《ཁྱུང་ཡུལ་གྱི་འབྲུ་མའི་ལོ་རྒྱུས་སྔོན་མོ་ནས་ཀྱི་ས་བོན》ཞེས་པའི་དཔེ་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་སྤེལ་བ།
[ཟླ་ཚེས། 2022-02-13 20:45:49][རྩོམ་པ་པོ། གོ་སྒྲིག་ཚན་ཆུང།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《ཁྱུང་ཡུལ་གྱི་འབྲུ་མའི་ལོ་རྒྱུས་སྔོན་མོ་ནས་ཀྱི་ས་བོན》ཞེས་པའི་དཔེ་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་སྤེལ་བ།
དེ་ཡང་སྤྱི་ལོ༢༠༢༢ལོའི་ཟླ༢པའི་ཚེས༡༠ཉིན་གྱི་ཕྱི་དྲོ་ཕྱག་ཚོད༣པའི་ཐོག་སྟེང་ཆེན་རྫོང་ནག་ཚ་འགག་ར་ཁྲོམ་དྲི་མེད་ཚུལ་ཁྲིམས་ཀྱི་ཇ་ཁང་ཐོག་རྩིག་གཉིས་པའི་ཐོག་ཏུ་དངོས་སུ་མཛད་སྒོ་འཚོགས་ཤིང་། དབུ་འབྱེད་མཛད་སྒོའི་གདན་ཞུས་མི་སྣ་སྒང་རུ་དར་རྒྱས་དགོན་པའི་དབུ་བླ་དབྲ་ཁྱུང་མཁས་དབང་སྐལ་བཟང་ནོར་བུ་མཆོག་དང་། རྩེ་དྲུག་སྒོམ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་རབ་རྒྱས་རྣམ་དག ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭའི་སློབ་དཔོན་དགེ་བའི་བཤེས་གཉེན་ཆེན་མོ་བློ་གྲོས་རབ་གསལ། སྒང་རུ་དར་རྒྱས་དགོན་པའི་བླ་མ་ཤེལ་ཞིག་གཡུང་དྲུང་བསྟན་འཛིན་རྣམ་པ་བཞི་གཙོས། ཁྱུང་ཡུལ་གྱི་ལྷ་བྲིས་དབུ་མཛད་ཆེན་མོ་ལྡོང་མདོ་ཕུན་ཚོགས་འབྱོར་རྒྱས་དང་། ལྷ་རིས་དབུ་མཛད་ཆེན་མོ་ཡག་བཟའ་བུ་འབངས། ལྷ་རིས་དབུ་མཛད་ཆེན་མོ་ཧོར་ཚང་ནོར་བུ་གཡུལ་རྒྱལ། རྒྱས་དགེ་བུ་གཡང་ཉི་མ། སྨན་རམས་པ་དགེན་སྐལ་བཟང་ཟླ་བ། ཁྱུང་བྲིས་ཀྱི་དབུ་མཛད་ཆེན་མོ་ཆུང་རྒྱུང་ཚེ་དབང་མཐར་ཕྱིན། ཡར་འགག་གཡུང་དྲུང་ཚེ་དགའ། རིག་རྩལ་བང་མཛོད་གླིང་གི་དགེ་རྒན་གཡུང་དྲུང་ཚེ་རིང་སོགས་ཆེད་ཕེབས་གནང་ཡོད།
ཉིན་འདིའི་མཛད་སྒོའི་མདོ་འཛིན་པ་དགེ་ལེགས་དཔལ་ལྡན་མཆོག་ནས་གནང་ཞིང་། དང་པོ་མཛད་རིམ་གསལ་བསྒྲགས་གནང་བ་དང་མཚུངས། མཛད་སྒོའི་ཆེད་དེབ་《ཁྱུང་ཡུལ་གྱི་འབྲུ་མའི་ལོ་རྒྱུས་སྔོན་མོ་ནས་ཀྱི་ས་བོན》འདི་ཉིད་འབྲི་བའི་རྒྱུད་རིམ་དང་། དམིགས་ཡུལ། ཁྱད་བོན། དགོས་པ་སོགས་གསལ་བཤད་དང་། དེ་ནས་གཙོ་སྐྱོང་པ་ཉིད་ནས་མཛད་