མཛད། དེ་ནས་ས་ཐོག་མར་གསས་ཁང་བཞེངས་པའི་གནས་བཟང་པོ་མཚོ་འགྲམ་ན་དམར་མེ་ཏོག་སྣ་ཚོགས་ཀྱི་ལྗང་དཀྱིལ་བཀྲིས་པའི་ས་ཅུང་ཟད་མཐོ་ལ་རྔམ་པ་འབུར་དུ་དོད་པའི་དཀྱིལ་དུ་ཤི་ཤོན་གཙང་མའི་ཐིག་ཐག་ལ་ག་པུར་དང་མཚལ་གྱིས།"ཞེས་དང༌། ཤར་ལྷོ་ནུབ་༢ང་མ་ནོར་བ་བཏབ་ནས་ཞེས་གསུངས་པའི་ཕྱིར་རོ། དེ་ནས་ཕྱིར་བསྐོར་ནང་བསྐོར་བར་བསྐོར་གསུམ་དུ་ཕྱོགས་བཞི་མཚམས་སོ་སོར་བཅད་པའི་གྲུ་ཁུག་བཞི་ལ་ཕུར་པ་བཞི་གདབ་དགོས། མདོ་ལས། "ཕྱོགས་བཞི་མཚམས་བཞི་སོ་སོར་བཅད་པ་ཡི། བཅད་པའི་གྲུ་ཁུག་མི་འགྱུར་ཕུར་བཞི་བཏབ་ཅེས་གསུངས་པའི་ཕྱིར། རིམ་པ་དང་པོ་མུ་ཁྱུད་དགུ་དང༌། རིང་ཚད་འདོམས་པ་སྟོང་རྩ་བརྒྱད། ཞེས་གསུངས་པའི་ཕྱིར། གཉིས་པ་རིམ་པ་གཉིས་པའི་མཐོ་ཚད་ཁྲུ་བཞི་དང་རིང་ཚད་འདོམས་པ་ལྔ་བརྒྱའོ།།" ཞེས་གསུངས་སོ།རིམ་པ་གསུམ་པའམ་ནང་བསྐོར་ཅུང་ཟད་བར་པ་ལས་དམའ་ལ་རིང་ཚད་ཀྱང་འདོམས་སུམ་བརྒྱ་ཉི་ཤུ་ལ་འབྱེད་རྒྱུ་མ་ཟད། དེའི་ནང་དབུས་ཀྱི་གཙང་ཁང་ངམ་ཕོ་བྲང་ཉམས་དགའ་ལ་ཡིད་དུ་འོང་བ་བཞུགས་སོ། དེ་ལྟར་ཕྱི་ནང་རིམ་པ་གསུམ་དུ་ཕྱེས་ཏེ། མུ་ཁྱུད་དང་འདོད་ཡོན་ར་བ་གསས་མཁར་གསུམ་དང་ལྡན་པ་ནི་བདེ་བར་གཤེགས་པའི་གཞལ་ཡས་ཁང་གི་ཆགས་ཚད་དུ་ངོས་འཛིན་དགོས་སོ།། མདོ་ལས། "ནང་འཁོར་དབུས་ཀྱི་ཕོ་བྲང་གཙང་ཁང་ལ།དེ་ལས་ཅུང་བྲི་སུམ་བརྒྱ་ཉི་ཤུའི་ཚད། དེ་ལྟར་ཕྱི་ནང་རིམ་པ་གསུམ་དུ་ཕྱེས། བདེ་གཤེགས་གཞལ་ཡས་ཕོ་བྲང་ཆགས་ཚད་དོ།།" ཞེས་གསུངས་པའི་ཕྱིར།
