《ཁྱད་འཕགས་དབུ་མ་ཆེན་མོའི་དགོངས་རྒྱན་འོད་ཀྱི་གཟེར་མིག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2024-12-20 15:46:26][རྩོམ་པ་པོ། ཁྲོ་རྒྱལ་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《ཁྱད་འཕགས་དབུ་མ་ཆེན་མོའི་དགོངས་རྒྱན་འོད་ཀྱི་གཟེར་མིག》ཅེས་པ་འགྲེམ་སྤེལ་བྱས།
ཐོས་པའི་བློ་མིག་མ་འབྱེད་ན། །ལོང་བའི་ལག་ཏུ་ཟ་འོག་འདྲ། །
བསམ་པའི་གནད་རྩ་མ་ཁྲོལ་ན། །ན་ཆུང་བྱིས་པའི་ལྒང་རྩེ་འདྲ། །
སྒོམ་པའི་རང་རྒྱུད་མ་ཁྲོལ་ན། །སྲིན་བུ་དག་ལ་སྤུ་སྐྱེས་འདྲ། །
བླང་དོར་ལེགས་ཉེས་མ་ཤེས་ན། །མི་ལུས་ཐོབ་ཀྱང་དུད་འགྲོ་འདྲ། །
སྙིང་ཉེ་གཞུང་དྲང་གི་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་། ད་ཐེངས་གུས་པ་རང་གིས་མི་ལོ་དུ་མར་དཔེ་ཀློག་གི་ལམ་བུར་སྙེག་སྟེ་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་གདམས་ངག་གི་ཉིང་བཅུད་རོལ་ཞིང་། སློབ་གྲོགས་རྣམ་དཔྱོད་ཅན་རྣམས་དང་ལྷན་འགྲོག་བར་གསེང་གི་དུས་ཚོད་སྟེ། སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་འཕེལ་བའི་དུས་འདིར་བདག་གིས་ཀྱང་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་བཞིན་བསམ་སྦྱོར་རྣམ་དག་གིས་དེབ་ཆུང་ཞིག་བསྐྲུན་པ་ལགས་ན། བྱ་ཕྲན་རྣམས་ཀྱིས་གཤོག་རླབས་བསྐོར་བྱས་ཀྱང་། །རྩི་ཤིང་ནགས་ཚལ་ཁ་ལས་འཕགས་མི་ནུས། །ཞག་དང་ཟླ་བར་གྲངས་དང་ཕྲུ་གུས་གཤོག་མི་ཐེག །གསུངས་པ་བཞིན་བློ་སྟོབས་དམན་ལ་བརྩོན་འགྲུས་ཆུང་བའི་རང་ཉིད་ལ་ཕྱོགས་ཡོངས་ནས་མི་འཇོན་ས་མང་དུ་ཡོད་པ་ངང་གིས་ངེས། འོན་ཏེ་ཕྲན་ཆུང་བདག་གི་རེ་སྨོན་ཇི་བཞིན་དུ། དགེ་རྒན་དང་དགེ་བཤེས་གྲོགས་མང་པོ་ཞིག་གིས་ཐུགས་གཟིགས་དང་རམ་འདེགས་འོག་ནས་དེབ་ཆུང་《ཁྱད་འཕགས་དབུ་མ་ཆེན་མོའི་དགོངས་རྒྱན་འོད་ཀྱི་གཟེར་མིག》ཅེས་པ་འདི་ལེགས་འགྲུབ་བྱུང་ནས་པར་སྐྲུན་འགྲེམ་སྤེལ་བྱེད་བཞིན་ཡོད། སྤྱིར་བདག་གིས་རྩོམ་ཆུང་འདིའི་ནང་དུ་རང་ལུགས་ཀྱི་བཀའ་ལུང་དྲི་མ་མེད་པ་དག་ལུང་དྲངས་མང་དུ་བྱས་ཡོད་ཀྱང་། དུས་སྐབས་འདིར་ཧ་ཅང་ཡོངས་གྲགས་ཀྱི་གཞུང་ལུགས་དག་ཆེར་དྲངས་མེད། ལུང་དྲངས་པ་དག་ཀྱང་རང་དང་རང་ལྟར་བློ་གྲོས་དམན་པའི་རིགས་ལ་ཅུང་ཟད་ཕན་པའི་ཕྱིར་དུ་ལེའུ་སོགས་གསལ་ཁ་གཏོད་ཅི་ཐུབ་བྱས་ཡོད།
ཅེས་རྩོམ་པ་པོ་ནས།
གཞུང་འདིའི་བྱེད་པོ་དགེ་བཤེས་ཁྲོ་རྒྱལ་གཡང་མཆོག་གི་ངོ་སྤྲོད་མདོར་བསྡུས།
འཁྲུངས་ཡུལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ནགས་མདོ་ཤང་སྟེ་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྫ་ཁྲོ་ཚང་དགོན་གྱི་ལྷ་སྡེ། འཁྲུངས་ལོ། ༡༩༩༦ལོ། སྐྱེས་མིང་། རྒྱལ་མཚན་དཔལ་ལྡན། དྲ་མིང་། ཁྲོ་རྒྱལ་གཡང་། ཚུལ་མིང་། ཡེ་ཤེས་བསྟན་འཛིན། སློབ་གླིང་། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་། ཡོན་གནས། དྲང་སྲོང་དང་བཀའ་རམས་པ། སྦྱོང་བྱ། གངས་ཅན་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལྔ་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་གཞུང་ཆ་ཚང་། བརྩམས་ཆོས། 《ཁྱད་འཕགས་དབུ་མ་ཆེན་མོའི་དགོངས་རྒྱན་འོད་ཀྱི་གཟེར་མིག》དང་དུས་དེབ་དང་དྲ་ལམ་སོགས་སུ་དཔྱད་རྩོམ་འདྲ་མིན་སྣ་ཚོགས་ཡོད། ཐུན་མིན་གྱི་ཁྱད་ཆོས། རིག་པ་རྣོ་ཞིང་སྡུག་རུས་ཆེ་བ། དད་པ་དང་དག་སྣང་ཆེ་བ། སྙིང་རྗེ་དང་བྱམས་སེམས་ཆེ་བ། དྲང་བདེན་གྱི་ལས་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་རྒྱུ་བཅས་སོ། ། ཁོང་གི་གྲོགས་མཆོག་བེ་རི་དགེ་བཤེས་འོད་གསལ་ཟླ་བ་ནས་༢༠༢༤/༡༢/༡༢ཉིན་རང་བཞིན་དྲང་བརྗོད་དུ་བྲིས་པའོ། །