《གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་ངོ་སྤྲོད》ཅེས་པ་པར་དུ་བསྐྲུན་པ།

[ཟླ་ཚེས། 2025-06-17 10:54:54][རྩོམ་པ་པོ། རྩེ་དྲུག་ནམ་མཁའ་མཐོངས་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དཔེ་སྐྲུན་གསལ་བཤད།

  འདིར་གང་གླེང་བར་བྱ་བ་ནི། ལོ་ངོ་གཅིག་ཁྲི་བརྒྱད་སྟོང་གོང་ནས་དར་བའི་ཕན་བདེའི་གཞི་རྩ་གཡུང་དྲུང་བོན་རིན་པོ་ཆེ་འདི་ཉིད་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་འགྲོ་བའི་ཁམས་དང་མོས་པ་ལ་མཐུན་པའི་ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་རྣམ་བཞག་གཏན་ལ་ཕབས་ཏེ་ཞང་བོད་ཀྱི་ཡུལ་གྲུ་ཁག་ལ་དར་ཁྱབ་རྒྱ་ཆེར་ཕྱིན་ཡོད། ཕྱིས་སུ་རྒྱལ་བསྟན་རིན་པོ་ཆེར་དུས་ཀྱི་གཉན་ཕྲང་དུ་མ་འཕྲད་དེ་དར་རྒུད་མང་པོའི་ཁྲོད་མ་ཉམས་པར་གསོན་པོར་གནས་པ་ད་ལྟ་གཡུང་དྲུང་བོན་རིན་པོ་ཆེ་འདི་ཉིད་ཡིན་ཞིང་། དེ་ཡང་གཡུང་དྲུང་བོན་རིན་པོ་ཆེ་ལའང་འཆད་ཉན་བཤད་སྒྲུབ་ཀྱི་སྡེ་དང་། སྒོམ་སྒྲུབ་ཉམས་ལེན་གྱི་སྡེ་གཉིས་སུ་ཡོད་པའི་ནང་ནས་གཙོ་བོ་སྒོམ་སྒྲུབ་ཉམས་ལེན་གྱི་སྡེའི་སྒྲུབ་གནས་ཁག་སྟེ། དེ་ཡང་གཙོ་བོ་སྔ་རབས་བོན་གྱི་ལོ་རྒྱུས་དཔེ་རྙིང་ཁག《བསྒྲགས་པ་རིན་ཆེན་གླིང་གྲགས།》 《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》《གླེང་གཞི་བསྟན་པའི་འབྱུང་ཁུངས།》 《རྒྱལ་རབས་བོན་གྱི་འབྱུང་གནས།》 《གསང་སྔགས་མན་ངག་གནད་ཀྱི་རྫོང་འཕྲང་།》 《བསྟན་འབྱུང་ནོར་བུའི་འགུལ་རྒྱན།》 《དར་རྒྱས་གསལ་སྒྲོན།》 《ལེགས་བཤད་མཛོད།》 《སྐྱབས་སྟོན་ཡང་རྩེའི་འགྲེལ།》 《དཔལ་ཚུལ་བསྟན་འབྱུང་།》 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་།》 《འབེལ་གཏམ་ལུང་གི་སྙིང་པོ།》《ཞང་བོད་ལོ་རྒྱུས་ཏི་སིའི་འོད།》 《འབེན་ཚོགས་ལྷ་ཡི་བཀའ་བཟློག》 《སྤྲུལ་སྐུ་བློ་ལྡན་གྱི་བསང་བརྔན།》 《སྲིད་པའི་ལྷ་རྒོད་དྲག་བདར།》 《ཏུན་ཧོང་ཡིག་རྙིང་》སོགས་ཀྱི་ནང་འཁོད་གཞིར་བཞག་སྟེ་རིག་པས་དཔྱད་བསྡུར་བྱས་ཁུལ་ཡིན་ཡང་། གཅིག་ནས་རང་ཉིད་བློ་སྟོབས་ཞན་པ་དང་། གཉིས་ནས་དུས་རབས་བཅུ་གཅིག་པའི་རྗེས་སུ་གྲུབ་མཐའི་བར་གྱི་འཐབ་འཁྲུགས་དང་། ཆབ་སྲིད་ཀྱི་དབང་བསྒྱུར་སོགས་ཀྱིས་རྐྱེན། སྒྲུབ་གནས་མང་པོ་ཞིག་མོག་པོར་གྱུར་ཏེ་ད་སྐབས་ངོས་འཛིན་དཀའ་ནའང་། དེང་གི་ཆར་དུས་བབ་བཟང་པོ་དང་། རང་རྒྱལ་གྱིས་ཆོས་དད་རང་མོས་ཀྱི་སྲིད་བཟང་འོག གནས་སྐོར་བ་དག་ལ་སྒྲུབ་གནས་བྱིན་ཅན་དག་སྟབས་བདེའི་ངོ་སྤྲོད་དང་། ཞིབ་འཇུག་པ་རྣམས་ལ་ཁ་ཕྱོགས་གསལ་སྟོན་ཡོང་བའི་ཆེད་སོགས་ལ་དམིགས་ཏེ། རྩེ་དྲུག་ནམ་མཁའ་མཐོངས་གསལ་མཆོག་གིས་ལོ་མང་རིང་འཀའ་ཚིགས་ཁྱད་དུ་བསད་དེ་ལོ་རྒྱུས་དང་ཟུང་འབྲེལ་གྱིས་ཡུལ་མི་དག་ལ་འདྲི་བརྩད་སོགས་ཞིབ་འཇུག་གི་ལམ་ནས་མདོ་དབུས་སྟོད་སྨད་བར་གསུམ་ཀུན་ལ་གནས་སྐོར་ཕེབས་ཏེ་ལོ་མང་རིང་བརྩལ་འཚོལ་གྱིས་གཡུར་ཟའི་གྲུབ་འབྲས་ཐོབ་པ།