   གཉིས་པ་ཁང་ཁྱིམ་བཞེངས་པ་ལ་ཐོག་མར་རི་ཀླུང་ཆགས་ཚུལ་དང་ཕྱོགས་བཞིའི་གནམ་སའི་དབྱིབས་ལ་བརྟག་དགོས། ཁང་པའི་ཤར་ཕྱོགས་ཁ་ཐག་རིང་ཞིང་རི་འཇམ་པ་དང་འབུར་བ་ཟླུམ་པོ། ཆུ་དང་ལམ་དྲང་པོ་ཡོད་པ་དགོས་ཞེས་བཤད་པ་དང༌། ཤར་གྱི་ཁ་ཐག་ཐུང་ན་མི་ཚེ་ཐུང་ཞིང་མཐོ་ན་ན་ཚ་སོགས་རྐྱེན་ཆགས་མང་པོ་ཡོང་བ་དང༌། བྱང་ཕྱོགས་ནས་སྐྱོར་བ་དང་དར་དཀར་གྱི་ཡོལ་བ་ལྟ་བུ་དགོས་ཤིང་ཕྱོགས་ཀྱི་བྲག་ལ་ཆུ་འབབ་ཤུགས་དྲག་ཆེ་ན་དགྲ་བྱད་ཀྱི་གནོད་པ་འོང་བའི་ངན་པར་བཤད། བྱང་རི་ཅུང་ཟད་དམའ་ལ་ཚུར་འདུད་པ་ལྟ་བུ་དང་བྲག་དཀར་འཇམ་ཞིང་དབྱིབས་ནི་ཚུར་ཁང་ཕྱོགས་སུ་འདུད་པ་ལྟ་བུ་དགོས། ནུབ་ཕྱོགས་སུ་རི་འཇམ་ཞིང་སྐྱབས་པ་དང་གཡོར་བ་འདན་པ་ལྟ་བུ་རྒྱབ་རི་ཤིང་ནགས་ཀྱིས་ཕྱུག་པ་ཞིག་དགོས་པ་དང༌། ཞིག་རལ་གྱི་བྲག་དང་ནུབ་རིའི་གདོང་སྣ་ཟུག་པའི་སྒང་དུ་མི་རུང་བའི་གནད་ལ་བརྩོན་དགོས། ལྷོ་རི་ལྷུན་མཐུག་ཅིང་ཤིང་ནགས་ཀྱིས་བརྒྱན་པ་ཡོད་ན་བཟང་བ་དང༌། ལྷོ་རི་དང་བར་ཐག་རིང་ན་རྒྱུ་ནོར་འཕེལ་བསྐྱེད་ཡོང་རྒྱུར་ཡུན་རིང་འགོར་སྲིད་ཀྱང་ཐག་ཉེ་ན་ལན་གཅིག་དར་ཏེ་འཕྲལ་དུ་རྒུད་པར་འགྱུར་བར་བཤད་པ་མ་ཟད། དེའི་ཕྱོགས་སུ་བྲག་དམར་མེ་འབར་བ་ལྟ་བུ་ཞིག་ཡོད་ན་ནོར་ལ་གོད་ཆག་ཆེན་པོ་ཡོང་བ་བཤད་འདུག ལམ་གྱི་བཟང་ངན་ནི། དཔོན་གསས་ཁྱུང་རྒོད་རྩལ་གྱི་དགོངས་པ་བཞིན། ཤར་གྱི་ལམ་དེ་གཉན་ལམ་ཡིན། ལྷོ་ཡི་ལམ་དེ་གྲོགས་ལམ་ཡིན། ནུབ་ཀྱི་ལམ་དེ་གཤིན་ལམ་ཡིན། བྱང་གི་ལམ་དེ་དགྲ་ལམ་ཡིན། སྟེང་གི་ལམ་དེ་ཆོད་པ་ཡི། ལྟག་པའི་གཉའ་ཤིང་བྱ་བ་ཡིན། འོག་ཏུ་བྲེ་ཟུག་བྱ་ཚོམ་དེ། གྱེན་དང་ཐུར་དུ་ཟུག་ན་ཐག་འདྲའོ། ལམ་སྣ་མང་པོ་ཟུག་པ་ནི། ཞལ་ལྕེ་རྒྱུན་མི་ཆད་པའི་ས་ཞེས་གསུངས་པ་བཞིན་ནོ།། དེ་བཞིན་ལུང་པ་བཟང་ངན་བརྟག་པ་ནི། སྟེང་གི་ལུང་སྐམ་བཙོང་མི་ཡིན། འོག་གི་ལུང་སྐམ་ཉོ་མི་ཡིན། དེ་གཉིས་བཞིན་ལེན་འཕྲོད་པ་ཡིན། གཡས་ཀྱི་ལུང་སྐམ་སྤྲང་སྒྱེ་ཡིན། གོང་མི་ལུང་སྐམ་འཕྲད་ཟས་དེ། མི་མཐོ་གཉའ་གནོན་བྱེད་པ་ཡིན། ལུང་པ་ཆུ་མེད་མང་པོ་དེ། མི་རྒྱུད་དབུལ་པོ་འོང་བ་ཡིན། འབོམ་དང་སྐོ་མང་རི་དངོས་སོགས། མི་ནོར་དོང་དུ་བྲུབ་པའོ།། དེ་རྣམས་ཤུལ་རམ་ངན་པའོ།། ཞེས་གསུངས་པ་བཞིན་ཁང་ཁྱིམ་གསར་བཞེངས་སྐབས་ལམ་གྱི་ཁ་ཕྱོགས་བཟང་ངན་དང་གཡས་གཡོན་སྟེང་འོག་གི་ལུང་པའི་གནས་བབས་ལ་ཞིབ་ཏུ་དཔྱད་དགོས་པ་ཤིན་ཏུ་གལ་ཆེན་བརྩི་སྲོལ་ད་ལྟའི་བར་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད།
   ཡང་དཀྱིལ་འཁོར་དང་མཆོད་རྟེན་གྱི་ཁྲི་འཕང༌། གླེགས་བམ་དང་པོ་ཏི་འདྲ་བའི་ས་རིས་ནི་དགེ་བའི་བཤེས་གཉེན་དང་བཙུན་པ་ཕོ་མོ་རྒྱུན་མི་འཆད་པའི་ས། གཡུང་དྲུང་དང་གསས་མཁར། རྔ་དང་གཤང་ཐང་དཀར་རྒོད་པོའི་གཤོག་ལྟེབ་ལྟ་བུ་ནི་གཡུང་དྲུང་བོན་གྱི་བསྟན་འཛིན་རྒྱུད་མི་འཆད་པའི་ས། རི་རྒྱལ་ལ་རི་བྲན་གྱིས་བསྐོར་བ་ལྟ་བུའི་ས་མིག་ནི། ཞང་བློན་རྒྱུན་མི་འཆད་པའི་ས་རུ་བཟང་བ་དང༌། སྟག་དང་གཟིག་སྤྱང་ཀི་ཐོན་ཡོང་བ་འདྲ་བ་དང༌། མདུང་དང་རལ་གྲིའི་བཟོ་ལྟ་བུ་ནི་དཔའ་བོ་རྒྱུན་མི་འཆད་པའི་ས་དང༌། ས་རྡོ་རིམ་པ་མང་པོ་འདྲེས་པ་ནི་ཐབ་འཁར་རྒྱུན་མི་འཆད་པའི་ས། ཝ་སྤྱང་ཕྱི་བལྟས་བྱས་པ་ལྟ་བུ་ནི་སྡར་མ་རྒྱུན་མི་འཆད་པའི་ས། ས་དང་བྲག་དམར་ཞིག་རལ་ཅན་དང་སྟེང་དུ་ལམ་ཕྲན་གྱ་གྱུ་ཟུག་པའི་ས་ནི་ཐོག་སེར་རྒྱུན་མི་འཆད་པའི་ས། བྲག་མགོ་ཟླུམ་དང་ཆུ་ལྐུགས་པ་ལ་སོགས་ནི་བསེ་རེག་རྒྱུན་མི་འཆད། ས་དམར་བྲག་དམར་རྩུབ་མོའི་རི་ལ་གྲི་ཤི་རྒྱུན་མི་ཆོད། རི་ལྡུམ་མགོ་མེད་ནི་རབ་ཆད་མ་མང་བ་དང༌། སྤྲེལ་འཁྲིད་འཕྲུ་བཙུགས་པ་འདྲ་བ་ནི་དམེ་མོ་རྒྱུན་མི་ཆོད་པའི་ས། ཞེས་ས་སོགས་ས་ཡི་དཔྱད་པ་ཡུལ་མིའི་ཤོད་རྒྱུན་དང་མཐུན་པ་ཞིག་ཏུ་སྣང༌། དེ་རྣམས་དཔོན་གསས་ཁྱུང་རྒོད་རྩལ་གྱི་དགོངས་པ་ས་དཔྱད་བྱེ་མ་ལག་ཁྲིད་དུ་གསལ་འདུག