སྒོའི་དབུ་འབྱེད་ཀྱི་མཚམས་སྦྱོར་དང་སྦྲགས། དེབ་འདིའི་རྩོམ་པ་པོ་བྲུ་རྒྱལ་སྲས་སེམས་དཔའ་མཆོག་ནས་ཆེད་དེབ་འདི་རྩོམ་པའི་རྒྱུད་རིམ་དང་ནང་དོན་སོགས་དུས་ཚོད་དང་བསྟུན་པའི་ངོ་སྤྲོད་བྱས་མཚམས། དབྲ་ཁྱུང་མཁས་དབང་བསྐལ་བཟང་ནོར་བུ་དང་། བླ་མ་བསོད་ནམས་འགྱུར་མེད། སློབ་དཔོན་བློ་གྲོས་རབ་གསལ། བླ་མ་གཡུང་དྲུང་བསྟན་འཛིན་རྣམ་བཞིས་དེབ་ཀྱི་དར་རས་ཀྱི་ཡོལ་བ་དངོས་སུ་ཕྱེས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་དངོས་སུ་གནང་།
མུ་ནས་གཙོ་སྐྱོང་པས་མཛད་སྒོའི་བརྗོད་གཞི་དང་འབྲེལ་མཚམས་སྦྱོར་བྱས་མཐར། དབྲ་ཁྱུང་མཁས་དབང་སྐལ་བཟང་ནོར་བུ་དང་། བླ་མ་ལོ་རི་བསོད་ནམས་འགྱུར་མེད། ཆུང་རྒྱུད་ཚེ་དབང་མཐར་ཕྱིན། དགེན་གཡུང་དྲུང་ཚེ་རིང་རྣམ་པ་བཞི་ནས་མཛད་སྒོ་འདི་འབྲེལ་གྱི་གཏམ་བཤད་ཀྱི་ལས་རིམ་སྤེལ་ཞིང་གྲུབ་མཚམས། ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭའི་སློབ་དཔོན་བློ་གྲོས་རབ་གསལ་མཆོག་ནས་ཉིན་འདིའི་མཛད་སྒོའི་མཇུག་བསྡུའི་གཏམ་བཤད་གནང་། དེ་ནས་དེབ་འདིའི་རྩོམ་པ་པོ་མཆོག་ལ་མཛོད་སྒོའི་དབུ་བཞུགས་རྣམ་པ་གཙོས་ཆེད་ཕེབས་ཚོགས་ཞུགས་རྣམས་ནས། ཡི་རངས་རྟེན་འབྲེལ་གྱི་མགུར་དར་སྒྲོན་ཏེ་བཀྲ་ཤིས་ཁ་དགེའི་ངང་ནས་ཉིན་འདིའི་མཛད་རིམ་མཇུག་ལེགས་པར་གྲུབ་པ་བཅས་སོ། །
མཛད་སྒོའི་གོ་སྒྲིག་ཚན་ཆུང་ནས།
གླེང་གཞི།
ད་ལན《ཁྱུང་ཡུལ་གྱི་འབྲུ་མའི་ལོ་རྒྱུས་སྔོན་མོ་ནས་ཀྱི་ས་བོན》ཞེས་པའི་གླེང་བསླངས་ནས་དེའི་གཞི་བཤད་པར་བྱ་བ་ལ། ཁྱུང་ཡུལ་ནི་སྔོན་ཞང་ཞུང་དང་མཚུངས་པའི་ཐ་སྙད་ཅིག་སྟེ་ཞུ་ཡས་ཀྱི《སྒྲ་བསྡེབས》ནང་དུ་ཞང་ནི་བྱ་དང་ཞུང་ནི་ཁྱུང་ལ་ཟེར་བ་བསྒྱུར་ཡོད། ཁྱུང་གི་རུས་དང་ཁྱུང་གི་རིག་གནས་ཀྱིས་བཟུང་པའི་ཡུལ་ལ་ཁྱུང་ཡུལ་ལམ་ཞང་ཞུང་ཞེས་གནའ་བོའི་བོན་གྱི་དཔེ་རྙིང་དག་ལས་གསལ། བཀའ《ཀུན་འབུམ་ཁྲ་བོའི》ནང་དུ་སྟོན་པ་གཤེན་རབ་མི་བོས་དགུང་ལོ་བཅུའི་ཐོག་སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་རུ་སྐད་བསྒྱུར་བ་དང་། གཡུང་དྲུང་བོན་གྱི་བསྟན་པ་གཟུག་པར