《དབང་ལྡན་ཞུ་ཚང་དང་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོཊ་བསྒྲིཊ》འགྲེམ་སྤེལ་བྱས།
[ཟླ་ཚེས། 2026-09-03 09:33:17][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

《དབང་ལྡན་ཞུ་ཚང་དང་ཞང་ཞུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས》འགྲེམ་སྤེལ་བྱས།
སྲིད་པའི་ཕུན་ཚོགས་ཀྱི་འབྱོར་བ་ཅི་ལྟར་བླ་ན་མེད་པའི་སྟོབས་ཆེ་ཡང་རིན་གྱིས་ཉོ་རུ་མི་གཏུབ་པའི་མིའི་རྣམ་དཔྱོད་ཀྱི་ཤེས་རིག་དག་ནི་འཛམ་གླིང་གི་དབུ་རྩེ་ན་ཁྱད་དུ་འཕགས་པས་མིའི་རིགས་ལ་བསོད་ནམས་ཀྱི་ཕུང་པོ་ཞེས་སྨྲ་བ་དོན་ལྡན་དུ་སོང་། དཔའ་དཔུང་གི་ཁུ་ཚུར་ཅི་ལྟར་སྲ་ཞིང་བཟོད་སྲན་གྱི་ན་ཟུག་ག་ཚོད་ཐུབ་ན་ཡང་རང་གར་གྱིས་བསྐྲུན་དུ་མི་ཐུབ་པའི་མེས་པོའི་ལོ་རྒྱུས་ཀྱི་མཛེས་སྤྱོད་དག་ནི་ནམ་མཁའི་ཉི་ཟླ་བཞིན་འོད་ལམ་ལམ་དུ་འཚེར་གྱིན་ཡོད། མེས་པོའི་ཚིལ་ཞགས་ལས་འགོས་པའི་མི་གཤིས་དང་ཀུན་སྤྱོད། ཡ་རབས་དང་འཇོན་ནུས། ཕུགས་འདུན་དང་བསམ་པ་སོགས་ཡོད་ཚད་ནས་ཡོད་ཚད་ཤེས་རིག་དང་འབྲེལ་བ་ངེས་ཅན་དུ་ལེགས་ཤིང་ཤེས་ཡོན་གྱིས་བསྐྲུན་པའི་ཕྱི་ནང་གི་འབྱོར་བ་ཡང་དེས་བསྐྱེད་པ་ཡིན་པས་ཅི་ནས་ཀྱང་མེས་པོའི་བསམ་སྤྱོད་ལ་མགོ་བོ་བསྔས་ཤིང་ཚད་གསུམ་རིག་པའི་རལ་གྲི་གློ་བ་ལ་འཆང་བའི་དེང་གི་གཞོན་སྐྱེས་ཤེས་ལྡན་རྣམས་སྐྱེད་སྲིང་ལ་འབད་ཐབས་བྱ།

ཨ་བྲའི་ཁྱག་ཚོད་གཞི། སྲེ་མོང་ཁྱག་ཚོད་མདའ་ཞེས་པའི་དཔེ་ལྟར་རང་གི་འཕྲག་ཏུ་བབ་པའི་འོས་འགན་ལ་སྣང་ཆུང་མི་བྱེད་པར་བསྒྲུབ་ཚེ་ད་གཟོད་ཉམས་ཉེས་སུ་སོང་བའི་རིག་གཞུང་ལ་གསོན་ཤུགས་འཕེལ་ཞིང་ཕུན་སུམ་འཚོགས་པའི་ལོ་རྒྱུས་ལའང་ལང་ཚོ་རྒྱ་ཐུབ། རྒྱུ་རྐྱེན་དེ་དག་གི་བསྐུལ་མའི་དབང་གིས་ད་ལན་ཞུ་སྟོན་ཡོན་ཏན་རྒྱ་མཚོ་མཆོག་གི་ཐུགས་དགོངས་གཞིར་བཅས་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ནག་ཆུ་ཞང་ཞུང་རིག་གནས་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་ཞུ་གཡས་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི«དབང་ལྡན་ཞུ་ཚང་གི་གསུང་འབུམ་དང་ཞང་ཞུང་རིག་གནས་སྐོར་གྱི་ཚོགས་འདུ»ཞེས་པའི་ཁ་བྱང་ཐོག་སྤྱིར་བོད་ཀྱི་རིག་གཞུང་དཔྱད་བརྗོད་དང་ལྷག་ཏུ་ཞང་ཞུང་རིག་གནས་ལ་སྔར་མེད་ཀྱི་དབུགས་རྒྱུན་སྩལ་ཏེ་བོད་ཀྱི་མཁས་པ་མང་པོ་གདན་འཛོམས་ཐོག་བགྲོ་གླེང་ཟབ་རྒྱས་བསྡུས་ཡོད། འདི་ནི་སྐྱ་སེར་གྱི་རིས་ཆད་དང་ཕོ་མོའི་ཕྱོགས་ལྷུང་། རྒན་གཞོན་གྱི་ལངས་ཕྱོགས་སོགས་མདོར་ན་རིས་སུ་ཆད་པའི་བསམ་བློས་མ་བཅིང་བར་གུ་ཡངས་བློ་བདེ་ལ་བརྩོན་ཅི་ཐུབ་ཀྱིས་བསྒྲུབས་ཁུལ་ཡིན་པས་དེ་དག་གི་ཐུགས་ཀྱི་དགོངས་རྟོགས་ཞང་ཞུང་དང་ཞུ་ཚང་ཤེས་རིག་ལ་གཏུམ་པའི་ཚུལ་གྱིས་དཔྱད་རྩོམ་རྩེ་གྲ་རྣམས་འདིར་ཕྱོགས་གཅིག་ཏུ་བསྡུས་ཡོད།

དེ་ལ་ཡང་སྟོད་ནི་བགྲེས་པོའི་མཆིད་ཚིག་སྟེ་ད་ཐེངས་ཚོགས་འདུར་ཆེད་ཞུས་མཁས་པ་རྒན་རབས་པ་རྣམས་ཀྱི་དམིགས་བསལ་གསུང་བཤད་སྒྲ་ཕབ་བྱས་ཏེ་གྲུབ་པར་གནང་ཡོད་ལ་སྒྲ་ཕབ་སྟངས་ཀྱང་རྗེས་སུ་གསུང་སྒྲ་ཇི་བཞིན་པར་བཤུས་པ་ལས་རང་འདོད་ངང་གིས་བཅོས་པའི་ལྷད་མེད་པར་བྱས་ཡོད། འདིས་ཀྱང་ང་ཚོ་གཞོན་པ་དག་གིས་རིག་གཞུང་ཞིབ་འཇུག་ཅི་ལྟར་གནང་ཚུལ་དང་ལོ་རྒྱུས་ཀྱི་འགག་འཕྲང་རེ་རེ་ནས་བགྲེས་པོ་རྣམས་ཀྱིས་སྐུ་ངལ་ག་ཚོད་བསྐྱོན་ཡོད་ཚུལ་གྱི་གདམས་པ་གསེར་ལས་ལྷག་པ་གནང་ཡོད། གདན་འཛོམས་མཁས་པ་བྱིངས་ཀྱི་གསུང་བཤད་དག་དགོས་དམིགས་དང་སྐབས་བསྟུན་གྱི་དབང་གིས་བཀོད་ཐུབ་མེད་པས་དགོངས་འགལ་དང་ཐུགས་གསོལ་ཞུ་རྒྱུ།
སྨད་ནི་གཞོན་པའི་རྣམ་དཔྱོད་དེ་ལོ་སྔོན་མར་རྩོམ་བརྡ་ཕུལ་དོན་བཞིན་ཆེད་དུ་ཚད་གསུམ་སྲང་ལ་ཡང་ཡང་གཞལ་ཞིང་མངོན་མཐོང་ཚད་མས་ཞིབ་ཏུ་རེག་པའི་ཞུ་ཚང་རིག་གཞུང་ལ་དཔྱད་འབྲས་བཏབ་ནས་ཐོན་པའི་རྩོམ་པ་པོ་བཅུ་ཕྲག་ལྷག་གི་དཔྱད་རྩོམ་བསྡུས་ཡོད། དཔྱད་རྩོམ་གྱི་ནང་དོན་ཆ་ནས་ཀྱང་གཙོ་བོ་ལུགས་གཉིས་འཆམ་མཐུན་དང་མི་འགལ་ཞིང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པ། ལྷག་དོན་དུ་ཞང་ཞུང་བོན་གྱི་རིག་གཞུང་གཙོར་བཏོན་གནང་ནས་བྲིས་ཤིང་གནའ་ཉམས་དོད་པའི་དབང་ལྡན་ཞུ་ཚང་གི་ལོ་རྒྱུས་རིག་གཞུང་སོགས་ལ་ཉམས་ཞིབ་མཛད་པའི་སྐོར་སོགས་ཡོད། འདི་ནི་བོད་ཀྱི་རིག་གཞུང་གི་མ་ལག་ཞང་ཞུང་རིག་གནས་དང་དབང་ལྡན་ཞུ་ཚང་གི་གཞུང་ལུགས་སོགས་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། བག་ལ་ཞ་བའི་ལོ་རྒྱུས་ཀྱི་གསང་བ་རེ་རེ་ཀློག་པ་པོ་རྣམས་ཀྱི་མཐོང་རྒྱ་བསྐྱེད་པའི་སྒྲོན་མེ་རུ་འགྱུར་བའི་རེ་སྨོན་གྱིས་བསྐུལ་ཏེ་བསྒྲིགས་པ་ལགས།

རེབ་འདིར་ང་ཚོའི་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་གྱི་རྒན་དར་གཞོན་གསུམ་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ལྷག་ཏུ་ཞུ་སྟོན་ཡོན་ཏན་རྒྱ་མཚོ་མཆོག་གིས་ཚོགས་འདུའི་མགོ་མཇུག་བར་གསུམ་གྱི་འགྲོ་གྲོན་ཆ་ཚང་དང་ལམ་སྟོན་ཟབ་རྒྱས་མཛད་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀུན་དགའ་ཡེ་ཤེས་མཆོག་དང་ནག་ཆུ་གྲོང་ཁྱེར་རིག་རྩལ་ཚོགས་པའི་དེ་སྔའི་འགན་འཛིན་པ་རྒན་ནོར་བུ་བཀྲ་ཤིས་རྣམ་གཉིས་ཀྱི་ཐུགས་བཀོད་སྐུ་ངལ་ཚད་མེད་བསྐྱོན་གནང་བ་སོགས་མདོར་ན་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དཔྱད་རྩོམ་དེབ་འདི་དགོས་དབང་གིས་དུས་ཐོག་ཏུ་འགྲེམས་མ་ཐུབ་ཅིང་རེ་བ་དང་སྒུག་པ་སེམས་ན་འཛུམ་པའི་ཤེས་ལྡན་ཀློག་པ་པོའི་སྡེ་ལ་དགོངས་གསོལ་ཐུགས་དག་ཞུ་རྒྱུ། ད་ཐེངས་དངོས་སུ་འགྲེམས་སྤེལ་ཐུབ་བྱུང་ཡོད་པར་མ་ཟད་རྩོམ་པ་པོ་རྣམ་པ་ལྷན་རྒྱས་གཙོས་པའི་ཀློག་མཁན་དག་གི་ཕྱག་ཏུ་འཕྲོད་དང་སྤྲོད་བཞིན་པ་ལགས། འདིས་སྤྱིར་བོད་ཀྱི་སྐད་ཡིག་གི་གདངས་དབྱངས་དང་། ལོ་རྒྱུས་ཀྱི་མེ་ལོང་། ཉམས་ཞིབ་ཀྱི་མཐུན་རྐྱེན། ལེགས་ཚོགས་ཀྱི་སྣེ་ཁྲིད། གོང་འཕེལ་གྱི་ལམ་འདྲེན། རྒུད་པ་ཡི་དབུགས་དབྱུང་། རེ་འདུན་གྱི་འོད་སྟོང་སོགས་མང་པོ་མང་པོ་ཞིག་འཁྱོངས་པའི་ཐུགས་འདུན་ཀྱང་ཆབས་ཅིག་ཏུ་སྐྱོང་བར་ཞུ་ལགས་སོ།།
ཞུ་གཡས་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ཀྱི་རྩོམ་སྒྲིག་པ་སྟོང་སྲས་ལྷ་བུ་རུ་འབོད་པ་དེས།
