《སྤུ་རྒྱལ་ཤེས་རིག་དཔྱད་གླེང》རྩོམ་དེབ་འདོན་ཐེངས་དྲུག་པ་འགྲེམ་སྤེལ་བྱས།
[ཟླ་ཚེས། 2023-07-18 09:31:54][རྩོམ་པ་པོ། ཁྱུང་མུ་ཝེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《སྤུ་རྒྱལ་ཤེས་རིག་དཔྱད་གླེང》རྩོམ་དེབ་འདོན་ཐེངས་དྲུག་པ་འགྲེམ་སྤེལ་བྱས།
དབྱིན་ཇིའི་ངེས་པ་དོན་གྱི་མཚན་ཉིད་རིག་པ་རུའུ་སུ་མཆོག་ལ་བཅར་འདྲི་འདི་འདྲ་ཞིག་བྱས་འདུག སྐུ་ཞབས་རུའུ་སུ་ལགས། ཁྱེད་ཀྱི་གཏམ་བཤད་འདི་བརྙན་ལམ་ན་ཉར་ཚགས་བྱས་ཏེ་ལོ་ངོ་བརྒྱ་སྐོར་མང་པོར་མིའི་རིགས་ཀྱིས་མཐོང་ཐུབ་པའི་རེ་བ་ཡོད། དེར་བརྟེན་ཁྱེད་རང་གིས་མཐའ་དོན་མིའི་རིགས་ལ་ཆེས་གསུངས་ན་འདོད་པའི་སྐད་ཆ་ཅི་ཞིག་ཡིན་ཞེས་ཞུས་པར། ཁོང་གིས་ངས་བཤད་འདོད་པའི་སྐད་ཆ་གཉིས་ཡོད། དེ་ནི་ལས་སླ་པོ་ཡིན། གཅིག་ནི་ཀུན་སྤྱོད་ཀྱི་ཐད་དང་། གཅིག་ཤོས་ནི་ཤེས་རབ་ཀྱི་ཐད་ནས་ཡིན། ཀུན་སྤྱོད་ཐད་ནས་སྐྱེ་བོ་སྒེར་པ་རེ་རེ་ནི་ནམ་ཞིག་མི་འདོད་པའི་ལས་བྱ་ཐོག་ཏུ་འབབ་ངེས་པ་དང་། གཞན་གྱི་མཐོང་ཆུང་མྱོང་ངེས་པ་ཡིན་ཏེ། ཐོག་མ་ནས་རང་གིས་མི་འདོད་པ་བཟོད་དགོས་པ་དང་། འདོད་པ་གང་ཞིག་དཀྱེལ་ཡངས་ཆེན་པོས་མི་རང་ས་དང་རང་མི་ས་འཇོག་པའི་སྒམ་དཀྱེལ་གྱི་བློ་སྦྱོང་དགོས་པ་ཡིན། དེ་འདྲ་བྱས་ན་ང་ཚོ་གཞི་ནས་རང་གཞན་གཉིས་ཀ་གསོན་ཐུབ་ལ། མིའི་རིགས་ཀྱང་གསོན་ཐུབ། གཉིས་པ་ཤེས་རབ་ཀྱི་ཐད་ནས་བཤད་འདོད་པ་ནི། དངོས་པོ་དང་རིག་གཞུང་གང་ལའང་དཔྱད་པ་བྱེད་པའི་ཚེ་དཔྱད་བྱ་དེ་ཉིད་དངོས་པོའི་གནས་ལུགས་དང་ཆོས་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་དེ་བཞིན་དུ་འགྲེལ་དགོས། དཔེར་ན་སྤྱི་ཚོགས་ལ་ཕན་པའི་ལྷག་བསམ་དང་གཞན་ལ་གནོད་དོགས་ཀྱི་ཀུན་སློང་བཅངས་ན་ཤེས་རབ་རྒྱས་མི་ཐུབ་ལ། དཔྱད་བྱ་མདོ་དོན་དུ་འགྲུབ་མི་ཐུབ་པས་ངེས་པར་དངོས་པོའི་བབ་གཤིས་ཅི་ཡིན་པར་དེ་ལ་གཅར་ཅི་ཐུབ་བྱེད་དགོས། དེ་ནི་ངས་ཤེས་རབ་ཀྱི་ཐད་ནས་བཤད་འདོད་པ་ཡིན་ཞེས་གསུངས་སོ། །དེར་བརྟེན་སྤུ་རྒྱལ་ཤེས་རིག་དཔྱད་གླེང་བསྙད་པའི་དཔྱད་གླེང་འདིའང་དུས་གསུམ་གང