《སྤྲོས་མེད་པའི་གྲུབ་མཐའི་དཀའ་གནད་ཤན་འབྱེད》ཅེས་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2024-12-26 20:18:29][རྩོམ་པ་པོ། བོན་གྱི་བཤེས་གཉེན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《སྤྲོས་མེད་པའི་གྲུབ་མཐའི་དཀའ་གནད་ཤན་འབྱེད》ཅེས་པ་འགྲེམ་སྤེལ་བྱས།

  རྒྱ་ཆེའི་གཡུང་དྲུང་བོན་གྱི་གཞུང་ལུགས་ཟབ་མོའི་ཕྱི་ནང་གསང་གསུམ་ལ་ཚད་གསུམ་གྱིས་བདེན་པ་སྔོག་ཅིང་། ཐུགས་རྒྱ་གྲུང་པོའི་ཐོས་བསམ་གྱིས་སྡེ་སྣོད་གཞུང་བརྒྱའི་བོན་སྒོ་ལ་འཇུག་པའི་ཀློག་པ་པོ་རྣམ་པ་ཁམས་བཟང་། ད་ལན་གཤེན་རབ་མི་བོའི་བསྟན་པ་ལ་ཞབས་ཕྱི་དང་། ལྷག་དོན་དུ་བོན་ལུགས་སེམས་དཔའ་སྤྲོས་མེད་པའི་གཞུང་ལུགས་ལ་འཇུག་པའི་དགོན་སྡེའི་སློབ་གཉེར་བ་རྣམས་ཀྱི་ཐོས་བསམ་མཁའ་དབུགས་ཡངས་པོ་ཇེ་དྭངས་སུ་འགྲོ་བའི་ཐབས་སུ་དམིགས་ཏེ། བོན་གྱི་ཐེག་པ་རིམ་དགུའི་ནང་ཚན། རྒྱུ་ཡི་ཐེག་པ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་སྐོར་གྱི་ཆེད་རྩོམ་སྐོར་ཞིག་བསྡུ་བསྒྲིགས་བྱས་ཏེ། 《སྤྲོས་མེད་པའི་གྲུབ་མཐའི་དཀའ་གནད་ཤན་འབྱེད》ཅེས་པའི་དཔྱད་དེབ་འདི་དངོས་སུ་དཔར་སྐྲུན་བྱེད་ཀྱིན་ཡོད། དཔེ་དེབ་འདི་ནི་རྒྱུ་ཡི་ཐེག་པ་བཞི་བ་གཡུང་དྲུང་སེམས་དཔའི་དཀའ་གནད་སྐོར་ཏེ་ཐེག་ཆེན་སྤྲོས་མེད་པའི་ལྟ་སྒོམ་གྱི་རྣམ་བཞག ལོ་རྒྱུས་ཀྱི་འཕེལ་རིམ། གཞུང་གི་འགྲེལ་བ་སྟེ་སྡེ་ཚན་གསུམ་གྱིས་གྲུབ་པ་ཞིག་ཡིན་ལ། ནང་དོན་གྱི་ཐད་ནས་ཞང་བོད་ཤེས་རིག་གི་གཞུང་ལུགས་ཟབ་མོའི་བྱེ་བྲག སྒོ་བཞི་མཛོད་ལྔའི་ནང་གསེས། འཕན་ཡུལ་འབུམ་གྱི་དགོངས་དོན། ཐེག་པ་དགུ་ཡི་ཡ་གྱལ་ཏེ་གཡུང་དྲུང་སེམས་དཔའ་འམ་ལྟ་བ་མཐའ་བྲལ་དུ་སྨྲ་བའི་དབུ་མ་ཆེན་མོའི་ལྟ་བ་དང་སྤྱོད་པ་སྒོམ་རིམ་སོགས་ལས་གནད་དོན་ཁག་ཟུར་འདོན་གནང་བ་དང་། སྤྲོས་མེད་སྨྲ་བའི་ལྟ་བའི་འཕེལ་རིམ་དང་། དཀའ་གནད་རྣམས་ལུང་རིགས་ཟུང་འབྲེལ་དང་ཚད་མ་གསུམ་གྱི་སྒོ་ནས་ཁ་གསལ་གོ་བདེ་མཛད་ནས་གྲུབ་པའི་གལ་ཆེའི་རང་བཞིན་གྱི་རྩོམ་རིགས་རྐྱང་རྐྱང་ཡིན་པར་མ་ཟད། བརྗོད་བྱེད་ཀྱི་ཐད་ནས་ཐ་སྙད་བཙན་བསྒྲིགས་དང་བསྐྱར་འབྲི་ལད་ཟློས་སོགས་མ་ཡིན་པར་གཞུང་གི་གནད་དང་མཐུན་ཞིང་རིགས་པའི་འགྲོས་དང་མཐུན་པའི་སྒོ་ནས་དོགས་གནད་ཁག་ལ་ཚད་མ་གསུམ་གྱི་ལམ་ནས་དོགས་དཔྱོད་ཀྱིས་འགྲེལ་བཤད་ཚད་མེད་བསྐྱོན་པ་སྟེ། སྔོན་བྱུང་གི་རིག་གཞུང་རྨད་དུ་བྱུང་བ་མཁས་གྲུབ་སྔ་མའི་དགོངས་དོན་གཞིར་བཞག་པའི་སྟེང་རང་གི་ཤེས་རབ་ཀྱི་རྩལ་ལས་བསྐྲུན་ཏེ་ལེགས་ཆ་གསལ་སྟོན། གབ་པ་མངོན་གསལ། འཐོར་བ་བསྡུད་པ། རགས་པ་ཞིབ་འགྲེལ་སོགས་ལས་གྲུབ་པའི་བརྩམས་ཆོས་རྐྱང་པ་ཞིག་ལགས་སོ། །



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།