  དེ་སྔོན་《གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད་》ཅེས་པ་དང་། 《བོན་གྱི་འདུ་གནས་སོ་བདུན་སོགས་སྒྲུབ་གནས་ཁག་གི་གནས་བཤད་ངོ་སྤྲོད》ཅེས་པའི་ལག་དེབ་གཉིས་འགྲིམ་སྤེལ་ཟིན་ཏེ་རྒྱ་ཆེའི་གནས་སྐོར་བ་དང་ཞིབ་འཇུག་པ་རྣམ་པས་དགའ་བསུ་ཚད་མེད་ཐོབ་ཡོད་ལ། ད་ལན་སླར་ཡང་བོན་གྱི་འདུ་གནས་སོ་བདུན་དང་། གསང་སྔགས་སྒྲུབ་སྡེ་སོ་དྲུག་གམ་སོ་བདུན། མ་རྒྱུད་གནས་ཆེན་ཉེར་བཞི། བརྟན་མ་བཅུ་གཉིས། མགུར་ལྷ་བཅུ་གསུམ། སྲིད་པའི་གངས་རི་ཆེ་བདུན། ཡུམ་སྲས་སྡེ་ལྔ། ཨ་ཁྲིད་ཉམས་རྒྱུད་བླ་མའི་སྒྲུབ་གནས། ཞང་ཞུང་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་སོགས་གནས་རི་དང་སྒྲུབ་གནས་ཁག་མང་པོ་ཞིག་གསར་རྙེད་བྱུང་བ་དེ་དག་གི་འགྲེལ་བཤད་དང་ངོ་སྤྲོད་ཚུལ་དུ། 《གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་ངོ་སྤྲོད》ཅེས་པ་འདི་ཉིད་སླར་ཡང་ཁ་གསབ་དང་དཔྱད་བསྡུར་གནད་དུ་སྨིན་པ་བྱས་ཏེ་ཁ་གསལ་གོ་བདེའི་ལམ་ནས་ངོ་སྤྲོད་དང་གསལ་བཤད་བྱས་ཡོད་ལ། པར་རིས་དང་འགྲེལ་བཤད་ཟུང་འབྲེལ་ཐོག་གསལ་བཤད་དང་སྙིང་དོན་སྟབས་བདེའི་རང་བཞིན་ཅན་དུ་བཀོད་ཡོད་པས་དེ་ལུགས་ཀློག་པོ་རྣམས་ནས་ཞིབ་གཟིགས་ཀྱིས་འདི་ལ་ནོར་སྐྱོན་རིགས་སྲིད་ཚེ་ལམ་སྟོན་དང་ཡོ་སྲང་གནང་རེ་བཅས་གུས་པ་ནམ་མཁའ་མཐོང་གསལ་ནས་༢༠༢༤/༡༠/༢༣ཉིན་བྲིས།