་གི་ཆ་ནས་ཀྱང་ཁོང་གི་གསུང་བཤད་ཕྱི་མའི་གྲས་སུ་འགྲོ་དགོས་པ་གོར་མ་ཆགས་སོ། །ད་ཐེངས་“སྤུ་རྒྱལ་ཤེས་རིག་དཔྱད་གླེང”རྩོམ་དེབ་འདོན་ཐེངས་དྲུག་པ་འདི་ཡང་རྒྱ་ཆེའི་གཟིགས་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས་ལེགས་ཆ་བཅུད་སྡུད་དང་མ་ལེགས་སྐྱོན་འདོན་བྱས་ཏེ་སྔར་བས་འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་རེ་བ་ཡོད་ལ། སླད་ཕྱིན་“སྤུ་རྒྱལ་ཤེས་རིག་དཔྱད་གླེང”གི་གར་སྟེགས་འདི་ཉིད་གྲུབ་མཐའ་རིས་མེད། སྐྱ་སེར་རིས་མེད། ཕོ་མོ་རིས་མེད་དེ། རིས་མེད་རྣམ་པ་གསུམ་གྱིས་གྲུབ་པ་ཡིན་པས་སྐལ་བཟང་འདུན་ལེགས་ཀྱི་སློབ་སྦྱོང་བ་ཀུན་གྱིས་ལེགས་ཚོགས་འདོན་སྤེལ་ཡོང་བའི་དགེ་ལེགས་ཀྱི་བྱ་བར་དཀྱེལ་ཡངས་ཧུར་བརྩོན་གྱིས་འཇུག་པ་དང་། མི་ལེགས་མདོ་མེད་ཀྱི་བག་ཡེངས་ཇེ་ཉུང་གཏོང་པའི་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ལྟ་བུའི་འདུན་རེ་མོས་དགའི་ཕྱག་རྒྱ་སྙིང་འཆང་གིས་འབོད་སྐུལ་ཞུ་བ་ཡིན་ནོ། །
སྔོན་གླེང་ལྷ་རེག་དཀར་པོ།
(༡)
སྤུ་རྒྱལ་ཤེས་རིག་དཔྱད་གླེང་ནི་ཉེ་བའི་ལོ་ཤས་ནང་ཧོར་ཁྱུང་ཁུལ་དང་། ལྷག་པར་ཁྱུང་པོའི་ཕྱོགས་ལ་ཕན་ཐོགས་དང་མཚན་སྙན་མི་དམན་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཆགས་པ་མ་ཟད། དཔྱད་གླེང་འདི་ལ་བརྟེན་ནས་ཁ་བའི་སྙིང་ནོར་གྱི་ནེམ་ཆ་འཛིན་པའི་གསེར་མིག་གི་རིག་སྨྲ་ཁྱུ་ལ། སྨྲ་མཁས་དཔལ་དང་རྣམ་དཔྱོད་རྩལ་སྦྱོང་སའི་གར་སྟེགས་ཤིག་ཀྱང་བསྐྲུན་པ་རེད། དེ་ཡང་ཆུ་ཆུང་ཆུང་རབ་རྡོ་རྩུབ་རྩུབ་ཅེས་པའི་དཔེ་ལྟར་དོན་ལྡན་གྱི་སློབ་གཉེར་བ་སྐལ་བཟང་འདུན་ལེགས་ཚོས་ཀྱང་དེ་ལ་གོ་སྐབས་དམ་འཛིན་བྱས་ཏེ། རང་རང་ཚོད་ཀྱིས་བློ་རིག་རྩལ་སྦྱངས་དང་། རིག་ལམ་དཔྱད་བསྡུར་བྱས་ཏེ། མེད་པ་ནས་ཡོད་པར་ཕྱོགས་པའི་སྔར་མེད་ཁྱུ་བྱུག་སྔོན་མོའི་མགྲིན་དབྱངས་སུ་གྱུར་པ་མ་ཟད། ཤེས་འདོད་ཀྱི་གཤོག་ཟུང་བརྐྱངས་པའི་ན་གཞོན་བུང་བའི་ཚོགས་ལ་རིག་ལམ་གྱི་འདོད་འཇོ་གསར་དུ་རྩེན་པའི་མཛེས་པའི་མེ་ཏོག་ལྡུམ་ར་ཞིག་ཀྱང་བསྐྲུན་ཡོད་པ་གདོན་མི་ཟའོ། །
