«བོན་གྱི་འབྱུང་རྩིས་མཁས་གྲུབ་དགྱེས་བྱེད་རིག་གཏེར་གཟི་མིག་དྭངས་མོ»ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2023-08-03 10:03:37][རྩོམ་པ་པོ། རྒོད་སྲས་ཤེལ་ཞིག་ནམ་མཁའ་རྒྱལ་མཚན་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྒོ་འབྱེད་འཚོགས་གནས། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་སྒང་རུ་དར་རྒྱས་དཔལ་གཤེན་བསྟན་གཡུང་དྲུང་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ།



དྲིན་ཅན་རྩ་བའི་བླ་མ་མེ་སྟོན་འཆི་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱིས་རྟེན་འབྲེལ་དབུ་འབྱེད་གནང།


གདན་ཞུས་སྐུ་མགྲོན་རྣམས་དང་གལ་ཆེ་བའི་མི་སྣ་སྐོར་ཞིག་ལ་གསུང་རྩོམ་རེ་མཆོད་པ་འབུལ་རྒྱུ།

དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་ལགས་ཀྱིས་མཛད་སྒོ་དང་བསྟུན་ནས་གསུང་བཤད་གནང་བ།

རྩོམ་པ་པོའི་སློབ་དཔོན་དམ་པ་གངས་ལྗོངས་གཡུང་དྲུང་བོན་བཤད་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཁྱུང་ཚུལ་ཁྲིམས་གཙུག་ཕུད་རིན་པོ་ཆེས་མཛད་སྒོ་འདི་དང་བསྟུན་ནས་གསུང་བཤད་གནང་བ།

རྒོད་སྲས་ཤེལ་ཞིག་ནམ་མཁའ་རྒྱལ་མཚན་ལགས་ཀྱིས་རང་རྩོམ་«བོན་གྱི་འབྱུང་རྩིས་གཟི་མིག་དྭངས་མོའི་»༼སྟོད་ཆའི༽བརྒྱུད་རིམ་དང་འབྲེལ་བའི་གསུང་བཤད་གནང་བ།

དགེ་བཤེས་ཁྲི་བཙུན་ཚུལ་བསྟན་ལགས་ཀྱིས་མཛད་སྒོ་འདི་དང་འབྲེལ་བའི་གསུང་བཤད་གནང་བ།




མདོ་འཛིན་པ་གྲྭ་བཙུན་ཚེ་བརྟན་དོན་འགྲུབ་ལགས་ཀྱིས་འཇུག་བསྡུས་ནས་ཚོགས་མི་ཡོངས་ཀྱིས་བསྟན་རྒྱས་སྨོན་ལམ་གསུངས་ཏེ་ཚོགས་མི་ཡོངས་ཀྱི་མཉམ་པར་བླངས་པ།

«བོན་གྱི་འབྱུང་རྩིས་མཁས་གྲུབ་དགྱེས་བྱེད་རིག་གཏེར་གཟི་མིག་དྭངས་མོ»ཞེས་པའི་དཔེ་དེབ་ཀྱི་སྔོན་གླེང་།

  འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས།། རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར།། རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས།། དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ཏེ།། ཞེས་གསུངས་པ་བཞིན་དུ་འཚེ་མེད་ཞི་བདེའི་དེད་དཔོན་ནང་བསྟན་རིག་པའི་སྒྲོན་མེ་རྣམ་འདྲེན་བརྒྱད་པ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེས་མདོ་སྔགས་རྫོགས་གསུམ་ཀྱི་བསྡུས་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་རྩ་བ་འཆད་རྩོད་རྩོམ་གསུམ་ལ་ཐུག་ཡོད་པ་དངོས་སུ་གསུངས་པ་ལྟར། སྐབས་འདིར་རྣམ་དཔྱོད་ཤེས་རབ་ཀྱི་གཤོག་རྩལ་རྒྱས་ཤིང་སྒམ་བརླིང་དཀྱེལ་ཡངས་ཀྱི་ཐུགས་སྟོབས་མངའ་བའི་སྐྱེས་བུ་ཞིག་སྟེ། སྟག་གཟིག་གདུང་རྒྱུད་ཆེ་དྲུག་གི་ཡ་གྱལ་རྒྱ་ཧ་ཤང་རྒོད་གསས་ཀྱི་རིགས་རུས་ཅན། སྤྲུལ་བའི་སྐུ་མཆོག་རྒོད་སྲས་ཤེལ་ཞིག་ནམ་མཁའ་རྒྱལ་མཚན་མཆོག་གིས་མཁས་བྱ་གསུམ་གྱི་འཇུག་སྒོ་ཡངས་པོར་ཕྱེས་ཤིང་ཐོས་རྟོགས་གོམས་པའི་རྣམ་དཔྱོད་རབ་ཏུ་རྒྱས་ཏེ་བོན་གྱི་འབྱུང་རྩིས་མཁས་གྲུབ་དགྱེས་བྱེད་རིག་གཏེར་གཟི་མིག་དྭངས་མོ་ཞེས་པའི་གཙུག་ལག་རྩིས་ཀྱི་རིག་པའི་གཞུང་འགྲེལ་ཞིག་བརྩམས་ཡོད་ལ། དེ་ལྟ་བུའི་རྩོམ་པ་ཁོང་ཉིད་གངས་ཅན་བོད་ཀྱི་ཡུལ་དབུས་སུ་གཏོགས་པ་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྗོང་སྒང་རུ་ཞེས་པའི་ས་ལ་དགེ་བཅུ་ཚང་བའི་ཡུལ་དུ་སྔོན་བྱོན་སྐྱེས་བུ་དམ་པའི་ལུང་གིས་ཟིན་ཞིང་། ཕྱི་རབས་སྐལ་ལྡན་སྐྱེས་བུ་རིམ་བཞིན་བྱོན་པའི་རིགས་རུས་གཙང་མ་གུ་ཡ་ཤེལ་ཞིག་ཚང་ཞེས་པའི་ཁྱིམ་དུ་བོད་རབ་བྱུང་བཅུ་བདུན་པའི་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ལོ་སྟེ། སྤྱི་ལོ༡༩༩༤ལོར་ཡབ་ཤེལ་ཞིག་བསྟན་པའི་ཉི་མ་དང་། ཡུམ་མཛོ་བཟའ་རྣམ་རྒྱལ་གཡང་འཛོམས་གཉིས་ཀྱི་སྲས་སུ་སྐུ་མཆོག་ཟླ་བའི་ལང་ཚོ་མངོན་པར་བཞད། དེ་བཞིན་དམ་པ་ཁོང་ཉིད་དགུང་ལོ་བདུན་གྱི་སྟེང་དུ་སྔོན་བྱོན་བླ་མ་གོང་མའི་གདན་ས་ཤེལ་ཞིག་བླ་བྲང་དུ་ཡབ་དང་ཨ་ཁུའི་མདུན་ནས་རིག་གནས་ཀུན་ཀྱི་རྨང་གཞི་འཕྲུལ་ཡིག་བཞི་བཅུ་ཀློག་སློབ་པའི་དབུ་བཟུང་བ་དང་། ས་གནས་སྲིད་གཞུང་གི་སློབ་ཆུང་ལ་ཕེབས་ཏེ་སྐད་ཡིག་རིག་གནས་ལ་སློབ་མཐར་ཕྱིན་པར་བྱས། འབིས་ཚང་རིག་འཛིན་དབང་རྒྱལ་དང་གནས་མཆོག་ཕུག་ལེབ་རི་ཁྲོད་དུ་གོ་ན་དགེ་སློང་འཁོར་འདས་རང་གྲོལ་་དང་སྦྲ་ཆེན་ཚེ་དབང་བསྟན་རྒྱ་རྣམ་གསུམ་གྱི་མདུན་ནས་ཞང་བོད་ཀྱི་ཡིག་གཟུགས་དང་རིག་གནས་སྐོར་སོགས་ལོ་དགུའི་ལམ་ལུགས་ཇི་བཞིན་སྦྱངས་ཏེ་༢༠༠༧ལོར་གསེར་གཡུ་མདོའི་དབུ་མཛད། མགར་ཆུང་བཟོད་པའི་མདུན་ནས་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་དུ་མ་ཞིག་གསན་སྦྱོང་གནངས་ཤིང་། ལྷག་ཏུ་མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནང་གི་རྔ་རྡུང་གཙོས་པའི་བཅའ་ཐབས་དང་བཅས་པ་ལེགས་པར་སྦྱོང་ཏེ་ཐུན་མོང་རིག་གནས་སྐོར་ལ་གསན་བསམ་ཡང་དག་གནང་།

  དེ་ནས་དགུང་ལོ་བཅུ་གསུམ་སྟེང་དུ་མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དུ་མེ་སྟོན་གནམ་ལྷ་རིན་པོ་ཆེའམ་ལྷུན་འགྲུབ་རྒྱལ་མཚན་མཆོག་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་གནད་དུ་སྨིན་པར་བྱས། དེ་བཞིན་དལ་འབྱོར་དོན་ཡོད་བྱ་དགོས་པའི་ཐུགས་འདུན་གཙང་མ་རྒྱུད་ལ་སྐྱེས་ཏེ་མེ་སྟོན་རི་ཁྲོད་ཀྱི་བཤད་གྲྭར་ཞུགས་ཤིང་རྒྱལ་བ་སྨན་རིའི་དགེ་བཤེས་གཡུང་དྲུང་བློ་གྲོས་གྲོས་རབ་གསལ་མདུན་དྲུང་དུ་ཐུན་མོངས་ཀྱི་རིག་གནས་དང་། ཐུན་མོང་མ་ཡིན་པའི་གཞུང་ཆེན་སྡུས་གྲྭ་ནས་གཞུང་ཕར་ཕྱིན་བར་དུ་སློབ་སྦྱོང་གང་ལེགས་བྱས་པ་དང་། སྤྱི་ལོ༢༠༡༥ལོར་སླར་ཡང་ཁོང་གིས་དལ་འབྱོར་དོན་ཡོད་དང་མི་ཚེ་ཐོས་བསམ་གྱིས་སྐྱེལ་དགོས་པའི་ཐུགས་ཐག་རྦད་ཀྱིས་བཅད་དེ། རྗེ་སྨན་རི་བའི་གསུང་པ་བཞིན་དུ་རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ནི་ཡང་དག་པའི་དོན་སྤྱི་འཆར་དཀའ་སྟེ། ལོང་བ་ལྷ་ཁང་དུ་ཕྱིན་ནས་ལག་ཏུ་རྫས་ཁྲ་བོ་གཏད་པ་དང་མཚུངས་སོ་ཞེས་པ་བཞིན། མཁས་པ་ཡོན་ཏན་གྱིས་མི་ངོམས་པའི་གདམས་དོན་ཐུགས་ལ་འཁྲུངས་ནས་དེང་གི་དུས་འདིར་གཡས་རུ་དབེན་ས་ཁ་གཉིས་པ་རུ་ཡོངས་སུ་གྲགས་པའི་འདུས་སྡེ་ཆེན་མོ་མདོ་སྨད་སྣང་ཞིག་དགོན་དུ་ཕེབས་ཏེ། མདོ་སྔགས་ཉི་ཟླ་ཤར་བའི་གནས་མཆོག་བཅུ་རིག་པད་ཚལ་བཞད་པའི་སྡིངས་ཆ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་དངོས་ཞུགས་བྱས་ཏེ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཚུལ་བཞིན་བསྟེན་ནས། མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པའི་གཞུང་ཆེན་ཀུན་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་བརྩོན་པ་དྲག་པོ་བྱས་ཏེ། མ་ཡུམ་སློབ་གླིང་ཆེན་མོའི་སྒྲིགས་གཞི་ལྟར་གཞུང་ཆེན་ཡིག་རྒྱུགས་སྐབས་སུ་མཐོ་རིམ་སློབ་མ་ཡོངས་ཀྱི་གྲས་ནས་ཁོང་གིས་ཨང་གཉིས་པའི་དངུལ་གྱི་བྱ་དགའ་ཐོབ་པ་དང་། ལོ་ངོ་དུ་མར་དགོངས་པ་དགོངས་ཤོག་གང་ཡང་མ་ཞུས་པའི་གཟེངས་རྟགས་མང་པོ་ཐོབ་མྱོང་ཡོད། ལྷག་པར་སློབ་གླིང་གི་གཞུང་ཁྲིད་ཡིག་ཆ་དུ་མ་ཞིག་ངག་རྒྱུགས་སུ་ཕུལ་ཏེ་དགེ་སློབ་བརྒྱ་ཕྲག་མང་པོས་ནང་གི་རྣམ་དཔྱོད་ཤེས་རབ་ཀྱི་དབལ་སོ་རྣོ་ཞིང་ཕྱི་ཡི་ཞི་དུལ་བག་ཡོད་ཀྱི་ཀུན་སྤྱོད་ལེགས་པའི་བསྟོད་བསྔགས་དང་། ཐོས་པ་ཐུགས་སུ་སྨིན་ཞིང་བརྩོན་པ་ལྷོད་མེད་བྱས་པའི་ཡི་རངས་བརྒྱ་དང་སྨོན་པ་སྟོང་གི་མེ་ཏོག་ཡང་ཡང་ཕུལ་དང་འབུལ་གྱིན་འདུག དེ་བཞིན་གཞུང་འདི་རྩོམ་པ་པོ་ཤེལ་ཞིག་ནམ་མཁའ་རྒྱལ་མཚན་ནི་དུས་རབས་འདི་ལ་སྤྱིར་བཏང་གི་བླ་སྤྲུལ་གྱི་ཆོ་ལོ་ཐོགས་པའི་མི་ཆེན་ག་གེ་མོ་འགའ་དང་གཏན་ནས་མི་མཚུངས་པར། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། བོན་སྒོ་ཐེག་རྒྱུད་གང་གི་སྒོར་འཇུག་ཀྱང་།། དང་པོ་ཐོས་བསམ་རྒྱུད་ལ་མ་སྦྱང་ན།། ཐོས་པ་ཕྱི་ཡི་སྒྲོ་འདོགས་མ་ཆོད་ནས།། བོན་རྣམས་བླུན་པོའི་ལག་ཏུ་གསེར་རྙེད་འདྲ།། གསེར་དང་ས་རྡོ་བོང་བ་ངོ་མི་ཤེས།། ནམ་ཡང་ཐམས་ཅད་སེར་པོ་འདུག་པ་ལ།། གང་གི་དོན་བྱེད་ནུས་སམ་ཡིད་ལ་མེད།། སེར་པོ་ཐམས་ཅད་སྙིང་པོ་གཅིག་པར་བསམ།། དེ་ཕྱིར་ཐོས་བསམ་རྒྱུད་ལ་སྦྱོང་པར་གཅེས།། ཞེས་གསུང་པ་བཞིན་དུ་ཁོང་གིས་འཆད་ར་ཆེན་མོའི་ཁོར་ཡུག་ནས་ ཀླུ་དགྱེས་པའི་ངོ་མཚར་རྨད་བྱུང་གི་རྟགས་མཚན་མང་རབས་དང་། སློབ་པའི་སྐབས་སུ་བོན་ཀུན་མ་བསླབ་རང་རྡོལ་དུ་མཁྱེན་པའི་མངོན་ཤེས་ཡོད་རབས་སོགས་འཇིག་རྟེན་ལས་འདས་པའི་ངོ་མཚར་གྱི་སྐད་ཆ་བརྗིད་པོ་ང་ལ་ཅི་ཡང་ཞུ་རྒྱུ་མེད་མོད་ཀྱང་། ངས་༢༠༡༥ལོར་ཁོང་ཉིད་ངོ་ཤེས་པ་ནས་ཁོང་ལ་ལྷན་སྐྱེས་ཀྱི་ཤེས་རབ་མྱུར་བ་དང་། བརྩོན་སེམས་ཀྱི་ཐུགས་སྟོབས་བརྟན་པ། གཞན་ཕན་གྱི་ལྷག་བསམ་གཙང་བ། བཅོས་མིན་གྱི་ཀུན་སྤྱོད་ལེགས་པ་སོགས་སྤྱོད་པ་མི་དང་བསྟུན་ཞིང་ཞི་དུལ་བག་ཡོད་མངའ་བའི་ཡོན་ཏན་གཤིས་སུ་གྲུབ་པ་ཐོལ་གྱིས་སྨྲ་སྤོབས་པ་ཡིན། དེ་ནི་ངས་རྩོམ་པ་པོ་ཁོང་ཉིད་གླེང་སྟེ་ཁོང་ཉིད་ངོ་སྤྲོད་ཙམ་ཞིག་ཞོར་དུ་ཞུས་པ་ཡིན་ལ།

