《གཏམ་ཚོགས་གསལ་བའི་བང་མཛོད》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2023-02-21 11:00:48][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྔོན་གླེང་གཡུང་དྲུང་དགའ་འཁྱིལ།

  གོ་ལ་ཧྲིལ་པོའི་ཡང་རྩེར་ལྷང་ངེར་འགྱིང་བའི་གངས་རྒྱལ་ཏི་སེའི་སྤམ་ལས་མཐོ་བའི་རིག་གཞུང་ཀུན་གྱི་ཨ་མ། འོད་ཟེར་འབུམ་ལྡན་གྱི་ཉག་ཐག་ཆད་མ་མྱོང་བའི་གྲུབ་མཐའ་ཡོད་དོ་ཅོག་གི་ཕ་གཞིས་དྲོད་མོ། མི་ལོ་ཁྲི་ཕྲག་ལྷག་གི་ཡར་སྔོན་ན་བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་སྐྱེ་བ་བཞེས་ནས་ད་ལྟའི་བར་དུ་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་རྡོ་ལག་རྒྱུད་དང་ཆུ་ལམ་ཞུགས་ཚུལ་དུ་གནས་ཡོད་པ་ནི་སྨོས་མི་དགོས་ཤིང་། འོན་ཀྱང་འགྲན་རྩོད་ལ་ཞེན་པ་ཆེ་བའི་དབང་གིས་ཡབ་མེས་གོང་མ་རྣམས་ཀྱི་རིག་གཞུང་རྣལ་མ་དག་ཉམས་རྒུད་ཐེངས་མང་ཕྱིན་ཡོད་ནའང་། དུས་རབས་ཀྱི་འཕོ་འགྱུར་དང་བདེན་དོན་གྱི་ལམ་ཁ་ཇི་གསལ་དུ་འགྲོ་བཞིན་པའི་སྒང་འདིར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་ཞང་བོད་ཤེས་རིག་གི་རྩ་བ་ཚུགས་ཤིང་རྩེ་མོ་དགུང་ལྟར་མཉམ་པ། མདོ་སྔགས་རྫོགས་གསུམ་དང་། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། རྒྱུད་ལུང་མན་ངག་གི་ལྟ་སྤྱོད་ཉམས་ལེན་ཡང་དག་བརྩོན་ཞིང་བཅུ་ཕྲག་རིག་པའི་གཞུང་ལུགས་ཀུན་གྱི་འབྱུང་རྩ་ནི་སངས་རྒྱས་བསྟན་པའི་སྲོག་ཤིང་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལས་གཞན་གང་ཡང་མ་མཆིས། ད་ལན་ཨ་གྲགས་ཆབ་མདོ་དགོན་ནས་༼གཏམ་ཚོགས་གསལ་བའི་བང་མཛོད་༽འདོན་ཐེངས་བཞི་པ་འདིས། གནའ་བོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་དུ་མ་ཞིག་ལ་དམིགས་ཏེ། ལོ་རྒྱུས་དང་། དཔྱད་རྩོམ། ཤེས་རིག སློབ་གསོ། སྙན་རྩོམ། འོས་སྦྱོར། དམངས་ཁྲོད། གསར་གནས་བཅས་ལ་སྣ་མང་རང་ཞལ་ངོམ་སའི་གར་སྟེགས་ཀྱི་ལོ་དེབ་འདི་ཉིད་འགྲིམ་སྤེལ་བྱེད་མུས་ལགས་པས། མེས་པོའི་ཤེས་རིག་འདི་ཉིད་ཀྱི་རྩོམ་སྒྲིག་པ་རྣམས་རིག་གནས་ཆུ་ཚད་དམན་པ་དང་། འགོ་འཇུག་བར་གསུམ་དུ་ལས་ཀའི་བཀོད་སྒྲིག་ཉམས་མྱོང་དེ་ཙམ་མེད་ལ། རྩོམ་རིག་གི་གཞུང་ལུགས་སོགས་ལ་ལྟ་རྟོགས་མི་ལེགས་པའི་སྐྱོན་ཆ་མང་དག་ཅིག་དང་རྣམ་རྟོག་གི་བཅིངས་པའི་སྒྲིབ་པ་ཤས་ཆེ་བས་ཚིག་དོན་གནད་ལ་མི་འཁེལ་བ་རྣམས་རྒྱ་ཆེའི་ཀློག་པ་པོ་ཀུན་ལ་བཟོད་གསོལ་ཞུ་རྒྱུ་དང་། འདིར་རྩོམ་རིག་ལ་འཇུག་པའི་རྩོམ་པ་པོ་རང་རང་གི་ལྟ་ཕྱོགས་ལས་ངེད་རྩོམ་སྒྲིག་པ་ཚོའི་ལྟ་བ་དང་ལངས་ཕྱོགས་ཡིན་པའི་ངེས་པ་ག་ལ་ཡོད། ད་ཐེངས་རྩོམ་འདིའི་ཁ་ཕྱོགས་གཙོ་བོ་ནི་ཞང་བོད་ཤེས་རིག་ལ་དུང་བ་ཟབ་ཅིང་མེས་པོའི་སྲོལ་བཟང་དར་སྤེལ་གང་ལེགས་ཡོང་བའི་དམིགས་ཡུལ་དང་། གོང་མའི་བོན་གཤེན་རིག་འཛིན་རྣམས་ཀྱིས་ལྟ་སྒོམ་སྤྱོད་འབྲས་ལ་གཞིགས་ཏེ། ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་དང་སྤུ་རྒྱལ་བཙན་པོའི་རྒྱལ་རབས་སོ་བདུན་གྱི་རིང་ལ་རྒྱལ་གཤེན་བསྟན་པ་མཉམ་དུ་ཆགས་ཤིང་གངས་ཅན་བོན་གྱི་རྒྱལ་ཁམས་ཀྱི་རྗེས་སུ་སྙེག་པའི་འདུན་སེམས་ལྷད་མེད་དྭངས་གཙང་གི་ངོགས་ནས་འབད་པ་འབའ་ཞིག་ཡིན་པ་ལས་གྲུབ་མཐའི་ཆགས་སྡང་དང་ཕྱོགས་རིས་ངན་གཡོའི་དུག་ཆུས་བསླད་པ་དེ་བས་མིན། འདི་གའི་དུས་དེབ་ཐོག་ཏུ་རྩོམ་རིགས་འོས་ཚད་ནི་དཔེ་དེབ་གཞན་གྱི་ནང་དུ་བཀོད་མ་མྱོང་བ་དང་རྐུ་བཤུས་བྱས་པ་མ་ཡིན་པར་རང་རང་གི་རྩོམ་རྣམས་འགན་ཁྲི་རང་ཁུལ་བྱ་དགོས། ཞང་བོད་རྩོམ་རིག་གང་ཡིན་ཆོས་སྲིད་གང་ལའང་གནོད་སྐྱོན་དང་ཕན་མེད་སྨྲ་བའི་ལུགས་ལ་འགོད་ཀྱིན་མེད་པས་སྨྱུག་ཐོགས་པ་ཚོས་དེ་ལུགས་མཁྱེན་གསོལ་ཞུ། །

  དགེ་མིང་པ་གཡུང་དྲུང་བསྟན་འཛིན་གྱིས་ལྷ་ལྡན་ཉི་མ་གྲོང་ཁྱེར་ནས་སྤྱི་ལོ་༢༠༢༣ཟླ་༡ཚེས་༣ཉིན།


《གཏམ་ཚོགས་གསལ་བའི་བང་མཛོད》ཀྱི་དཀར་ཆག



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།