(༢ )
དེ་ཡང་སྲིད་པ་གངས་རིའི་འགྲེང་མགོ་ནག་མི་ཡིས་འཚོ་གནས་ངལ་རྩོལ་དང་རིག་གནས་ཀྱི་རྟོག་འཆར་བསྐྲུན་པ་ནས་བཟུང་། གང་ཟག་སྤྱིའི་ཁམས་དང་མོས་པ་མཐའ་ཡས་པ་ཇི་བཞིན། རིག་གནས་ཀྱི་ཐེག་རིམ་ཡང་ཟམ་མི་ཆད་པར་སྣ་མང་སྐར་ཚོགས་བཀྲ་འདྲའི་དཔལ་བདལ་བ་མ་ཟད། དེ་དག་ལས་རི་ཚོགས་དབུས་ཀྱི་ཇོ་མོ་གླང་མ་བཞིན་རིག་གནས་ཀྱི་གལ་མདོ་འཛིན་པ་རྒྱལ་བའི་བཀའ་དང་བཀའ་བརྟེན། མཁས་པའི་གསུང་འབུམ་གསུམ་དུ་དབྱེ་བའི་རྣམ་དཀར་དགེ་བའི་ས་བོན་བཅུད་བཟང་དེ་དག་གི་བརྗོད་བྱ་ཡང་། གཞི་དངོས་པོའི་རྣམ་གཞག ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ལུགས་ལ་སློབ་སྦྱོང་དང་བློ་སྦྱོང་ཇི་ལྟར་བྱེད་པའི་ཚུལ། བསླབ་པ་གསུམ་གྱི་གལ་མདོ་རྒྱང་ཐོགས་མིག་གིས་ཁྱད་འདོན་མཛད་པ་ཡིན། རྣམ་གཡེང་དང་སྒྱིད་ལུག་གི་རྒྱ་འགོག་ཕྱིར་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། རིག་པ་རྩེ་གཅིག་ཏུ་གནས་ཕྱིར་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ། ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་ཁ་བརྡར་ཕྱིར་བསླབ་པ་ཤེས་རབ་ཀྱི་བསླབ་པ་སྟེ། མི་ཡུལ་གྱི་བདེན་དགེ་མཛེས་གསུམ་དུ་གྱུར་པའི་རིག་གནས་གང་ཞིག་གི་ཟབ་གནད་རྟོགས་དགོས་ན། ལག་ལེན་དང་ཐོས་བསམ་མེད་པའི་ཆེ་བཙན་གྲགས་གསུམ་གྱི་ངའོའི་སྟོད་འགྱིང་འཛིན་པ་ཙམ་གྱིས་རྔོ་མི་ཐོགས་པས། བསླབ་གསུམ་རིག་པའི་དོ་རས་དང་པོ་སྒྱིད་ལུག་གི་རྩ་གཅོད། གཉིས་པ་བག་ཡོད་ཀྱི་གནད་ལྷོད། གསུམ་པ་རིག་ལམ་གྱི་རྩལ་འཁྱུག་པའི་ཐབས་དང་ཐབས་བྱུང་གི་ལུགས་བཟང་འདི་དག་ལ་བརྟེན། གངས་རིའི་རིག་གནས་ཀྱི་གན་མཛོད་མ་དྲོས་མཚོ་མོའི་མངལ་སྒོར་འགྲིམས་ཕྱིར། ཐོས་བསམ་སྒོམ་གསུམ་གྱི་གྲུ་ཆེན་དམིགས་དབེན་ལ་སྐྱོད་པའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་བསླབ་གསུམ་ནོར་བུའི་རྨུ་སྐས་འདི་དག་ལགས་སོ། །
(༣)
