ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་རིག་གཞུང་ཆེད་དེབ་གསུམ་པ་འགྲེམ་སྤེལ་གནང་།
[ཟླ་ཚེས། 2025-05-24 12:27:16][རྩོམ་པ་པོ། ལས་འཛིན་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་རིག་གཞུང་ཆེད་དེབ་ཐེངས་གསུམ་པ་དཔར་སྐྲུན་འགྲེམ་སྤེལ་གནང་བ།


ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་ཞེས་པའི་མཚན་གྱི་སྙན་པ་དཀར་པོ་དེ་ཉིད་ཐོག་མར་སྤུ་རྒྱལ་གངས་ཀྱི་འདབས་རོལ་ནས་འཁྲུངས་ཤིང་ཡ་གླིང་གི་སྒང་ཟེ་འདིར་མཆེད་མུས་དང་། དཀར་ནག་སེར་གསུམ་གྱི་འོད་མདངས་འཚེར་བའི་བོན་གྱི་འཁོར་ལོའི་ཚོགས་རྟགས་འདིས་འཛམ་གླིང་དྲྭ་རྒྱའི་འཇིག་རྟེན་ནམ་ས་ཆེན་གོ་ལ་འདི་ལན་གཅིག་བསྐོར་དུས། ཞང་བོད་ཤེས་རིག་ལ་དུང་བ་ཟབ་ཅིང་མེས་པོའི་ཕ་ཆོས་ལ་དད་འདུན་ལྷད་མེད་མངའ་བའི་མཁྱེན་ལྡན་པ་མང་པོའི་མིག་གི་ལོངས་སྤྱོད་དང་རྣ་བའི་རྒྱན་དུ་གྱུར་ཅིང་གསལ་འཚེར་འོད་དུ་འབར་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་འཇིག་རྟེན་མི་ཡུལ་དུ་བསྐྲུན་ནས་ད་ལན་དཔྱད་དེབ་ཐེངས་གསུམ་པ་འདི་ཉིད་དཔར་སྐྲུན་འགྲེམ་སྤེལ་ཞུ་རྒྱུ་བྱུང་བ་རེད། འདི་ནི་ངེད《ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ》སྐབས་དང་པོའི་གོ་སྒྲིག་ལྷན་ཚོགས་ཀྱི་ངོས་ནས་བཤད་ན་ལས་དོན་གལ་ཆེན་ཞིག་ལེགས་པར་གྲུབ་པའི་གདེང་ཚོད་རྙེད་བཞིན་ཡོད། སྤྱིར་བྱ་བ་འདི་ནི་ལས་མེད་ཀྱི་ལས་ཀ་ཞིག་དང་དགོས་མེད་ཀྱི་བསྐྱར་བཟོ་ལྟ་བུ་མ་ཡིན་པར་འཕྲལ་ཕུགས་རྒྱང་གསུམ་ལ་གཏད་པའི་དམིགས་འབེན་ནི་སྤྱིར་ན་ཡུལ་གངས་ཅན་པའི་སྐད་ཡིག་རིག་གཞུང་ནོམ་པ་ཅན་འདི་མི་རིགས་ཀྱི་སེམས་ཁམས་ནས་ནམ་ཡང་གྱེས་བྲལ་དུ་མི་འགྲོ་བའི་ཆེད་དང་། སྒོས་སུ་སྟོན་མཆོག་རྫོགས་པའི་སངས་རྒྱས༧རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་རྗེས་བཞག་གནང་བའི་གདུལ་བྱ་སེམས་ཅན་གྱི་རྒྱུད་ལ་ཞི་བདེ་སྐྲུན་བྱེད་ཀྱི་ཐབས་ཁྱད་པར་ཅན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་སྙིང་དོན་ངོ་མ་དེ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་དང་ཉམས་སུ་ལེན་དགོས་པ་ཉག་གཅིག་ཡིན་པ་ལས། ཤེས་རབ་ཀྱི་རྨིང་སྟོང་པའི་གང་ཟག་སུ་ཞིག་གིས་དབྱར་ཁ་ཆར་དང་དགུན་དྲག་རླུང་ལ་མ་འཛེམ་པར་ལུས་སྲོག་ལྟོས་མེད་ཀྱིས་འབད་རྩོལ་ཁོ་ནར་ལྷུར་ལེན་ཅི་ལྟར་བྱས་ཀྱང་ཐར་པ་དང་བྱང་ཆུབ་སྒྲུབ་པའི་ལམ་འབྲས་དང་རྒྱང་ཐག་དེ་ཙམ་ཉེ་མི་ནུས་ཏེ། 