་དགོངས་ནས་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན་གཅིག་ལ་ཆིབ་ཀྱི་ཡི་གེ་མགུལ་དུ་བཏགས་པ་ནས་བཟུང་། ལོ་བྱ་ལོའི་གཏན་ཚིགས་ཀྱང་དེ་ནས་བྱུང་བ་དང་ལྟ་བ་ཁྱུང་ཆེན་གྱི་གཏན་ཚིགས་ཀྱང་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་སྤེལ་དུ་གཤེགས་སྐབས་དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱི་རྒྱལ་པོ་ཐོག་མ་རུ་བྱོན་ཞིང་རིམ་པར་ཁྲི་འདུལ་སྣང་རྩེ་དང་ཁྲི་གང་གཡུ་རྩེ་ལ་སོགས་ཞང་ཞུང་བར་པའི་ཡུལ་དང་། གཡུང་དྲུང་མུ་ལེའི་དབུས་རྟ་སྒོ་ཤེར་གྱི་གངས་ར། མ་པང(ཕང)གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར་ཞང་ཞུང་སྒོ་པའི་ཡུལ་དུ་བྱོན་ནས་རིམ་པར་བོན་བསྟན་ཁྱབ་སྤེལ་མཛད་ཅིང་། ཁྱུང་ལུང་སྤྲུལ་པའི་མཁར་སོགས་མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་དང་ཡང་འདུལ་གསས་མཁར་སུམ་བརྒྱ་དྲུག་ཅུ། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩེགས་པ་སོགས། སྟོན་པས་བོན་འཁོར་སྐོར་སྟངས་སམ་བོན་བསྟན་རིག་གནས་སྤེལ་སྟངས་ཀྱི་ཐོག་ནས་ཞང་ཞུང་ལ་སྒོ་ཕུག་བར་གསུམ་གྱི་རབ་དབྱེ་བསྟན་པ་དང་། འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན་ལ་ཆིབ་ཀྱི་ཡི་གེ་མགུལ་དུ་བཏགས་ཤིང་སྟོན་པ་མཆོག་རླབས་ཆེན་བྱ་ཁྱུང་ལ་བཅིབས་ནས་སྤེལ་བའི་བོན་བསྟན་རིག་གནས་སམ་ཁྱུང་གི་རིག་གནས་དར་ཡུལ་ལ། 《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》ལས། “ཞང་ཞུང་སྒོ་ཕུག་བར་གསུམ་ལའང་གསུམ་མོ། །དེ་གང་ཞེ་ནའང་། གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་དུ་ཡོད་པ་ལ། དེ་ཡང་གཡས་ནི་ཕུག་སྟག་རི་ཁྲ་བོ་སྨན་གྱི་རི་དང་། བར་ལ་མོ་གངས་ར་ཕྱི་ཡི་རི། སྒོ་མཁའ་འགྲོ་འདུས་གླིང་རྩ་ཡི་རི་དང་གསུམ་མོ། །དེ་ལྟར་དུའང་གཡོན་སྒོ་ཕུག་ཏི་སེ་དང་མ་པང་གཡུ་མཚོ། བར་རྟ་སྒོ་དང་དང་ར་གཡུ་མཚོ། སྒོ་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་གསུམ་མོ། །དེ་ལྟར་དུའང་དབུས་སྒོ་ནི། ཕུག་