༢༠༢༤ལོའི་སློབ་གླིང་གི་ལོ་དེབ་འགྲེམ་སྤེལ།

[ཟླ་ཚེས། 2025-02-27 09:14:41][རྩོམ་པ་པོ། སློབ་གཙོ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ལོ་དེབ་《གངས་རྒྱལ་ཏི་སེ》སྤྱིའི་འདོན་ཐེངས་གཉིས་པ་འགྲེམ་སྤེལ་གནང་བ།

གླེང་གཞི།
   སྤྱིར་འཛམ་གླིང་གི་གོ་ལ་ཆེན་པོའི་ཡུལ་གྲུ་ཕྱོགས་སོ་སོར་ཤེས་རིག་གི་དཔལ་ཡོན་ཡར་ངོའི་ཟླ་དང་།  དབྱར་གྱི་ཆུ་གཏེར།  ནགས་ལ་མེ་དཔུང་མཆེད་པ་ལྟར་གནས།དེ་བཞིན་ད་ལྟ་རང་རེ་བོད་གངས་ཅན་གྱི་ལྗོངས་འདི་ལའང་།  ཐོས་བསམ་འཆད་ཉན་གནང་བའི་དགོན་སྡེ་ཁག་གི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟི་གནས་སོ་སོ་རུ།  ཐུན་མོང་མིན་པའི་ནང་བསྟན་རིག་གཞུང་གི་མདོ་སྔགས་རྫོགས་གསུམ་གྱི་བོན་དང་། ཐུན་མོང་གི་རིག་གནས་སྙན་ངག་དང་།  གསོ་བ་རིག་པ།  བཟོ་རྩལ་རིག་པ། གཙུག་ལག་རྩིས་ཀྱི་རིག་པ། བརྡ་དག་རིག་པ། ལོ་རྒྱུས་རིག་པ།  ས་ཁམས་རིག་པ།  སྐྱེ་དངོས་རིག་པ།  སེམས་ཁམས་རིག་པ།  ཚན་རིག་སྣེ་ཟིན་ཙམ་བཅས་འཕེལ་རྒྱས་འབྱུང་བཞིན་པའི་འོད་སྟོང་སྲིད་དུ་འབར་ནས་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་མིའི་བསམ་བློའི་གོ་རྟོགས་ཇེ་མཐོར་ཕྱིན་པའི་དུས་འདིར། ཤེས་ཡོན་པ་རྣམས་ཀྱིས་ང་ཚོའི་མ་འོངས་པའི་ཕྱི་རབས་པ་དག་ལ། རིག་གཞུང་དང་རིག་གནས་ཀྱི་འགག་གནད་རེ་རེ་བཀྲོལ་བའི་གསུང་གི་བསྟན་པ་རྗེས་བཞག་མཛད་པའི་གླེང་སྟེགས་ལྟ་བུའི་ལོ་དེབ་ཅིག་དགོས་མཁོ་ཆེ་སྟབས། སྤྱི་ལོ ༢༠༢༣ ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ངོས་ནས། སྣང་ཞིག་ཁྲི་ཆེན་རིན་པོ་ཆེ༧སྣང་སྟོན་རྒྱལ་བ་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག་ལ། རྩོམ་ཡིག་སྤེལ་སའི་ལོ་དེབ་དང་དེ་ལ་མཚན་ཞིག་གནང་བའི་སྙན་ཞུ་ཕུལ་བ་བཞིན། རིན་པོ་ཆེ་ཁོང་གིས་སྤྱིར་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་གནས། འཛམ་གླིང་གི་ཡུལ་དབུས། ཆུ་བོ་བཞི་འདུས་ཀྱི་འགོ་བོ། རིག་གཞུང་ཟབ་མོའི་དར་ཁུངས། བོན་གྱི་བསྟན་པའི་གྲོལ་ཕུགས་དེ་ནི། གངས་དཀར་ཏི་སེ་ནས་རླབས་རྒྱུན་བཞུར་བའི་དགོངས་གཞི་བླ་ན་མེད་པར་མཛད་ཅིང་། མུ་མཐའ་བྲལ་བའི་བཞེད་དོན་གཏིང་དཔག་དཀའ་བའི་ཐུགས་དགོངས་བཞེས་ཏེ།  སློབ་གླིང་གི་ལོ་དེབ་ལ《གངས་རྒྱལ་ཏི་སེ》ཞེས་མཚན་གསོལ་གནང་བའི་བཀའ་དྲིན་བསྐྱངས། དེ་ལྟར་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་མཚན་བཏགས་གནང་བའི་གངས་རྒྱལ་ཏི་སེའི་ལོ་དེབ་ནང་དུ། ལོ་རྒྱུས་སྲིད་པའི་རྡོ་རིང་། དཔྱད་རྩོམ་གསེར་གྱི་ཐིག་ཤིང་། ཤེས་རིག་གཏེར་གྱི་བང་མཛོད། མཚན་ཉིད་རིག་པའི་ཡང་བཅུད། སྙན་རྩོམ་ངག་གི་རོལ་དབྱངས། བསླབ་བྱ་ཕན་བདེའི་ལམ་སྟོན། ཆ་འཕྲིན་གསལ་བའི་མེ་ལོང་བཅས་རིགས་ཚན་བདུན་དུ་དབྱེ་ཤག་བྱས་ཏེ། ཤེས་རབ་དང་བློ་གྲོས་ཀྱིས་ཕྱུགས་པའི་མཁས་དབང་དག་ལ། རྩོམ་རིག་གི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་ཞིང་། རིག་གཞུང་དང་ཤེས་རིག་གི་སྟོང་ཆའི་ཁ་སྐོང་དང་། བསྟན་པ་ལ་གསལ་བྱེད་ནུས་པའི་རེ་བཞག་གི་འདུན་མའི་འོད་སྣང་དགུང་ལ་འཕྱོ་བར་སྨོན།
 སྤྱི་ལོ ༢༠༢༤ ཟླ ༡༢ ཚེས ༢༡ ཉིན་སློབ་གཙོ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་ནས་སློབ་ཁྲིད་ཐུན་མཚམས་སུ་བགྱིས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།