  གནས་ཡིག་འགྲེམས་བརྡ། འདིར་གླེང་བྱ་ནི་རྒྱ་ཆེའི་དད་ལྡན་མི་མང་ཡོངས་དང་། ཞང་བོད་ཀྱི་རིག་གཞུང་ལོ་རྒྱུས་ལ་ཤེས་བརྩོན་ཅན་གྱི་མི་སྣ་དང་། འདུ་གནས་དང་སྒྲུབ་གནས་ཁག་གི་ཡུལ་དངོས་ལ་འཚོལ་ཞིབ་བྱེད་མཁན་དང་། གནས་བསྐོར་ལ་དགའ་བའི་དད་མོས་ཅན་ཡོངས་ལ་གཏམ་བཟང་ཞིག་སྒྲོན་འདོད་པ་ནི།《གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་ངོ་སྤྲོད》ཅེས་པའི་གནས་ཡིག་དཔར་དུ་བསྐྲུན་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན། མཁྱེན་གསལ་ལྟར་དེ་སྔོན་2014ལོར་གནས་སྐོར་བ་རྣམས་ལ་ཧ་ཅང་དགོས་མཁོ་ཆེ་བའི་ལམ་སྟོན་མཛུབ་ཁྲིད་ལྟ་བུའི་གནས་ཡིག《གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད》དང་། 《བོན་གྱི་འདུ་གནས་སོ་བདུན་སོགས་སྒྲུབ་གནས་ཁག་གི་གནས་བཤད་ངོ་སྤྲོད》ཅེས་པའི་ལག་དེབ་འདི་གཉིས་སྤེལ་བ་རེད། དེར་བརྟེན་མི་མང་ཡོངས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད།ད་ཐེངས་《གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་ངོ་སྤྲོད》ཅེས་པའི་དེབ་འདི་གོང་གི་གནས་ཡིག་དེ་གཉིས་གཞིར་བཟུང་ཐོག་དེ་དག་གི་ནང་དུ་ནོར་འཁྲུལ་གང་ཡོད་པ་རྣམས་བསྐྱར་དུ་ནོར་བཅོས་གང་ཐུབ་ཐུབ་དང་ཞུ་དག་ཐེངས་མང་བྱས་པ་ཞིག་ཡིན། གནས་ཡིག་འདི་ནི་སྔོན་བྱུང་བོན་གྱི་གནས་རི་དང་སྒྲུབ་གནས་ཀྱི་སྐོར་འཁོད་པའི་གནས་ཡིག་རྒྱས་པ་ཞིག་ཡིན་པ་དང་གནས་བསྐོར་ལ་འགྲོ་མཁན་རྣམས་ལ་ཆེད་དུ་དམིགས་ཏེ་བསྐྲུན་པ་ཞིག་ཡིན། གནས་སྐོར་བ་ཞིག་ཡིན་ནས་བཟུང་ལག་དེབ་འདི་འདྲ་ཞིག་མེད་ན་ཐབས་མེད་རེད་སྙམ། གནས་ཡིག་འདི་ཉིད་ནི་གཞན་གྱི་ཤོད་སྲོལ་དང་ཡིག་ཆ་ཁོ་ནའི་རྗེས་སུ་འབྲངས་པ་ཙམ་མ་ཡིན་པར། ས་གནས་ས་ཐོག་ལ་དངོས་སུ་ཕྱིན་ཏེ་ཉམས་ཞིབ་དང་རྒྱུས་ཐོན་གཏིང་ཟབ་བྱས་པ་མ་ཟད། གནས་ཡུལ་དངོས་ཀྱི་པར་རིས་སྦྲག་མ་དང་གནས་ཀྱི་ལོ་རྒྱུས་བཅས་ཁ་གསལ་བ་དང་ལྟ་བདེ་བ་ཞིག་ཡིན།

འབྲེལ་གནས། ལྷ་ས། 139 8908 1558 སྟེང་ཆེན། 136 5955 2020  སྦྲ་ཆེན། 157 2671 7777

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།