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་རྔུལ་མཁར། བར་ལྷ་རི་གྱང་ཏོ་དང་རྒྱ་མཁར་བན་གླིང་། སྒོ་ཤེ་ལེ་རྒྱ་སྐར་དང་ཁྱུང་པོ་སྟེང་རྫོངས་སོགས་གསུམ་མོ། །”ཞེས་ལོ་ཙཱ་བ་རྣམས་བྱོན་ལུགས་ལྟར་ཞང་ཞུང་ལ་སྒོ་ཕུག་བར་གསུམ་ཕྱེ་བའི་ས་ཁོངས་ཧ་ཅང་རྒྱ་ཆེ་བ་མ་ཟད། སྡེ་ལ་ཁྲི་སྡེ་བཅོ་བརྒྱད་དང་། ཡུལ་ལ་ཡུལ་ཆེན་བཅོ་བརྒྱད། དེ་ལ་དབང་སྒྱུར་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་དེ་དག་གི་རྩ་བའི་གསས་མཁར་རམ་ཕོ་བྲང་ལ་ཕུག་པའི་ཡུལ་དུ་ཁྱུང་ལུང་རྔུལ་མཁར་དང་། བར་པའི་ཡུལ་དུ་དང་ར་ཁྱུང་རྫོང་། སྒོ་པའི་ཡུལ་དུ་ཁྱུང་པོ་སྟེང་རྫོང་ཞེས་དེང་ཆར་ཁྱུང་པོ་སྟེང་ཆེན་ནི་བྱ་རྒྱལ་ཁྱུང་གི་རིག་གནས་ཀྱི་ལྟེ་བའི་ཁྱབ་ཁོངས་སུ་བརྩི་བའི་ཞང་ཞུང་དབུས་སྒོའི་ཁོངས་སུ་གཏོགས།
གཅིག ཁྱུང་པོ་སྟེང་ཆེན་ལ་དར་བའི་འབྲུ་མ་ཁྱུང་བྲིས་སམ་འབྲུ་མའི་ཡི་གེ་འདི་ནི་དེང་ཆར་ཚད་ལྡན་གྱི་གཏེར་རྫས་གནའ་དཔེ་དག་གི་ཐོན་ཁུངས་ལ་གཞིག་ན། གོང་དུ་ལོ་ཙཱ་བ་བྱོན་རིམ་ལྟར་ཞུས་པ་ནང་བཞིན《མངའ་རིས་མཐོ་ལྡིང་དགོན་གྱི་གནའ་དཔེ་ཆོ་ག་ཕྱག་ལེན་དང་བོད་བཙད་པོ་དང་གུ་གེ་རྒྱལ་རབས་བཀོད་པའི་དཔེ་རྙིང》ལ་སོགས་ཀྱི་རྩ་བའི་ཡིག་གཟུགས་ནི་ད་ལྟ་ཁྱུང་ཡུལ་གྱི་འབྲུ་མའི་ཡིག་གཟུགས་དང་བྲིས་རིམ་གཅིག་མཚུངས་ཡིན་པས། དུས་རབས་བཅོ་ལྔ་པའི་ནང་དུ་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《རྒྱལ་རབས་བོན་གྱི་འབྱུང་གནས》ལས“སྨར་ཆུང་དབུ་ཆེན་དུ་བསྒྱུར། སྨར་ཆེན་འབྲུ་མར་བསྒྱུར།”ཞེས་གསུངས་པ་ནང་བཞིན་འབྲུ་མ་ནི་དང་པོ་ཞང་ཞུང་ཕུག་པའི་ཁོངས་གཏོགས་ཞང་ཞུང་སྨར་གྱི་ཡི་གེ་ལས་བྱུང་བ་དང་རིམ་པར་བར་པ་དང་སྒོ་པའི་ཡུལ་ལ་དར་ཁྱབ་ཏུ་གྱུར་པ་གསལ། ད་ལྟའང་དབྲ་རིགས་ཁྱུང་སེར་རྒྱལ་པོའི་གདན་ས་བྱ་ཟེ་ཡངས(ཡར)རྫོངས་དགོན་དུ་སྟོན་པའི་བཀའ་ཁམས་ཆེན་དཔེ་རྙིང་ཞིག་བཞུགས་ཡོད་པས་དེའི་ནང་གི་ཡིག་གཟུགས་ལ་ཡིག་མགོ་ཕལ་ཆེར་སྨར་ཆུང་ཡིན་ཡང་། ཡི་གེའི་ལུས་དབུ་ཅན་དང་འབྲུ་མ་འདྲེས་མ། བུ་དྲུག་བཏགས་པ་ལ་སྨར་ཆེན་གྱི་ཡ་བཏགས་དང་ར་བཏགས་མ་དོར་བར་ཡོད་པ་རེད།