   དེ་བཞིན་ཁང་ཁྱིམ་བཞེངས་ཡུལ་ཆུ་ཤིང་སྣ་འཛོམས་དང་ལེན་ལ་སྤང་འབུར་དང་བྲག་དཀར་ནགས་ཚུལ་ཡོད་ན་བཟང༌། ཁང་པའི་ནང་དུ་ཆུ་མིག་དང་ཁང་ཤོད་དུ་ཆུ་མིག་ཡོད་ན་ནང་མིར་ན་ཚ་ཤི་ཆད་མང་བར་བཤད། ཤར་སྟག་ཁྲ་བོ་དང་ལྷོ་ཤར་དུ་སྒོ་བསྟན་ན་བཟང་བ་དང ཆུ་ར་ལྷོ་རུ་བཞག་ན་ལྷོ་གཡུ་འབྲུག་སྔོན་མོ་ཡིན་པས་བཟང༌། ཐབ་ཀ་ནུབ་ཏུ་བསྟན་ན་ནུབ་བྱ་དམར་མོ་ཡིན་པས་བཟང༌། འཆིག་འཐག་བྱང་དུ་བཙུགས་ན་བྱང་རུས་སྦལ་རྒྱ་བོ་ཡིན་པས་བཟང་ཞེས་ཁྱིམ་ཐབ་བདེ་བར་བཤད་ཡོད་པ་བཅས་སོ།།
   གསུམ་པ་དུར་ས་ལ་དཔྱད་པ། ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་ད་ལྟའི་བར་སྲོལ་རྒྱུན་ཉམས་མེད་ཐོག་གཤིན་པོའི་ཕུང་པོ་གཙང་མ་བཟོ་ཕྱོགས་ཐད་མེ་ལ་བསྲེགས་པ་དང༌། ཆུ་ལ་བསྐྱུར་བ།བྱ་ལ་སྦྱིན་པ་འབྱེད་པ། ས་འོག་ཏུ་སྦས་པའི་ཚུལ་བཅས་རྣམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པའི་ནང་ནས་དུར་སའི་ལེགས་ཉེས་ཀྱི་གནད་ལ་ཅུང་ཟད་སྒོ་འཕར་ཕྱེས་ཏེ་ཞུས་ན། དུར་སའི་རང་བཞིན་གྱི་ཡོན་ཏན་ཆེ་ཆུང་དང་སྐྱོན་གནད་ལ་དཔྱད་དགོས་པ་སྔར་སྲོལ་བོད་ལུགས་བཀྲུས་ན་མ་དག་པ་ཞིག་ཡིན། དེ་ཡང་མི་དང་སྐྱེས་པ་ཕོ་ཡི་དུར་གྱི་གནས་གཞི་ནི་མཐོ་ལ་རྔམ་པ་དང༌། མོ་ཡི་དུར་ས་དང་རྒྱུན་སྤྱོད་ཁང་འི་ས་དབྱིབས་དམའ་དགོས་པ། བྲག་དཀར་རྩེ་གསུམ་སུམ་བརྩེགས་ཐོག་ཏུ་དགེ་བའི་བཤེས་གཉེན་རྣམས་ཀྱི་དུར་ས་རུ་བཟང་བར་བཤད་ཡོད། དེ་བཞིན་མཆོད་རྟེན་གྱི་དབྱིབས་འདྲ་