  ད་ནི་ཐེངས་འདིར་གླེང་འོས་པའི་ཁོང་གི་རྩོམ་དེབ་བོན་གྱི་འབྱུང་རྩིས་མཁས་གྲུབ་དགྱེས་བྱེད་རིག་གཏེར་གཟི་མིག་དྭངས་མོ་ཞེས་པ་གླེང་འདོད་པའོ།།དེ་ཡང་གནའ་དེང་གི་མཁས་པ་མང་པོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀུན་ལ་དངོས་འགྲེལ་དང་ཡང་འགྲེལ་མང་པོ་བརྩམས་དང་རྩོམ་གྱིན་ཡོད་པ་ལ་སོ་སོའི་ཐད་ནས་ཆེ་བ་དང་དགེ་མཚན་ཅི་རིགས་རེ་ཡོད་ངེས་པའི་ཡིད་ཆེས་ཡོད། དེ་བཞིན་ཤེལ་ཞིག་ནམ་མཁའ་རྒྱལ་མཚན་གྱིས་བརྩམས་པའི་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་གི་འགྲེལ་བ་བོན་གྱི་འབྱུང་རྩིས་གཟི་མིག་དྭངས་མོ་ཞེས་པ་འདི་ལ་ཡང་ཐུན་མོང་མ་ཡིན་པའི་དགེ་མཚན་ཡོད་པ་སྨྲོས་མ་དགོས་པ་རེད། དེ་ནི་ཕྲན་གྱིས་རྩོམ་པ་པོ་ཁོང་གི་རེ་བ་ལྟར་དབུ་ནས་མཇུག་བར་དུ་བསྟར་ཆགས་སུ་ཐེངས་གཅིག་བཀླགས་པ་ཡིན་ལ། རྩོམ་ཡིག་དེ་ལ་རང་སྟོབས་ཀྱི་ཆ་དང་ཐུན་མིན་གྱི་ཁྱད་བོན་མང་པོ་ཡོད་པར་མཐོང་། དཔེར་ན་འབྱུང་རྩིས་ཀྱི་བྱུང་ཁུང་དང་། ལོ་སྐོར་རེ་རེའི་ལོ་རྟགས་བྱུང་ཚུལ། བྱུང་བའི་དགོས་པ། གཟའ་སྐར་སྤར་སྨེ། ལོ་ཟླ་དུས་ཞག་འཁོར་ཚུལ་སོགས་སྟོན་པ་སངས་རྒྱས་གཤེན་རབ་ཀྱི་བཀའ་དྲི་མ་མེད་པ་ཀུན་འབུམ་ཁྲ་བོ་དང་། དྲི་མེད་གཟི་བརྗིད། དྲི་མེད་རྩ་མདོ། གནམ་ས་སྣང་བརྒྱད། སྲིད་པའི་མཛོད་ཕུགས་སོགས་གཙོས་པའི་ཚད་ལྡན་ཁུངས་ཐུབ་ཀྱི་གཞུང་ལ་རྒྱབ་རྟེན་བྱས་ཡོད་པ་དང་། དེའི་སྟེང་དུ་རང་གཞན་ཀུན་ཀྱི་མཁས་པའི་བཞེད་སྲོལ་དང་རྩོམ་པ་པོ་རང་གིས་དཔྱད་འབྲས་སོགས་ཁ་གསལ་དོན་གསལ་གྱིས་བཀོད་པའི་ཆེ་བ་ཡོད་ལ། ད་དུང་འབྱུང་ལྔ་མཛུབ་རིས་ལ་བཀོད་པའི་དཔེ་རིས་འབྱུང་བ་རེ་རེའི་དབྱིབས་གཟུགས་དང་གཟའ་སྐར་སྤར་སྨེའི་སྐུ་བརྙན་གྱི་རི་མོ་སོགས་གསལ་བཤད་དང་བཅས་བཀོད་པ་མ་ཟད། དཔེར་ན་མ་བུ་དགྲ་གྲོགས་སོགས་བརྩི་བའི་སྐབས་སུ་གཡས་གཡོན་ལ་བསྐོར་ཐབས་སོགས་ཀྱང་དེང་གི་རིག་ལམ་དང་བསྟུན་པའི་ཕྱོགས་སྟོན་རི་མོ་བཅས་ཤིན་ཏུ་གསལ་བོ་བྲིས་ཡོད་པ་དེས། འབྱུང་རྩིས་ལ་འཇུག་པ ཡོད་པས་གོང་གི་མཚན་ཉིད་དེའི་དགོངས་དོན་ཡང་དེ་ལྟ་བུར་བཞག་ན་རང་ལུགས་འཐད་ལྡན་ཡིན་པར་ལོས་ཡིན་སྙམ་གྱིན་ཡོད།

