གཉན་རོང་ཆབ་མདོ་དགོན་གྱི་ལོ་དེབ《གཏམ་ཚོགས་གསལ་བའི་བང་མཛོད》པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2024-01-08 13:20:42][རྩོམ་པ་པོ། དགེ་བཤེས་གཡུང་དྲུང་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གཉན་རོང་ཆབ་མདོ་དགོན་གྱི་ལོ་དེབ《གཏམ་ཚོགས་གསལ་བའི་བང་མཛོད》པར་སྐྲུན་འགྲེམ་སྤེལ་བྱས།


སྔོན་གླེང་དུང་གི་སྒྲ་དབྱངས།

  འཛམ་གླིང་གི་ཡང་རྩེར་འགྱིང་བའི་རི་བོ་ཁ་བ་གངས་ཀྱི་རུམ་ན་ས་སྐྱེས་རྡོ་སྐྱེས་སུ་གནས་པའི་གནའ་བོ་ཞང་ཞུང་གི་ཤེས་རིག་སྟེ། དམུ་རིགས་གཤེན་གྱི་གདུང་འཛིན་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོ་ཆེས་སྲོལ་མཛད་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད། ལོ་རྒྱུས་ཀྱི་འགོ་ཁུངས་ཕུ་ཐག་རིང་ལ། མེས་པོའི་གཟི་མདངས་ལྡན་ཞིང་འགྲོ་བ་ཐ་དག་ལ་ཕན་རླབས་ཆེ་བའི་སྨན་མཆོག་རྣམ་པར་རྒྱལ་བ་ལྟ་བུ་ཡིན་མོད་ཀྱང་། དུས་འགྱུར་དབང་གིས་ཉམས་གུད་དང་སྐྱིད་སྡུག་འཕེལ་འགྲིབ་སོགས་བརྗོད་མི་ཚར་བའི་གོད་ཆགས་བྱུང་མྱོང་། ད་ཐེངས་ཞང་བོད་ཀྱི་རིག་གཞུང་དང་ཤེས་རིག་སྒྱུ་རྩལ་སོགས་བདེན་དོན་གྱི་ལམ་ཁ་དང་གདེང་འཇོག་ཡང་དག་བྱེད་བཞིན་པའི་སྒང་འདིར་ངེད་ཨ་གྲགས་ཆབ་མདོ་དགོན་ནས་《གཏམ་ཚོགས་གསལ་བའི་བང་མཛོད》འདོན་ཐེངས་ལྔ་པ་འདིས། དེང་རབས་བཅུ་ཕྲག་རིག་པའི་གནས་ཀུན་སྒྱུ་རྩལ་གྱི་ལམ་ནས་རང་རེས་གཞོན་སྐྱེས་རྣམས་ལ་བློ་སྐྱེད་གསར་པ་སྤྲོད་པ་དང་། །ཞང་བོད་རིག་གནས་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་ལམ་བཟང་པོ་ཞིག་ལ་དམིགས་ཏེ། ལོ་རྒྱུས་དང་། དཔྱད་རྩོམ། ཤེས་རིག སློབ་གསོ། སྙན་རྩོམ། འོས་སྦྱོར། དམངས་ཁྲོད། གསར་གནས་བཅས་ལ་སྣ་མང་ལོངས་སྤྱོད་འཛོམས་པའི་གར་སྟེགས་ཤིག་མཚོན་ན་སྙམ་པའི་ལོ་དེབ་འདི་ཉིད་འགྲེམ་སྤེལ་བྱེད་མུས་ལགས་པས། བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་དང་མཚུངས་པའི་ས་བཅད་བརྒྱད་ལྡན་འདིའི་ནང་ཚིག་གི་བཅོད་མཚམས་དང་བརྡ་དག་བཅས་མཐོང་བྱེད་མིག་གི་བར་སེང་ནས་ཤོར་བ་དང་ལུས་པ་སོགས་སྐྱོན་དང་ནོར་བ་ཇི་སྙེད་ཅིག་ཡོད་སྲིད་པས་རྒྱ་ཆེའི་གཟིགས་མོ་བ་རྣམས་ལ་གཟོད་གསོལ་ཞུ་རྒྱུ་དང་། འདིར་བཀོད་པའི་རྩོམ་རིགས་རྣམས་རྩོམ་པ་པོ་རང་རང་གི་ལྟ་ཕྱོགས་ལས་རྩོམ་སྒྲིག་ཚོགས་པའི་དམིགས་ཡུལ་དང་ལྟ་བ་མཚོན་ཐུབ་པའི་ངེས་པ་མེད། དེབ་འདི་ཞང་བོད་ཤེས་རིག་ལ་ཁ་ཕྱོགས་ཤིང་མེས་པོའི་སྲོལ་བཟང་དར་སྤེལ་གང་ལེགས་ཡོང་བའི་དམིགས་འདུན་གཙོས་ཕན་མེད་གནོད་སྐྱོན་དང་བརྐུ་བཤུས་སོགས་བྱེད་མི་ཆོག རྩོམ་པ་པོ་ཀུན་གྱིས་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཁ་དགེ་བཀྲ་ཤིས་ཤོག་ཅེས་སྨོན་འདུན་ལན་བརྒྱར་ཞུའོ། །

དགེ་མིང་གཡུང་དྲུང་བསྟན་འཛིན་གྱིས་རང་ཤག་ཏུ། ༢༠༢༣/༡༢/༡༩ཉིན་བྲིས།







 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།