བ་དང་པོ་ཏི་བརྩེགས་པ་ལྟ་བུའི་ས་གནས་དེ་བཙུན་པ་དང་བཙུན་མ་རྣམས་ཀྱི་དུར་ས་རུ་བཟང་བ་དང༌། གཡུང་དྲུང་དང་རྔ་གཤང་བརྩེགས་འདྲའི་གནས་མཆོག་དེ་རྣམས་གཡུང་དྲུང་བོན་གྱི་སྲོལ་རྒྱུན་འཛིན་པ་རྣམས་ཀྱི་དུར་ས་རུ་བཤད་པ། རི་མཐོ་ཞིང་ས་ཁད་ཡངས་པའི་ས་མིག་དེ་ཚེ་རིང་གྲྭ་རྒན་རྣམས་ལ་མ་གཏོགས་གཞོན་ནུ་དང་དར་མའི་དུར་ས་སྤངས་དགོས།
   ས་དཔྱད་ལས།"ཕོ་ཡི་དུར་དང་མཁར་གྱི་ས། མཐོ་ལ་རྔམ་པ་བཟང་བ་ནི། མོ་ཡི་དུར་དང་ཁང་པའི་ས། དམའ་ལ་དབྱིབས་ནི་བཟང་བ་ཡིན། བྲག་རྩེ་སུམ་བརྩེགས་གདན་ཐོབ་དེ། དགེ་བཤེས་ལྡན་པའི་ས་རུ་བཟང༌། མཆོད་རྟེན་པོ་ཏི་བརྩེགས་འདྲ་དེ། རབ་བྱུངབཙུན་པའི་ས་རུ་བཟང༌། གཡུང་དྲུང་རྔ་གཤད་བརྩེགས་འདྲ་དེ། གཡུང་དྲུང་བོན་གྱི་ས་རུ་བཟང༌། མཐོ་ཞིང་ཡངས་པའི་ས་མིག་དེ། ཚེ་རིང་གྲྭ་རྒན་ས་རུ་བཟང༌།"ཞེས་གསུངས། ཡང་ས་གནས་འགའ་ཞིག་གི་དབྱིབས་དང་གནས་སྟངས་བཟང་དྲག་ན། ཡང་སྐྱེ་བོ་ཚང་མར་འཕྲོད་པའི་ངེས་པ་མེད་དེ། དཔེར་ན། ས་མིག་ལ་བཀྲིས་རྟགས་བརྒྱད་ཀྱི་དབྱིབས་ཅན་རྒྱལ་མཚན་གྱི་རྩེ་མོ་དང་གདུགས་ཀྱི་ཏོག བུམ་པའི་ཁ་རྒྱན་ལྟ་བུ་ནི་དགེ་བའི་བཤེས་གཉེན་མ་གཏོགས་པ་བཙུན་པ་ཕལ་གྱིས་མི་ཐུབ་པ་དང༌། རྒྱལ་པོའི་ཐུགས་ཀ་དང་གླང་པོ་ཆེའི་གཙུག་ཕུད། སེང་གེའི་གཡུ་རལ་ལྟ་བུ། རྗེ་རིགས་རྒྱལ་པོ་མ་གཏོགས་བློན་ཕྲན་གཞན་གྱིས་མི་ཐུབ་པ་དང༌། འབྲོང་བུ་དར་མའི་རྭ་བར་དང༌། བྱ་རྒྱལ་ཁྱུང་གི་ནོར་བུ་དང་རྨ་བྱའི་སྒྲོ་མདངས་ལྟ་བུའི་གནས་མི་ཆེན་དང་མཁས་བཙུན་ལྡན་པ་མ་གཏོགས་སྐྱེ་བོ་ཕལ་པའི་མི་ཐུབ་པ། སྐྱ་བཀྲའི་གཤོག་པ་དང་སྟག་གི་སྤུ་འཛུམས། གདུག་པ་ཅན་གྱི་གཅན་གཟན་གྱི་སྙིང་ཁ་ལྟ་བུ་ནི། དམག་དཔོན་དང