  ད་དུང་གསལ་བཤད་དགོས་ངེས་ཀྱི་རིགས་ལ་སྤར་ཁ་དང་སྨེ་བ་ལྟ་བུ་རྒྱ་བོད་གཉིས་ལ་ཇི་ལྟར་བྱུང་ཚུལ་དང་རང་གཞན་ཀུན་ཀྱི་མཁས་པའི་འདོད་སྟངས། རྒྱ་བོད་གཉིས་ཀྱི་ཤོད་སྲོལ་སོགས་གསལ་བོར་བྱས་ཡོད་པ་དང་། ལོ་རྒན་དྲུག་ཅུ་དང་། ལོ་ཟླ་ཞག་གྲངས། དུས་ཚོད་འཁོར་ཚུལ། གཟའ་སྐར་ཚེས་ཚུལ་སོགས་ལ་རེ་རེ་བཞིན་རེའུ་མིག་དང་བཅས་ཏེ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་བཀོད་ཡོད་པ་ནི་ཁོང་གིས་གཞུང་འདི་བརྩམས་པའི་ཐུན་མིན་གྱི་ཁྱད་བོན་ཞིག་ཏུ་ངོས་འཛིན་ཆོག་པར་སྙམ།

  སྤྱིར་བཏང་རྩོམ་པ་པོ་ཁོང་གིས་ནག་རྩིས་སྣང་སྲིད་མེ་ལོང་གི་འགྲེལ་བ་ཆ་ཚང་ཞིག་བརྩམ་པའི་འཆར་གཞི་བཏང་སྟེ་ཕལ་ཆེར་བྲིས་ཡོད་མོད་ཀྱང་། ད་ཐེངས་དུས་ཚོད་ཀྱི་རྐྱེན་དབང་དང་། ཁོང་ཉིད་མཚན་ཉིད་ཆེད་སྦྱོང་གི་སྒྲིག་ཁོངས་སུ་ཞུགས་ཏེ་གཡུང་དྲུང་བོན་བཤད་བཤད་སྒྲུབ་སློབ་གླིང་གི་སྔགས་རྫོགས་འཛིན་གྲྭ་རུ་སླེབས་ནས་དཔེ་ཀློག་དང་སྒྲིབ་སྦྱོང་གི་དུས་ཚོད་བྲེལ་བ་སོགས་ཀྱི་དབང་གིས་ཐེངས་འདིར་བོན་གྱི་འབྱུང་རྩིས་གཟི་མིག་དྭངས་མོའི་སྟོད་ཆའམ་སྔོན་འགྲོའི་འགྲེལ་བ་ལས་དཔེ་བསྐྲུན་བྱེད་མ་ཐུབ་པར་རྗེས་སུ་བཞག་ཡོད་དོ།། མཇུག་མཐར་མཁྱེན་སྤྱོད་དང་རྣམ་རིག་གསལ་བའི་ཀློག་པ་པོ་དག་ལ་འབྱུང་རྩིས་འདིའི་སྨད་ཆ་མྱུར་དུ་གཟིགས་རྟེན་དུ་འབུལ་ཐུབ་པའི་རེ་བ་དང་། རྩོམ་པ་པོ་རྒོད་སྲས་ཤེལ་ཞིག་ནམ་མཁའ་རྒྱལ་མཚན་གྱི་འཆད་རྩོད་རྩོམ་གསུམ་བྱེད་པའི་རྣམ་དཔྱོད་ཤེས་རབ་ཀྱི་གཤོག་ཟུང་སྔར་ལས་རྒྱས་ཤིང་། རྒྱལ་བསྟན་གསེར་གྱི་ཀ་ཆེན་མངོན་པར་འདེགས་པའི་སྐྱེས་བུ་དམ་པ་རུ་འགྱུར་བའི་ཡིད་ཆེས་དང་སྨོན་འདུན་ཞུས་པ་ལགས།

  ཞེས་རྩོམ་པ་པོ་ཁོང་གི་བཀས་བསྐུལ་བཞིན་གཞུང་འདིའི་སྔོན་གླེང་གི་དོད་དུ་དགེ་བཤེས་ལྷ་བུ་བློ་བཟང་གིས་༢༠༢༣ལོའི་ཟླ༦པའི་ཚེས༡ཉིན་མདོ་སྨད་སྣང་ཞིག་དགོན་ཆེན་ནས་བྲིས་པ་དགེ་ཞིང་ལེགས་པར་གྱུར་ཅིག།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།