རྒྱ་ཞིག་དགོན་པའི་ལོ་རྒྱུས་འགྲེམ་སྤེལ་ཞུས་པ།
[ཟླ་ཚེས། 2022-10-27 14:10:42][རྩོམ་པ་པོ། བསྟན་འཛིན་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྤྱི་ལོ2022/10/27ཉིན། ད་ལན་གསར་དུ་མཁན་པོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་བརྩམས་གནང་མཛད་པའི་ཁམས་ཉག་རོང«རྒྱ་ཞིག་འབྲུག་གྲགས་དགོན་ནམ་རྒྱལ་གཤེན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་བརྗོད་པ་རིན་ཆེན་མཛེས་པའི་ཕྲེང་བ»ཞེས་བྱ་བའི་ལོ་རྒྱུས་དེབ་གསར་ཞིག དགོན་པའི་བླ་མ་གྲྭ་ཚང་འདུས་པ་སྤྱི་དང་། མི་སྡེ་ལྷ་སྡེའི་འཐུས་ཚབ་པ་བཅས་ཉིན་དེའི་ཞོགས་ཀའི་ཆུ་ཚོད་དགུ་བའི་ཐོག་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་འཚོགས་ཏེ་འགྲེལ་སྤེལ་མཛད་སྒོའི་རྟེན་འབྲེལ་དབུ་འཛུགས་གནང་བ།
དགོན་པའི་བླ་མ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེས་ལོ་རྒྱུས་དེབ་གསར་འདི་འདྲ་ཞིག་ངེས་ཅན་དུ་འབྲི་དགོས་པའི་རྒྱུ་མཚན་དང་། འདི་ཉིད་པར་སྐྲུན་ལེགས་གྲུབ་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་རྟེན་འབྲེལ་གསུང་བཤད་གནང་བ།
དགོན་པ་སྤྱི་ཡི་ངོས་ནས་སྐབས་བབ་དགེ་བསྐོས་སྤྱི་བའི་འཐུས་ཚབ་པ་བཟོད་པ་འབྲུག་གྲགས་ལགས་ཀྱིས། སྤྱིར་དགོན་པ་ཞིག་ལ་མཚོན་ན་ལོ་རྒྱུས་ཀྱི་ཡིག་ཆ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། རང་དགོན་རྒྱ་ཞིག་དགོན་པར་མཚོན་ན་ད་ལྟའི་བར་དུ་ལོ་རྒྱུས་ཤོག་ལྷེ་གཅིག་ཀྱང་མེད་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཏུ་གྱུར་འདུག་མོད། ད་ལན་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང་ནུས་པ་མཉམ་ཕུད་བྱས་པའི་གྲུབ་འབྲས་དང་། ཁྱད་པར་དུ་མཁན་པོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་ལོ་རྒྱུས་དེབ་གསར་འདི་གསར་དུ་བྲིས་ཤིང་པར་སྐྲུན་ཞུ་བ་སོགས་ཀྱི་འགན་ཁུར་ཟབ་བཞེས་གནང་བའི་སྐུ་དྲིན་ལ་བརྟེན་ནས་འདི་ཉིད་ལེགས་གྲུབ་བྱུང་བ་ཡིན་ཚུལ་སོགས་ལོ་རྒྱུས་དེབ་གསར་འདིའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་གནས་ཚུལ་རྣམས་ཆད་ལྷག་མེད་པར་ཚོགས་མི་ཡོངས་ལ་སྙན་ཞུས་གཏམ་བཤད་དོན་ཚང་གནས་སྨིན་དུ་སྤེལ་བ།
དགོན་པའི་སྐྱབས་འོག་མི་སེར་ལྷ་སྡེའི་ཚབ་ཏུ་གཡུང་དྲུང་བསམ་འཕེལ་ལགས་ཀྱིས་དགོན་པའི་ལོ་རྒྱུས་དེབ་གསར་འདི་ལྟ་བུ་ཞིག་གསར་དུ་པར་སྐྲུན་ཞུ་ཐུབ་པར་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་རྟེན་འབྲེལ་ཞུས་ཤིང་། རྣམ་པ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཚུལ་གྱི་གཏམ་བཤད་གནད་ལ་ཁེལ་བ་ཞུས་པ།
ལོ་རྒྱུས་དེབ་གསར་དེ་རང་དགོན་པ་ནས་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་སྤེལ་ཚར་བ་ནས། དགོན་པའི་གྲྭ་ཚང་ཡོངས་དང་། དེ་བཞིན་དུ་མི་སེར་ལྷ་སྡེའི་དུད་ཁྱིམ་རེ་རེ་ལ་དེབ་རེ་རེ་རིན་མེད་བོན་སྦྱིན་གནང་བ་དང་། དེ་བཞིན་དུ་མདོ་དབུས་ཁམས་གསུམ་གྱི་བོན་གྱི་གྲྭ་ས་ཆེན་པོ་རྔ་བ་སྣང་ཞིག་དགོན་ཆེན་དུ་ཡང་དུས་ཚེས་འདི་དང་བསྟུན་ནས་བླ་མ་གྲྭ་ཚང་ཡོངས་རྫོགས་ལ་ལོ་རྒྱུས་དེབ་གསར་རེ་རེ་རིན་མེད་བོན་སྦྱིན་དུ་ཕུལ་ཏེ་དེབ་གསར་དེ་ཉིད་དུས་གཅིག་ཏུ་མདོ་དབུས་ཁམས་གསུམ་ལ་འགྲེམ་སྤེལ་ཞུ་ཐུབ་པའི་རྟེན་འབྲེལ་ལེགས་པར་བརྟགས་ཤིང་། མཐར་དགེ་འདུན་པ་ཚང་མས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་མཛད་སྒོའི་མཇུག་ལེགས་པར་བསྡུས་པ་བཅས།
བོད་ཆུ་སྟག་ཟླ་བ་དགུ་བའི་ཚེས་གཉིས། དཀར་ཕྱོགས་བཟང་བོ་གཉིས་པ། སྤྱི་ལོ༢༠༢༢/༡༠/༢༧ཉིན་ལ།