་དྲག་རྩལ་ཅན་མ་གཏོགས་སྐྱེ་བོ་གཞན་གྱི་ཐུབ་པ་དཀའ་བ།མཐོ་ཡངས་གཉན་པའི་ས་མིག་དེ་ལྟ་བུ་ཚེ་རིང་གྲྭ་རྒན་མ་གཏོགས་པའི་ལོ་ན་གཞོན་པའི་ས་རུ་མི་བཟང་བ། གདན་ཁྲི་སུམ་བརྩེགས་ཀྱི་དབྱིབས་ཅན་ས་མིག་དེ་མཁྱེན་ཡོན་ལྡན་པ་མ་གཏོགས་པའི་གཞན་རྣམས་ཀྱི་ཐུབ་པ་དཀའ་བ། སྤང་ཐང་དང་ན་ཐང་རྒྱ་ཆེ་བའི་རིགས་ཕྱུགས་རིགས་ལྡན་པ་དང༌། ཕྱུག་པོ་མ་གཏོགས་རྒྱུ་ནོར་དབུལ་བའི་སྐྱེ་བོ་རྣམས་ལ་མི་འཕྲོད་པ། ནགས་ཚལ་སྟུག་པོ་དང་ནགས་ཚུལ་དཀྱིལ་གྱི་སྤང་ཐང་བུ་རྒྱུད་འཕེལ་བསྐྱེད་མང་བའི་རིགས་མ་གཏོགས་རྨོང་རིགས་རྣམས་ཀྱིས་ཐུབ་དཀའ་བ། གཉན་གནས་ས་བདག་ཀླུ་གཉན་གཙང་མའི་ས་ལ་མི་རྒྱུད་གཙང་མའི་རིགས་མ་གཏོགས། ནད་གཅོང་རིགས་ཅན་རྣམས་ཀྱིས་ཐུབ་དཀའ་བ་བཤད་ཡོད། དེ་ལྟ་བུའི་བཀྲིས་པའི་ས་རྟགས་བཟང་ཞིང་ལོ་ན་མཐོ་བའི་རིགས་ལ་རིགས་རུས་བཟང་ཞིང་མཁྱེན་ཡོན་ཅན་གྱི་རིགས་ས་མཐོ་སར་འཇོག་དགོས་པ་དང༌། ཤེས་ལྡན་ཡིན་ནའང་ལོ་ན་འབྲིང་ལ་སླེབས་རིགསས་ཁམས་ཅུང་ཞིག་དམའ་སར་འཇོག་དགོས་པ། དར་མའི་རིགས་དང་རིགས་རུས་དམན་རིགས་རྣམས་ས་ཐུབ་དམའ་བ། འཛེ་ནད་སོགས་ནད་གདུག་ཅན་གྱིས་ཤི་བ་རྣམས་ས་མཐའ་དང་ཤིན་ཏུ་དམའ་སར་འཇོག་དགོས། ས་འགག་དོག་ལ་ཆུ་ཐག་ཉེ་བ་ཟམ་པའི་འོག་སོགས་དམའ་ས་ལས་རི་མཐོ་ཐང་ཆེ་སོགས་སྤངས་དགོས་པ་འབྱིས་དུར་དུ་ངོས་འཛིན་བྱས་སོ། རྒྱུན་དུ་དུར་གྱི་ས་གནས་སྤངས་དགོས་རིགས་ནི་ལམ་ཁ་དང་ལུང་པའི་སུམ་མདོ། གད་ཤུལ། གད་པ་ཆད་ལ་ཁད་ཀྱི་ས་གནས། ཕ་བོང་གི་འོག་བཅས་ལ་སྦས་བསྐུང་མི་རུང་ངོ༌།།
   དེ་བཞིན་ཚེ་འདས་ཀྱི་དུར་ས་བཟང་ན་བླ་དེ་དར་ཞིང་གསོན་པོ་རྣམས་ལ་མགོན་སྐྱབས་ནུས་པ་དང༌། གལ་ཏེ་དུར་ས་ངན་ན་བླ་དེ་རྒུད་པའི་མི་ནོར་རྣམས་ལ་ན་ཚ་དང་གོད་ཁ་རྒྱུན་མི་ཆད། ས་དཔྱད་ངན་སར་རོ་བསྐྱལ་བ་དང༌། སྦས་ན་མི་ནོར་རྣམས་སྡུག་བསྔལ་གྱི་སྒྲོག་ཏུ་ཚུད་རྒྱུར་ངེས་ཏེ་ཇི་སྐད་དུ། དུར་ས་ལེགས་ན་བླ་དེ་དར། གསོན་པོ་རྣམས་ལ་མགོན་སྐྱབས་ནུས།་ཕ་མེས་བླ་ཡིས་བསྲུང་ཞེས་བྱ། དུར་ས་ངན་ན་བླ་དེ་རྒུད། མི་ཕྱུགས་ན་ཚ་གོད་ཁ་འོང༌།དེའི་ཕྱིས་དུར་ས་གལ་ཆེའོ། ས་དཔྱད་ངན་སར་རོ་བསྐྱལ་ན། དུད་འགྲོ་ཡིན་ཀྱང་སྡུག་བསྔལ་རྒྱུ། ཞེས་གསུངས་པ་བཞིན་དུར་སར་བརྟག་ཞིབ་ཀྱིས་ལེགས་ཉེས་དབྱེ་འབྱེད་བྱེད་རྒྱུ་ནི་དུས་རབས་མ་ཚུགས་གོང་ནས་ད་བར་སྲོལ་རྒྱུན་ཉམས་མེད་ཀྱི་རིག་གཞུང་བླ་ན་མེད་པ་ཞིག་ཡིན།
   དེ་ལྟར་ས་དཔྱད་པར་བརྔན་ཡོན་ཕུལ་བ། ས་སློང་བ་སོགས་ཀྱི་གཏོ་བཅོས་ཚད་དང་ལྡན་པ་མ་བྱུང་སྟེ་ས་བདག་ཀླུ་གཉན་ལ་འཁོན་འཁྲུགས་དང་འགྲས་པའི་རྐྱེན་ངན་བྱུང་ཚེ་ཀླུ་ནད་དང་གཉན་ནད། ས་བདག་གིས་གནོད་པ་ཡུལ་ལུང་གི་ས་བཅུད་དང་ཡུལ་བཅུད་ཉམས་པ། ཆར་ཆུ་དུས་སུ་མི་འབེབས་པ། ལོ་ཕྱུག་འཕེལ་བསྐྱེད་མི་ཡོང་བ། ནད་མུག་མཚོན་འཁྲུག་གིས་འཇིག་རྟེན་མི་བདེ་བ། རྒྱ་མཚོ་སྐམ་པ།རྒྱུགས་ཆུ་ཆད་པ་མ་རུང་བའི་གངས་གཉན་གྱིས་ཕྱུགས་ཟོག་གི་ཚེ་སྲོག་འཕྲོག་པ། ཆུ་གཉན་ཆུ་སློག་གི་ཡུལ་ལུང་འཁྱེར་བ། ས་གཉན་གས་ཆག་དང་འབོལ་ལུག་གིས་མི་ནོར་ཁང་ཁྱིམ་རྩ་གཏོར་གཏོང་བ་སོགས་མི་བདེ་བ་ཁོ་ན་ཡོང་རྒྱུ་ལས་གཞན་མེད། དེ་ལྟའི་འགལ་རྐྱེན་གྱི་གནོད་འགོ་རྩོམ་ཚེ་ཐུགས་སྣང་ཆེན་པོས་སྒྲུབ་གཤེན་མཐུ་ཅན་སྤྱན་འདྲེན་ཞུས་ཏེ་གཏོ་བཅོས་དང་བརྔན་ཡོན་ཕུལ་རྒྱུ་གལ་ཆེ་བྱེད་དགོས། ས་བདག་སྤང་བསྐང་ལས། "དེ་ནས་ཀླུ་གཉན་ས་བདག་མནོལ་བ་ནི། གཤེན་སྣང་བ་འོད་ལྡན་གྱིས།ཤིང་བདུད་བརྩི་སྣ་དགུའི་དུད་པས་བསང༌། ཉམས་པ་རྣམས་ནི་རྩི་དང་སྨན་གྱིས་གསོས། འཁོན་པ་རྣམས་བདེན་པའི་ཚིག་གིས་བསྡུམ།" ཞེས་དང༌། ས་བདག་ཀླུ་གཉན་མནོལ་བ་དང་ཕོག་ཐུག་ཤོར་ན། ལྷ་ལ་ལྷ་བསང་བཏང་ནས་སེལ་བ་བཞིན་ས་བདག་ལ་བརྔན་ཡོན་བསང་གསོལ། སྣང་སྲིད་ཞི་བའི་ལས་ཆོག་གི་སྒོ་ནས་མདོས་དང་བསང་གི་ཆ་ཤས་ལེན་དགོས་རྒྱུ་དང༌། ཡང་ན་ཁྲུས་གསོལ་གང་འགབ་ཀྱི་ཐབས་དང་མ་སྦྱར་ན་མི་ནོར་རྣམས་བར་ཆད་དབང་གིས་ཚེ་སྲོག་ཤོར་བ་དང༌། ཁ་རྗེ་དབང་ཐང་དང༌།སྲོག་ལུས་རླུང་རྟ་རྣམས་ཉི་མ་སྨག་ལ་རུམ་པ་བཞིན་ཇེ་ཉམས་ཇེ་ཞན་དུ་འགྲོ་སྐྱོན་ཆེ་བས་དང་པོས་ས་དཔྱད་དང་སློང་བ།བསང་གསོལ་དང་ཁྲུས་གསོལ་གྱི་སྒོ་ནས་བརྔན་ཡོན་ཕུལ་རྒྱུ་བཅས་ས་བརྐོ་སློག་གི་ས་གཞིར་འཇུག་པ་རྩོམ་ཚེ་ས་བདག་ཀླུ་གཉན་དང་འཁོན་འབྲས་བསྡུམ་པའི་ཐབས་ཆེ་འདི་རྣམས་བརྩོན་པ་གལ་ཆེ།

སྨྲས་པ།
སྣང་སྲིད་འཁྲུག་པ་བཅོས་པའི་ཐབས་མཆོག་དང༌།།
ཕྱི་ནང་ས་ཡི་ལེགས་ཉེས་བརྟག་ཐབས་ལས།།
རྩོལ་སྒྲུབ་འབྲས་རྟགས་དཔྱད་བསྡུས་ཐུང་ངུ་འདིས།།
བསོད་ནམས་ཅི་མཆིས་ཕ་མའི་དོན་དུ་བསྔོ།།།

    ཅེས་པའི་དཔྱད་བསྡུས་རྩོམ་ཐུང་འདི་ཉིད་སྐབས་བཅུ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དབྱིན་ལན་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོར་འཚོགས་སྐབས་ཕྲན་ཁྱུང་དཀར་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་འཛམ་གླིང་གོ་ལའི་སྟེང་དུ་བོད་རིག་པར་ཞིབ་འཇུག་གནང་མཁན་ཚོར་ཕན་ཐོགས་ཕྲན་བུ་ཞིག་ཡོང་རེར་དམིགས་ཏེ་འབྱུང་ལྡན་ ༣༠༡ དང་ཕྱི་ལོ་ ༢༠༠༣ ཟླ་ ༨ ཚེས་ ༢༧ བཟང་པོར་བྲིས་ཏེ་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག