དཀྱིལ་འཁོར་ཐིག་ཚོན་གསལ་བྱེད་ཉི་གཞོན་གྱི་དཔེ་འཕྲིན།

[ཟླ་ཚེས། 2026-07-16 20:22:26][རྩོམ་པ་པོ། ཤེལ་ཞིག་ཤེས་རབ་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 རྟེན་འབྱུང་གི་ཁམས་ཆེན་པོ་འདིར་གཤེན་བསྟན་ཉི་ཟླའི་དཀྱིལ་འཁོར་ཕྱོགས་མེད་ཀུན་ཏུ་ཁྱབ་བདལ་ཏུ་གྱུར་ཅིང་། བོན་གཤེན་གྱི་དབུ་འཕང་དགུང་དང་མཉམ་པ་ནས་བཟུང་། ལོ་ངོ་སྟོང་ཕྲག་དུ་མར་ཁ་འབབ་ཆུ་བཞིའི་བཞུར་རྒྱུན་དང་འགྲོག་པའི་གངས་ལྗོངས་ཀྱི་ཤེས་རིག་འདི་ཉིད་བརྒྱུད་འཛིན་མཁས་གྲུབ་གསེར་རིའི་ཕྲེང་ལྟར་བྱོན་པ་དག་གིས་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་མཛད་པ་ཇི་བཞིན། དེང་གི་ཆར་ཡང་ཁ་བ་གངས་ཅན་གྱི་ལྗོངས་འདིར་བཞུགས་སུ་གསོལ་བའི་བཅུ་རིག་གི་གཏེར་མཛོད་དག་རང་རང་སོ་སོའི་ནུས་པ་དང་འཚམས་པར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའི་སྐབས་འདིར། རག་བཙུན་ཚངས་སྲས་འཇིགས་མེད་མཆོག་གིས་གཙོ་འགན་བཞེས་ཤིང་། གངས་ལྗོངས་མེས་པོའི་རིག་མཛོད་ཁང་ནས་དཔེ་དཀོན་རྣམས་དཔེ་སྒྲིག་མཛད་པ་སོགས་བསྟན་སྲིད་སྤྱི་ལ་སྨན་པའི་ཕྱག་ལས་རླབས་ཆེན་དུ་མ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། ད་ལན་ཡང་ཞིང་གཤེགས་དམ་པ་སྤུ་རྒྱལ་བ་དགེ་བཤེས་ཉི་མ་རྒྱལ་མཚན་མཆོག་གིས་མཛད་པའི་<<རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཐིག་ཚོན་ཕྱོགས་བསྡུས་གསལ་བྱེད་ཉི་འོད་གཞོན་ནུ་>>ཞེས་པ་འདི་ཉིད་གངས་ལྗོངས་མེས་པོའི་རིག་མཛོད་ཁང་གིས་དཀའ་བའི་ཚགས་དང་དཀོན་པའི་རྒྱུ་ལ་མ་འཛེམ་ནས་དཔར་སྐྲུན་ཞུས་ཡོད། དེ་ཡང་གཅིག་ནས་དེབ་འདིའི་བྱེད་པོ་མཁས་དབང་སྤུ་རྒྱལ་བ་མཆོག་གངས་རིའི་ཚིག་མཛོད་ཆེན་མོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་ཆེན་སོགས་མཁས་གྲུབ་དུ་མའི་སྐུ་མདུན་ནས་བཅུ་ཕྲག་རིག་པའི་གནས་ཀུན་སྦྱངས་པ་མཐར་ཕྱིན་ཏེ་མཁས་པའི་གྲགས་པ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁྱབ་པས། ཕྱག་དཔེ་འདི་ཉིད་ཀྱང་ཚད་གསུམ་ཟུང་འབྲེལ་གྱིས་གྲུབ་ཅིང་། “དགོས་མེད་བསྐྱར་བཟློས་སོགས་ཀྱིས་མ་བསླད་པར། དེ་ཡང་དོན་འདུས་ཚིག་ཉུང་གོ་སླའི་ཆེད་དུ་སྡེབས་”པས་ཀློག་པ་པོ་ཡོངས་ལ་བློ་བསྐྱེད་མི་དམན་པ་ཐོབ་པར་སྨོས་མི་དགོས། ཁྱད་པར་དུ་འདི་ཉིད་རྩོམ་མཛད་སྐབས་འཛམ་གླིང་བླ་མ་ཡོངས་འཛིན་མཆོག་ལ་བཀའ་འདྲི་དང་སྤྱན་འབུལ་ཞུས་ཏེ་མཆོག་ནས་ལེགས་བརྗོད་དང་། མཇུག་སྐྱོང་དགོས་པའི་གསུང་བསྐུལ་ཐོབ་པས་དཔེ་ཆ་ཚད་ལྡན་ཞིག་ཡིན་པ་དང་།  གཉིས་ནས་འདི་ཉིད་ཁོང་གིས་བརྩམས་གྲུབ་ཀྱང་། གང་ཉིད་གློ་བུར་དུ་སྐུ་ཚེ་རྫོགས་པ་སོགས་རྐྱེན་དབང་དུ་མས་ད་བར་དཔར་སྐྲུན་བྱ་རྒྱུ་ལྷག་ཡོད་པར་བརྟེན།
   ད་ཐེངས་«གངས་ལྗོངས་མེས་པོའི་རིག་མཛོད་ཁང་»གིས་སྤྱིར་ན་མིང་དོན་མཚུངས་པའི་མཁས་དབང་སྤུ་རྒྱལ་བ་མཆོག་གི་གསེར་ལས་ལྷག་པའི་རྣམ་དཔྱོད་ཀྱིས་བསྐྲུན་པའི་རིག་གཞུང་གང་ཉིད་ས་ཡི་གཏེར་དུ་མ་ཤོར་བར་དངོས་སུ་འགྲེམ་སྤེལ་ཞུས་པ་མ་ཟད། འདི་གའི་གཙོ་གཉེར་ཁང་གིས་ཚད་མཐོའི་གདེང་འཇོག་ཕུལ་ནས་«མེས་པོའི་རིག་མཛོད་»ཀྱི་དཔེ་ཚོགས་གྲས་ལ་བཞག་སྟེ་ཁོང་གི་མཛད་འཕྲིན་ལ་རྗེས་དྲན་ཞུ་ཆེད་ཞབས་ཕྱི་ཕྲན་བུ་ཞིག་བསྒྲུབས་པའི་ཁུལ་ཡིན་ལ། དགོས་སུ་དེང་སྐབས་སློབ་གཉེར་བ་སྐྱ་སེར་ཐུན་མོང་གིས་དཀྱིལ་འཁོར་ཐིག་ཚོན་ལ་འབད་བཞིན་པའི་སྐབས་འདིར་“ཆར་པ་ཆུ་གྲོགས། ཉི་མ་མེ་གྲོགས།”ཀྱི་དཔེ་བཞིན་ལྷག་བསམ་རྣམ་དག་གིས་སྲི་ཞུ་རུ་དམིགས་ནས་དཔེ་ཆ་འདི་ཉིད་དཔར་སྐྲུན་ཞུས་པ་ལགས་སོ།།  
ཞེས་ཤེལ་དྭངས་མའམ་ཤེལ་ཞིག་ཤེས་རབ་སྐལ་བཟང་ནས་༢༠༢༦•༧•༡༤ཉིན་ཕུལ། 
སྐད་འཕྲིན་འབྲེལ་ལམ། 18076953567  13989951817
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།