སློབ་གཉེར་བའི་ལམ་བཟང་འདི་དག་ལ་བརྟེན་ནས་སྐལ་བཟང་ཤེས་མོས་ཀྱི་གངས་རིའི་མེས་པོ་སྟག་འདྲ་གཟིག་འདྲས་དཔའ་བདེན་རྟོགས་གནས་ལུགས་ལ་གཞིལ། མཛེས་ཐོས་བསམ་ལང་ཚོ་ལ་བསྐྱིལ། ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་ཆུང་བའི་ངང་ཚུལ་ལ་བརྟེན་ནས་ནང་གི་རྣམ་དཔྱོད་རིག་པའི་རྩལ་ཁ་ཡོངས་སུ་འབྱེད་ལ་ཉམ་མི་ང་བར། གང་དག་བཀའ་ལ་བྱུང་གྱུར་པ། །དེ་ཉིད་རིག་པས་གཞལ་མེད་ན། །སྙིང་པོའི་དོན་མཆིས་ག་ལ་འགྱུར། །དེའི་ཕྱིར་རིག་གཞལ་དོན་ཡོད་བྱ། །ཅེས་གསུངས་པའི་ཐུགས་ཡངས་དཀྱེལ་ཆེའི་དགོངས་པའི་མཐའ་རྒྱ་དང་། རིག་གནས་ཀྱི་ཁོག་རྒྱ་འཁྱེར་བའི་གངས་རིའི་རིག་པ་འཛིན་པའི་རིག་སྨྲ་ཁྱུ་ཡིས་གོ་ལ་དབྱིག་འཛིན་སྒེག་མོའི་ཕང་བ་ན། ངོམ་དུ་རི་བའི་ཁ་བའི་རིག་མཛོད་བཞག་ཡོད་པ་དར་ལུང་རྣ་བའི་འབབ་སྟེགས་སུ་མངོན་དུ་གྱུར་པ་འདི་ཉིད་ལགས་ན། དེ་ཡང་དམྱལ་བ་ཚ་འཁྱལ་བརྒྱད་ཀྱི་འཇིགས་སྣང་དང་། གྲང་དམྱལ་བརྒྱད་ཀྱི་ཞེད་སྣང་སྒྲོག་པའི་སྲོལ་རྒྱུན་སློབ་གསོའི་ཡན་ལག་གྱུར་པ་འདི་དག་ཙམ་གྱིས་ཁྱད་ཡོན་གྱི་འཛིན་པ་དཀའ་སྟེ། ཕྱི་དངོས་ཁམས་རིག་པ་དང་། ཚད་རྡུལ་དངོས་ཁམས་རིག་པ་འདི་ཉིད་དུས་ཀྱི་ཆ་ནས་ཚན་རིག་གསར་རྙིང་ཙམ་ལས་ཚན་རིག་དང་མཐུན་པའི་རིག་གནས་དཔྱོད་ལུགས་སྔར་ནས་ཡོད་པ་དང་། ནང་སེམས་ཁམས་རིག་པའི་ཆ་ནས་ཀྱང་ཕྲ་ཞིབ་རིག་པས་གཏན་ལ་ཕབ་པའི་རིག་གཞུང་ཡར་ལུང་གཙང་ཆེན་འདི་ཡིས། གོ་ལའི་སེམས་ཁམས་རིག་པའི་རིག་གནས་ཀྱི་སྟེགས་བུ་གལ་ཆེན་འཛིན་བཞིན་ཡོད་པ་མ་ཟད། མི་ཆོས་ཀུན་སྤྱོད་དང་། ཆོས་རིག་ས་ཁམས། བཅུ་ཕྲག་རིག་གནས་དང་། དམངས་སྲོལ་གང་ལ་བལྟས་ཀྱང་ཡ་གླིང་སྲིད་པའི་ཕང་བ་ན། ཁ་བའི་སྐྱེ་འགྲོ་འདི་དག་བསླབ་པ་སློབ་སྦྱོང་ལ་སྤྲོ་བ། རིག་ལམ་བདེན་དཔྱོད་ལ་གཟུ་བོའི་བློ་ཡིས་དཔལ་ཡོན་གྱི་རྟོགས་དཔྱོད་མང་དུ་སྣང་རྒྱུ་ཡོད་པ་ནི་བབ་ཅོལ་གཏམ་གྱི་མཆུ་གཡོ་ཙམ་མ་ཡིན་ནོ། །
(༤)
སྔོན་རབས་མེས་པོ་གོང་མས་ལྟོ་གོས་གཏམ་གསུམ་ལ་གྱོང་བཏང་། ཐོས་བསམ་སློབ་གཉེར་གྱི་རྒྱགས་བཙལ་ནས་བོད་ཡུལ་ཁ་བའི་སྡེ་ལ། ཕར་ལ་རིན་ཆེན་གསེར་སྲང་སྟོང་གི་འགྲོ་གྲོན་བཏང་ཡང་། ཚུར་ལ་བསམ་པའི་གོ་རྟོགས་མཐོ་བའི་ཐོས་བསམ་སློབ་གཉེར་བཙལ་ལུགས་ཏེ། གནའ་རབས་ཞང་བོད་རིག་གནས་ཀྱི་སོན་རྩ་རུལ་མྱགས་སུ་མ་སོང་བའི་ཁར། རྒྱ་གར་མཚན་ཉིད་རིག་པའི་རིག་ལམ་དཔྱོད་ལུགས་ཀྱིས་སྒང་པ་བོད་འདིའི་རྣམ་དཔྱོད་ཀྱི་རྩལ་ཁ་བརྡར་ལུགས་དང་། སྐྱེ་ཁམས་དོ་མཉམ་འཛིན་ལུགས་གཞན་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ། གནའ་དཔེའི་དྲི་བསུང་ལ་ཐོགས་པའི་བསོད་ནམས་ཀྱི་མིག་ཟུང་དག་གིས་མྱོང་ཐུབ་ལ། དེ་བཞིན་གཟིགས་རྒྱང་ཁྲི་གདུགས་ཉི་མའི་འོད་སྣང་རྒྱང་ལ་ཕྱོགས་པའི་བོན་གྱི་སྐྱེས་ཆེན་དུ་མས་སྔོན་རབས་རིག་གནས་ཀྱི་བཅུད་བཟུང་། གཞན་ཕྱོགས་རིག་གནས་ཀྱི་ཟུར་བརྒྱན་ཏེ་རིག་གནས་གནས་འགྱུར་ལ་ཆགས་སྡང་རྨོངས་གསུམ་ཁོ་ནའི་དབང་དུ་མ་སོང་བར། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་སྤྱོད་མཁས་པ་སྟེ། རྒྱལ་སྤྱིའི་རིག་པའི་སྟེགས་ལ་མཚན་སྙན་གྱི་བ་དན་གཡོ་བའི་བོད་ཀྱི་དཔྱོད་ལྡན་མཁར་རྨེའུ་བསམ་གཏན་མཆོག་གིས“བོན་གྱི་ཆོས་རྒྱུད་ནི། བོད་ཀྱི་ཆོས་རྒྱུད་ལས་ཆ་ཚང་ཤོས་རེད”ཅེས་པའི་གོ་བ་ཡང་སྔོན་རབས་མེས་པོ་དག་གིས་རང་གི་ལེགས་ཆ་བཟུང་མཁས་ལ། གཞན་གྱི་ཡོན་ཏན་ལེན་པའི་རིག་གནས་གནས་འགྱུར་ལ་མཁས་པའི་རིག་གཞུང་ཆ་ཚང་བ་འདི་ག་བསྐྲུན་པ་རེད། དེ་ཡང་ཆ་ཚང་ཤོས་བསྙད་པ་ལས་ཡང་དག་ཤོས་མ་བསྙད་པའང་དཔྱོད་ལྡན་གཟུ་བོའི་བློ་ལས་འཁྲུངས་པའི་མགྲིན་ངག་ཁུ་བྱུག་མགྲིན་གླུ་ལས་གཞན་ཅི་ཡང་མིན་ནོ། །
(༥ )
བོད་ཀྱི་མཚན་ཉིད་རིག་པའི་སྡེ་ལ་སློབ་གཉེེར་གྱི་ཕ་ས་དབུས་ཀྱི་སེ་འབྲས་དགའ་གསུམ་དང་། སྨད་ཀྱི་བླ་བྲང་བཀྲིས་འཁྱིལ། བོན་གྱི་གྲྭ་ས་ཐོག་འོག་བར་གསུམ་སོགས་ལ་སྔོན་ནས་ཐོས་བསམ་སློབ་གཉེར་རྣལ་མའི་མཚན་སྙན་གྱི་གྲགས་པ་ཡོད་པ་མ་ཟད། ལོ་ཡི་འཁོར་མོ་གྲངས་མེད་ལ་ཕྱི་དངོས་པོའི་རྣམ་གཞག། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་བདེན་དོན་དང་གནས་ལུགས་ལ་མཐུན་པ། དཔྱོད་པའི་རིག་སྒོ་ཡངས་པ། མི་དཔྱོད་བློ་རིག་གི་རྟོགས་པ་གོང་དུ་བཀུར་བའི་ལུགས་བཟང་གསེར་ཟམ་སེར་པོའི་གཟི་བྱིན་ཉམས་པ་མེད་པར་བཀྲ་ནའང་། ལུང་ཁུག་དང་མཐའ་གྱེས་ཀྱི་ཡུལ་གྲུ་ལ་ཆོ་ག་གྱེར་འདོན་ཙམ་གྱིས་རྒྱལ་བསྟན་འཛིན་པ་རློམ་པའི་སྐྱེ་བོ་གྲངས་ལས་འདས་པ། ནང་དོན་མེད་པའི་ངའོ་ང་ཆེའི་རྒྱུད་གྱོང་པ་སྟེ། ཉེ་རབས་ཕྱི་ཚུལ་ལ་བཤད་སྒྲུབ་ཀྱི་འདུས་སྡེ་ཡོད་པ་གང་ཞིག་ནང་སྙིང་ལ་ལྷ་འབོད་འདྲེ་བཀར་བྱེད་པའི་ཆོ་གའི་གཞུང་ལུགས་ཀྱིས་ཡོངས་སུ་བཟུང་བས། བསྟན་པ་དང་རིག་གནས་ཀྱི་སྙིང་པོ་བསླབ་པ་སློབ་སྦྱོང་དགོས་པའི་ཤེས་ཡོན་གྱི་འདུ་ཤེས་བག་ལ་ཞ་སྟེ། ཆོ་གའི་ཆགས་སྡང་རྨོངས་འཁྲུག་གི་བག་ཆགས་སྔར་བས་རྫོང་སྟུག་པ་སྟེ། གཡག་པོ་རྭ་འཛིང་བྱེད་པ་ལྟས་ངན་ཡིན། །དྲག་པོའི་ཐུན་ཟུར་གཏོར་མས་ཟློག། ཁྱི་མོ་ངུ་ཟུག་བྱེད་པ་ལྟས་ངན་ཡིན། །དྲག་པོའི་ཐུན་ཟུར་གཏོར་མས་ཟློག། རྟ་ཕོ་ལངས་འཚེར་བྱེད་པ་ལྟས་ངན་ཡིན། །དྲག་པོའི་ཐུན་ཟུར་གཏོར་མས་ཟློགསྟང་དབྱལ་སྟེང་འོག་བརྗེ་བ་ལྟས་ངན་ཡིན། །དྲག་པོའི་ཐུན་ཟུར་གཏོར་མས་ཟློག །ཅེས་པ་ལྟ་བུ། རྒྱལ་བའི་གསུང་མིན་པ། མཁས་པའི་རྣམ་དཔྱོད་མིན་པ། ཅི་དྲན་གང་དྲན་གྱི་རྣམ་རྟོག་དེ་དག་ལ་ཡིད་ལ་ཟུག་པའི་དགོན་སྡེ་དང་ཤེས་མིང་འཛིན་པ་ཀུན་གྱིས“རང་གིས་གང་བྱས་མཐའ་དག་ཡང་དག་དང་། གཞན་གྱིས་ཅི་བྱས་ཐམས་ཅད་འཁྲུལ་བ་འབའ་ཞིག་འཛིན་པའི”རྨོངས་སྟུག་གི་འཁྱལ་གཏམ་ཡུལ་གྲུ་ཀུན་ལ་ཁྱབ་པ་འདི་ལྟར་ལགས་ན། །སྔར་གྱི་སློབ་དཔོན་དཔའ་བོ་སྤྱན་གཅིག་དང་། སྒ་སྟོན། ཤར་རྫ་པ། ཀུན་གྲོལ། ཁྱུང་སྤྲུལ་ལྟ་བུ། རང་ལུགས་འཛིན་པ་དང་གཞན་ཡོན་ལེན་པའི་རྣམ་དཔྱོད་གཡུ་ཡི་སྒོ་གླེགས་རྒྱང་ལ་བཞག་སྟེ། དེང་གི་དགོན་སྡེ་དང་ཤེས་རློམ་གྱི་དྲེགས་པས་བཟི་བའི་རྗེས་འཇུག་སྤྱི་ལ། རང་གི་རིག་གནས་ལ་བསླབ་པ་སློབ་སྦྱོང་མེད་པ་ཐན་སེལ་མཚོ་སྐམ་ལྟ་བུའི་སྐྱོན། རྒྱལ་བའི་བཀའ་དང་དགོངས་འགྲེལ་ལ་ཉམས་མྱོང་གོ་རྟོགས་མེད་པ་རྨི་ལམ་ནང་ནས་ཞིང་ཁམས་ལ་འབྱོར་བ་ལྟ་བུའི་སྐྱོན། ཐུན་མོང་དང་ཐུན་མིན་གྱི་རིག་གནས་གང་ཡིན་ལ་རྟོགས་དཔྱོད་མེད་པར་བྱིས་པས་ཕ་མའི་ལ་རྒྱ་འཛིན་པ་ལྟ་བུའི་སྐྱོན། བག་མེད་ལོངས་སྤྱོད་དང་རྒྱུ་ནོར་ཁྲི་སྟེགས་ཀྱི་རྒྱུ་སོང་ལ་སུ་ཆེ་སུ་རྫིག་ལྟ་བ་གདོད་མའི་རྔོན་པས་རུས་རྒྱན་བསྡུར་བ་ལྟ་བུའི་སྐྱོན་ཏེ། རྨོངས་པའི་ཧབ་ཆ་སྔར་བས་ཆེ་བ། གྲུབ་མཐའི་ཆགས་སྡང་སྔར་བས་བཙན་པ། རྒྱུ་མཚན་མེད་པའི་ངའོ་ང་ཆེ་སྔར་བས་དྲེགས་པ། རང་གི་རིག་གཞུང་ལ་གོ་བ་གོ་ཁའི་རྒད་མོ་ལྟར་དུ་ཐོས་བསམ་གྱི་བསམ་རྒྱ་དོག་པ། ཆོས་ཉིད་ཀྱི་འགག་སྒོར་འགྲིམས་དགོས་ངེས་ཀྱི་མི་ཚེའི་དཀའ་སྡུག་སྐྱེ་རྒ་ན་འཆི་དང་། གཞན་སྤྱི་ཚོགས་ཀྱི་འཚོ་གནས་ཚོང་རྒྱག་ཙམ་ཡང་བྱེད་མི་ནུས་པར་མི་མངོན་པའི་ལྷ་འདྲེ་གདོན་བགེགས་ཀྱིས་མི་བུའི་སེམས་ཀྱི་གོ་ས་ཡོངས་སུ་བཟུང་སྟེ། ཆོ་ག་གྱེར་དབྱངས་དང་། གཡམ་རྒྱུག་ཧམ་བློ་མ་གཏོགས་བོད་ཀྱི་རིག་གཞུང་གི་ཕྱི་མོ“སུམ་རྟགས་དག”སྦྱོང་ན་ལྟ་བ་ལོག་པའི་གེགས་རྡོ་བརྩི་བ། བཤད་སྒྲའི་མཚན་ཉིད་རིག་པ་སྦྱོང་ན་དགེ་བ་མ་ཡིན་ནོ་སྙམ་པའི་འཁྲུལ་བ་འཛིན་པ། རིག་གནས་ཕན་ཚུན་གནས་འདྲེས་བྱུང་ལུགས་རྣ་བར་ཉེ་ས་ཙམ་ཡང་མེད་པར་ཆགས་སྡང་གི་རྨ་ཁ་གཡན་པ། མདོར་ན་རྨོངས་པའི་དམུ་གབ་མགོ་ལ་གྱོན། མ་རིག་འཁྱལ་གཏམ་ངག་ནས་འདྲེན། བསམ་པའི་ཕབས་རྟ་དུག་གིས་སྦངས་ཏེ། མེས་པོའི་རྣམ་དཔྱོད་ཀྱི་བཞུད་ལམ་རིང་མོའི་རིག་ལམ་གྱི་གསེར་ཟམ་དེ་དག། རང་བློ་ཞེ་སྡང་སྦྲུལ་གྱི་དུག་ལྕེས་ཟིན་པ་མི་མཐོང་བར། གཞན་པ་ཚང་མ་མུ་སྟེགས་དང་ལྟ་ངན་ཁོ་ན་མཐོང་བ། མེས་པོའི་དཀྱེལ་ཡངས་སྒམ་ཆེའི་རིག་གནས་ཀྱི་དཔྱོད་ལུགས་དེ་དག རང་བློ་གཏི་མུག་ཕག་གི་གཉིད་འོག་ཤོར་བ་མི་ཚོར་བར་གེགས་དང་བར་ཆོད་དུ་རློམ་པ། མེས་པོའི་ཐོས་བསམ་བྱེ་མའི་རྒྱགས་ཕྱེ་དེ་དག་རང་བློ་ཁྲོན་པའི་སྦལ་ནང་གི་ཁོར་ཡུག་ལ་མི་བསམས་པར་གཞན་ཡོན་ཚང་མ་ལྟ་ལོག་མ་རུང་བ་སྙམ་པ་སྟེ། ཆོ་ག་གྱེར་དབྱངས་ལས་མི་མངོན་པའི་ཧོབ་ཚོད་ཀྱིས་མི་མངོན་པའི་དབྱིངས་ནས་ལྷ་ཚོགས་འདྲེན་སྣང་དང་། མི་མངོན་པའི་ཁམས་ནས་གདོན་འདྲེ་བཀར་ཚུལ་གྱི་མིག་རྡོག་དཀར་བཀྲ་དམར་ལི་བསྒྲིལ་བ་ལས། སྤྱི་ཚོགས་རིག་གནས་གང་ལའང་བློ་མི་འགྲོ། གཞན་ཟེར་གྱི་རིག་པ་གང་ལ་ཡིད་མི་འཇུག་པ་ནི། དངོས་ཡོད་འཚོ་བ་དང་བདེན་དོན་རྟོགས་དཔྱོད་ཀྱི་རིག་གནས་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་སུ་མངོན་པ་མ་ཟད། ཐོས་བསམ་གོ་རྟོགས་ཀྱི་རྒྱགས་ཕྱེ་མེད་པར་གྲུབ་མཐའི་ཆགས་སྡང་དང་གཞན་ཟེར་གཡམ་རྒྱུག་སྔར་བས་མོད་པར་གྱུར་ཏེ། ཞེ་སྡང་གི་མེ་ལྕེ་དང་རྨོངས་སྟུག་གི་བློ་ཤེད་ཁོ་ནས་མུན་ནག་མདའ་འཕེན་གྱིས“ཀྲུང་གོའི་སྟོན་པ་དང་། རྒྱ་གར་གྱི་སྟོན་པ”ལྟ་བུའི་ཆེ་ཧམ་རྒྱུ་མཚན་མེད་པར་འཁུར་བཞིན། རང་ལ་དཔྱད་རྩོམ་ཚད་ལྡན་ཕར་ཞོག་སྙན་ཞུ་ཙམ་འབྲི་བའི་ཤེས་རྒྱ་མེད་ཀྱང་རྒྱལ་བསྟན་འཛིན་པ་ལ“དཔའ་དང་དཔུང་དགོས་ན་ང་ཡིན། ཧམ་དང་ཤེད་དགོས་ན་ང་ཡིན”བསྙད་པའི་མི་རྒོད་ཁྱུ་ཡིས་ཧམ་ཤེད་ཀྱི་ཁྲི་སྟེགས་བཙན་གྱིས་གནོན་བཞིན་པ་འདི། ང་ཚོའི་ཕྱི་ནང་གསང་གསུམ་ལ་ཉམས་མི་ཕན་ཞིང་གནད་མི་ཟིན་པའི་གཟི་བརྗིད་ཁོག་སྟོང་གི་མུན་ནག་འདོམ་པ་བཅོ་བརྒྱད་བསྐྲུན་དང་སྐྲུན་བཞིན་འདུག་པའི་མ་རིག་པ་སྔ་ཙམ་རྟོགས་ན་ལེགས་སོ། །
(༦)
དེས་ན་མེས་པོའི་རིག་གནས་ཀྱི་བློ་གཤོག་རྒྱུད་ལ་འཁྱེར། དེང་རབས་སྣ་མང་གི་ཤེས་བྱ་མིག་གིས་བསྐྱེད། མི་ནི་རིག་གནས་ཀྱི་བསྐྱེད་འབྲས་དང་། རིག་གནས་ཀྱང་མི་ཡི་བསྐྱེད་འབྲས་ཡིན་པ་ལྟར། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་དཔྱོད་ལྡན་གསེར་མིག་ཅན་དག་གིས་ང་ཚོའི་རིག་གནས་ཅི་ཞིག་ཡིན་དགོས་པའི་བློ་ཤེད་ཀྱི་ཐ་ཚིག་སྟག་མོའི་ངར་སྐད་ལྷང་ལྷང་དུ་མི་སྒྲོག་པར། དོན་དུ་རིག་གནས་ཀྱི་འཕེལ་འགྱུར་དངོས་ཡོད་གནས་ཚུལ་དང་། དངོས་ཐོག་བདེན་འཚོལ་ལ་ཇི་ལྟར་ཡོང་ཡོད་པ་དང་། ཇི་བཞིན་གནས་ཡོད་པའི་གནས་ལུགས་བཤའ་མ་དང་། བདེན་ཕྱོགས་ལ་ཉེ་བར་གཅར་བའི་རྟོགས་དཔྱོད་བགྱི་རིགས་པས། ཕ་ཡུལ་དང་ཕ་ཡུལ་གྱི་འདབས་འབྲེལ་ཤེས་འདོད་བུང་བའི་གར་སྟེགས་ནམ་ལངས་སྐར་རྒྱན་དང་། ཁྱུ་བྱུག་མགྲིན་དབྱངས། རེ་བའི་མིག་ཟུང་དུ་གྱུར་པའི་“སྤུ་རྒྱལ་ཤེས་རིག་དཔྱད་གླེང”འདི་ཉིད་སྔ་བས་མཛེས་ཤིང་སྒམ་བརླིང་ཆེ་བའི་སྨོན་ལམ་གྱི་མཐའ་བརྒྱན་པའོ། །
ཞེས་དངོས་གྲུབ་འབོད་པས་སོག་རྫོང་མཛེས་པའི་ཡུལ་ནས་བྲིས་པ་དགེ་ལེགས་སུ་འཕེལ་གྱུར་ཅིག