《 མདོ་ཕྲན་》ལས། ཉན་པ་མེད་པས་བཤད་པ་མེད། བཤད་ཉན་མེད་པས་གོ་བ་མེད། གོ་བ་མེད་པས་སྒྲུབ་པ་མེད། སྒྲུབ་པ་མེད་པས་བྱང་ཆུབ་ཐོབ་པར་ག་ལ་འགྱུར། དཔེར་ན་ཏ་ལའི་མགོ་བཅད་བཞིན། ཞེས་སོ། །དེས་ན་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་འདི་ལ་ཐོས་བསམ་སྒོམ་གསུམ་གྱི་དོན་ཡོངས་སུ་ལྡན་པ་སྟེ།

གཉིས། འདིར་འཁོད་པའི་དཔྱད་རྩོམ་དང་སྐབས་དོན་བགྲོ་གླེང་རྣམས་ལུང་རིགས་ཀྱི་སྒྲུབ་བྱེད་བཙན་ལ་དཔྱད་གསུམ་རྣམ་པར་དག་པས་བསམ་པའི་དོན་ལྡན་པ་ཡིན།
གསུམ། མདོ་སྔགས་སེམས་གསུམ་གྱི་གཞུང་བརྒྱའི་ལྟ་གྲུབ་བསྟན་དོན་གཙོ་གནད་རྣམས་ཤེས་རབ་ཀྱིས་དཔྱད་པའི་དོན་ལ་ཡང་ཡང་བསམ་གཞིག་རྒྱུན་མར་གནང་བས་སྒོམ་པའི་དོན་ཚང་བ་ཡིན།དེར་བརྟེན། ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་ནི། མདོ་སྔགས་སེམས་གསུམ་གྱི་དགོངས་དོན་ཟབ་མོ་ཐུགས་རྒྱུད་ལ་མངའ་བའི་དགེ་བའི་བཤེས་གཉེན་རྣམ་པར་རིག་པའི་བང་རྩལ་ངོམ་སའི་ཁོར་ཡུག་བསྐྲུན་ཆེད་དང་། སྤྱི་ཚོགས་དང་མི་རིགས་ཀྱི་རིག་གཞུང་ལ་ཞབས་ཞུ་ཅུང་ཟད་བསྒྲུབ་རྒྱུའི་བསམ་སྦྱོར་གཙང་མ་ནི་ལས་དོན་འདི་ཡི་དམིགས་འདུན་གཙོ་བོ་ཡང་ཡིན། དེབ་འདིར་འཁོད་པའི་ཆེད་རྩོམ་རྣམས་སྐབས་བབ་བགྲོ་གླེང་ཐོག་དངོས་སུ་ཞུགས་པའི་རྩོམ་ཡིག་ཁོ་ན་ཡིན་ལ། དེ་ཡང་བརྡ་འགྲོས་དང་ཚིག་སྦྱོར་འགའ་ཤས་ངེད་སྒྲིག་ཞུ་བ་ཚོས་གཅིག་གྱུར་ཡོང་ཐབས་གཙོ་བོར་འབད་པ་ལས་གཞན་རྩ་བའི་བརྗོད་དོན་ཐད་ལ་འཕྲི་སྣོན་གང་ཡང་ཞུས་མེད། འདིར་འཁོད་རྩོམ་ཡིག་གི་ལྟ་ཚུལ་གང་དག་ངེད་རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ངེས་པ་མེད་ལ། འདིར་རྩོམ་གྱི་གོ་རིམ་སྒྲིག་སྟངས་ནི་བགྲོ་གླེང་དངོས་ཀྱི་རྒྱན་ཤོག་གི་ཨང་རིམ་ལྟར་བཀོད་ཡོད། ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་རྩོམ་སྒྲིག་གི་བྱ་བའི་ཐད་ནས་ཞབས་ཞུ་བསྒྲུབས་ཁུལ་ཡིན་ཡང་། མ་རྟོགས་པའི་དབང་གིས་ལྷག་ཆད་ནོར་འཁྲུལ་སོགས་མ་རྩོམ་བསླད་པའི་ཆ་མཆིས་ཚེ་ཀུན་ལ་བཟོད་གསོལ་ཞུ།
ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་ལས་འཛིན་ལྷན་ཚོགས་ནས།སྤྱི་ལོ་༢༠༢༥ལོའི་ཟླ་བ་༥ཚེས་༢༣ཉིན།
