
ལི་ཝེར་གྱི་བྲག་བརྐོས་རི་མོ་ནི་གནའ་མི་རྣམས་ཀྱི་ཤེས་རབ་ཀྱི་རྩལ་དང་སོར་མོའི་རྩེ་ལས་ཐོན་པའི་བོན་ལུགས་ཀྱི་མ་རྒྱུད་རིག་གནས་ཀྱི་གནས་ཤུལ་གལ་ཆེན་ཞིག་ཡིན་པ་དེའི་བྲག་བརྐོས་རི་མོ་ལས་ཤེས་སླ་མོད། དེ་ཐོག་མར་དུས་ནམ་ཞིག་ལ་བརྐོས་གྲུབ་པའི་སྐོར་ལ་ཡིག་ཆ་གསལ་བོ་ཞིག་མཐོང་རྒྱུ་མ་བྱུང་། ཐ་ན་རྒྱལ་རོང་ནས་བོན་ལུགས་མ་རྒྱུད་ཀྱི་བསྟན་པ་སྤེལ་ནས་གནས་དེར་ཡུན་རིང་བཞུགས་མྱོང་བའི་གཤེན་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་ལས་ཀྱང་གསལ་བོ་བསྟན་མེད་ན་ཡང་། ལི་ཝེར་རི་ཁྲོད་ཀྱི་བྲག་བརྐོས་རི་མོའི་ནང་དོན་དང་གནའ་ཉམས། དེའི་སྐོར་གྱི་ངག་རྒྱུན་གྱི་གཏམ་རྒྱུད་མང་པོ་བཅས་གོང་བུ་གཅིག་ཏུ་སྒྲིལ་ནས་བལྟས་ན་ལི་ཝེར་རི་ཁྲོད་ཀྱི་བྲག་བརྐོས་རི་མོ་དེ་དག་གི་བྱུང་བ་དང་གཤེན་ཉི་མ་རྒྱལ་མཚན་བར་དུ་ཐད་ཀར་གྱི་འབྲེལ་བ་ཞིག་ཡོད་པ་གདོན་མི་ཟ། རྩོམ་པ་པོའི་ཞིབ་འཇུག་འདིས་ལི་ཝེར་བྲག་བརྐོས་རི་མོའི་ལོ་རྒྱུས་དང་། ནང་དོན། ལོ་ཚིགས་དང་བཅས་པའི་བརྗོད་བྱ་གལ་ཆེ་བ་རྣམས་ལ་གནད་དུ་འཁེལ་བའི་དཔྱད་བརྗོད་སྤེལ་ཡོད་པར་མ་ཟད། དེའི་སྔོན་གྱི་ཞིབ་འཇུག་ཏུ་དོ་སྣང་བྱུང་མེད་པའི་ནང་དོན་མང་པོ་ཞིག་ཀྱང་གསར་དུ་ཁ་བསྐངས་ནས་ཞིབ་འཇུག་བྱས་ཡོད་པས། འདི་ནི་ད་རག་བར་དུ་ལི་ཝེར་བྲག་བརྐོས་རི་མོའི་སྐོར་གྱི་ཞིབ་འཇུག་ཆེས་ཆ་ཚང་བ་དེ་རེད་ཅེས་བརྗོད་ན་ཆོག། ཞིབ་འཇུག་གི་གྲུབ་འབྲས་འདིས་བོན་ལུགས་མ་རྒྱུད་ཀྱི་གནའ་ཤུལ་རྙིང་པ་ཞིག་གི་རྣམ་པ་དང་དེའི་དོན་སྙིང་གསེད་དུ་བཀྲལ་བ་བརྒྱུད་དེ། ཤར་རྒྱལ་མོ་རོང་གི་ལྟེ་གནས་སུ་གྱུར་པའི་ཆུ་ཆེན་ཡུལ་གྱི་རིག་གནས་ཀྱི་ནང་དོན་རྒྱ་བསྐྱེད་ཅིང་རིན་ཐང་ཁ་ཇེ་གསལ་དུ་བཏང་ཡོད་པ་དང་། བྲག་བརྐོས་རི་མོ་ཞིབ་འཇུག་གི་ཁྱབ་ཁོངས་ཀྱི་རྒྱ་ཇེ་ཆེར་འགྲོ་བཞིན་པ་དེས་བོད་རིག་པ་ཞིབ་འཇུག་གི་གཞི་རྒྱ་ཇེ་ཆེར་བཏང་དང་གཏོང་བཞིན་ཡོད་པས་སྔར་བས་ཀྱང་དགེ་མཚན་ཆེན་པོ་ལྡན་ནོ།།