གཉིས། སྤུ་རྒྱལ་བཙན་པོའི་དུས་སྟོད་དང་དུས་སྨད་གང་ལ་ཁེལ་བ་མ་ཤེས་མོད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་། པ་ཚབ་པ་སངས་དབང་འདུས། ལྕགས་མོ་མཚོ་སོགས་མི་ཚེ་ཞིབ་འཇུག་ལ་བསྐྱལ་བའི་ལོ་རྒྱུས་སྨྲ་བ་དུ་མ་ཞིག་གིས《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་དཔེ》དེ་མིག་སྔར་བརྒྱ་ཁ་གཅིག་གྲགས་ཀྱི་ཚུལ་དུ་སྤུ་རྒྱལ་བཙན་པོའི་དུས་ཀྱི་ཡིག་རྙིང་ཡིན་པ་ངོས་འཛིན་བྱུང་བར་བརྟེན། དཔེ་རྙིང་དེའི་ཡིག་གཟུགས་དང་ད་ལྟའི་ཁྱུང་པོའི་འབྲུ་མའི་བར་བསྡུར་ན་རྩ་བའི་སྒྲོམ་གཞི་གཅིག་མཚུངས་སུ་གྱུར་པའི་འཕྲུལ་ཡིག་ཉི་ཤུ་རྩ་དགུ་རྙེད་ལ། དཔེ་རྙིང་དེའི་སྟོད་ཤོག་ཕལ་ཆེར་ད་ལྟའི་ཁྱུང་པོའི་འབྲུ་མའི་ཡིག་གཟུགས་དང་སྒྲོམ་གཞི་གཅིག་ཡིན། སྨད་ཤོག་ཚོ་གཅིག་དབུ་ཅན་ལ་འགྱུར་བའི་རྣམ་པ་ཡོད། དཔེ་རྙིང་ནང་ད་ལྟའི་ཁྱུང་པོའི་འབྲུ་མའི་ཡི་གེ་དང་བསྡུར་ཡ་མ་རྙེད་པ་དེ་ནི་འཕྲུལ་ཡིག་ཉི་ཤུ་པ“ཝ”ཡིན་ལ་ཡུལ་འགའ་ཤས་ཀྱིས་བ་ལ་ཝ་འབོད་མཁན་མང་སྟབས་ཝ་ཡི་ཚབ་ཏུ་བ་བཀོལ་བ་མིན་ནམ་སྙམ། དེས་ན་ད་ལྟ་ཁྱུང་པོའི་འབྲུ་མ་འདིའི་རྩ་བའི་སྒྲོམ་གཞི་ནི་སྤུ་རྒྱལ་བཙན་པོའི་དུས་ནས་ཡོད་པའི་བྲིས་སྲོལ་ཞིག་ཡིན་པར་དངོས་ར་འཕྲོད།
གསུམ། འབྲུ་མ་ཞེས་པ་ནི་འབྲུ་རིགས་ཀྱི་མིང་ཡིན་ལ། སྔོན་སྤུ་རྒྱལ་བཙན་པོའི་དུས་སུ་བོད་རུ་བཞིའི་ས་གནས་ལ་འབྲུ་རིགས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་ཡི་གེ་ལ་ནས་སྔོ་མོ་འཕྱིང་དཀར་སྟེང་དུ་བཀྲམ་འདྲ་ཞེས་འབྲུ་རིགས་ཀྱི་མིང་བརྡས་ཁྱད་པར་བྱས་ཤིང་། འབྲུ་མ་གཅིག་དང་འབྲུ་མ་གཉིས་ཞེས་གྲངས་འདྲེན་ནམ་གྲངས་ཀ་རྩི་བྱེད་ཡང་འབྲུ་རིགས་འཕེན་པ་ངེས། འབྲུ་རིགས་ནི་ཆབ་མདོ་མཁར་རོ་གནའ་ཤུལ་ནས༡༩༧༧ལོར་གསར་རྙེད་བྱུང་བའི་རྫ་མ་ལྟོ་གཉིས་མའི་ནང་འབྲུ་རིགས་ཀྱི་འགྱུར་རྡོའམ་ནས་འབྲས་ཀྱི་སོ་བ་ཐོན་པ་དེ་དག “བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཞུ་ཆེན་ལོ་ཙཱ་བ་ཚེ་མགོན”གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདི་ནས་ཡར་བརྩིས་པའི་མི་ལོ ༤༠༠༠དང༥༠༠༠གི་ལོ་རྒྱུས་ཡོད་པ“རིགས་གཅིག་མཁས་ཅན་གྱིས་དངོས་སུ་ར་སྤྲོད་གསལ་པོ་བྱས་ཡོད”ཅེས་བཤད། དེ་ན་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་བོད་ཀྱིས་འབྲུ་རིགས་བེད་སྤྱོད་བྱེད་ཀྱི་ཡོད་ལ། འབྲུ་མའི་རིག་གནས་དང་འབྲེལ་བའི་ཡི་གེ་འདི་ཡང་དང་པོ་ཞང་ཞུང་གི་ཡུལ་ནས་བོད་ཡུལ་རོང་ཁུལ་ལ་ཐོག་མར་དར་སྐབས་འབྲུ་རིགས་ཀྱི་དབྱིབས་སུ་བཏོད་དེ་བྲིས་པས་འབྲུ་མ་ཞེས་ཐོགས།
བཞི། རགས་རྩིས་བྱས་པ་ལྟར་ན་ཁྱུང་ཡུལ་དུ་འབྲུ་མའི་རིགས་ག་ཚོད་ཡོད་ཟེར་ན་འབྲུ་མ་ཁྱུང་བྲིས་དང་། འབྲུ་མ་རྟ་རེའི་ཁམས། འབྲུ་མ་སྒོ་ཐང་ཁམས། འབྲུ་མ་ག་གཟིའི་ཁམས། འབྲུ་མ་སྒང་རྟོག་ཁམས། འབྲུ་རྙིང་ནོར་བུ་མ། ལྗང་བྲིས་ནོར་བུ་མ། འབྲུ་མ་སྐམ་ལུང་ཁམས། འབྲུ་མ་ལྷོ་བྲིས་ཁམས། འབྲུ་མ་ཁྲ་ཡི་ཁམས། འབྲུ་མ་མགར་བའི་ཁམས། འབྲུ་མ་མ་ནིའི་ཁམས་སོགས་འབྲུ་མའི་བྲིས་ཁམས་བཅུ་གཉིས་ཡོད། དེ་དག་ལ་འབྲུ་མ་ཞེས་འདོགས་པའི་དགོས་པ་ནི་ནང་གི་དཀར་ཆའམ་མ་མའི་སྤྱི་ཁོག་ནས་འབྲུའི་དབྱིབས་ལྟར་ཡོད་པས་འབྲུ་མ་དང་། ཕྱི་ཡི་ནག་ཆ་དབུ་མེད་སྒུར་གཟུགས་ཡིན་པས་སྒུར་རྩ་ཞེས་ཟེར་ཞིང་ད་ལྟའང་ཁྱུང་ཡུལ་གྱི་བྲིས་རྒན་རྣམས་ལ་འབྲུ་མ་ནི“ནས་རྗེན་སྤུ་བཅད”འདྲ་བ་དགོས་པའི་ཞལ་རྒྱུན་ཡོད། འབྲུ་ཁམས་དེ་དག་གི་རྩ་བའི་ཁྱད་པར་ནི་དུས་རབས་དང་འཚམས་པའི་འབུར་ཐོན་གྱི་འབྲུ་བྲིས་དབུ་ཆེན་རྣམས་ཀྱི་ལག་གཤིས་ལས་ཕལ་ཆེར་རུས་མིང་གིས་ཁྱད་པར་དུ་བྱས་པ་ཞིག་ཡིན།
ལྔ། འབྲུ་ཁམས་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་བོན་རྣམས་མི་རབས་ནས་མི་རབས་བར་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་ཚུལ་དུ་ཉར་བའི་རྩ་བ་དང་རྒྱུད་པ་ཅན་ནི་དེ་དག་རྒྱུན་སྐྱོང་བྱེད་མཁན་གྱི་ད་ལྟའི་བྲིས་རྒན་དག་ཡིན་ལ། གལ་ཏེ་ཁོང་རྣམ་པའི་ཤ་གསེང་དང་རུས་གསེང་དུ་ཐིམས་པའི་མན་ངག་རྣམས་ཤོག་ཐོག་ཏུ་མེད་ན། མ་འོངས་པར་རིགས་ཀྱི་མི་རབས་རྗེས་མ་ཚོར་རྩིས་སྤྲོད་ཞུ་ཐབས་བྲལ་ཞིང་སྒེར་གྱི་ཁེ་ཕན་དང་འཐེན་འཁྱེར་གྱིས་བསླད་ནས་ངག་རྒྱུན་ཙམ་ལས་ཡང་དག་རྒྱུན་འདེད་བྱེད་མཁན་ཤིན་ཏུ་དཀོན་པས། དེའི་ཕྱིར་ཁོ་བོས་སྤྱི་ལོ༢༠༡༥ལོ་ནས་བཟུང་ཁྱུང་ཡུལ་གྱི་འབྲུ་མའི་རྒྱུད་འཛིན་པ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་དང་། ཨ་ཁུ་ལྷ་སྒང་། ཨ་སྦོ་ཚེ་དགའ། འཕྲིན་ལས་མཐར་ཕྱིན། དགེ་བཤེས་བསྟན་འཛིན་དགེ་ལེགས། ནོར་ལྷ། བྱམས་མགོན། བཀྲ་ཤིས་དོན་འགྲུབ། ག་གཟི་འཆི་མེད། རྒྱལ་མཚན་སོགས་འབྲུ་བྲིས་དབུ་ཆེན་རྣམས་དང་དེ་འབྲེལ་ལོ་རྒྱུས་མཛུབ་སྟོན་མཁན། སྒང་རུ་དར་རྒྱས་དགོན་པའི་དབུ་བླ་དབྲ་ཁྱུང་སྐལ་བཟང་ནོར་བུ་དང་། རྩེ་དྲུག་སྒོམ་གྲྭའི་མཁན་པོ་ལོ་རི་བསོད་ནམས་འགྱུར་མེད། ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭའི་སློབ་དཔོན་བློ་གྲོས་རབ་གསལ་དང་། ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བཤེས་དྲང་སྲོང་ཉི་མ། ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་རྒན་བཀའ་རམས་པ་ཡ་འགག་དགེ་ལེགས་དཔལ་ལྡན་སོགས་མཁས་དབང་དུ་མར་བཅར་འདྲི་ཐེངས་མང་ཞུས་མཐར། ད་བཞུགས་རྒྱུན་འཛིན་དབུ་མཛད་རྣམ་པའི་གསུང་དོན་གཙོར་བཞག་ཐོག《ཁྱུང་ཡུལ་གྱི་འབྲུ་མའི་ལོ་རྒྱུས་སྔོན་མོ་ནས་ཀྱི་ས་བོན》འདིའི་ནང་དོན་ལེའུ་གསུམ་དུ་བྱས་ནས་བྲིས་ཤིང་། ལེའུ་དང་པོའི་ནང་དུ་སྤྱིར་ཞང་བོད་ཀྱི་ཡི་གེའི་ལོ་རྒྱུས་དང་། ལེའུ་གཉིས་པའི་ནང་སྐབས་བབ་སྔོན་གྱི་འབྲུ་མའི་ལོ་རྒྱུས་དང་ངོ་བོ། ཁྱུང་ཡུལ་ལ་དར་ཁྱབ་བྱུང་ཚུལ་སོགས་འབྲུ་མའི་ཁྱད་བོན་སྐོར། ལེའུ་གསུམ་པའི་ནང་རུས་ཚན་ལྟར་འབྲུ་མའི་བྱུང་རིམ་ལ་སྦྱར་ནས་བྲིས་ཁམས་བཀོད་པ་བཅས་ཡིན། མདོར་ན་འདི་ལོ༢༠༢༡ལོར་མ་ཐུག་བར་ལོ་ངོ་བདུན་རིང་ཁྱུང་ཡུལ་སྟོད་སྨད་བར་གསུམ་གྱི་བྲིས་རྒན་རྣམས་ལ་ཞལ་རྒྱུན། མན་ངག ཉམས་མྱོང་སོགས་བཀའ་འདྲི་ཞུས་ནས་གནད་ཟིན་བཏབ་པ་རྣམས་ཀྱིས་ཟུར་རྒྱན་བྱས་ཤིང་། གཞན་ཡང་ཕྲན་ལ་སྐྱེས་སྦྱངས་ཀྱི་ཤེས་རབ་དབུལ་ཞིང་ཁྱད་པར་དུ་དེང་རབས་ལོ་རྒྱུས་རིག་པའི་ཐབས་ལམ་དང་ཞིབ་འཇུག་གི་རྒྱབ་ལྗོངས། དེ་འབྲེལ་ཡིག་ཚང་དཔེ་རྙིང་། ཁྱུང་ཡུལ་གྱི་འབྲུ་བྲིས་དབུ་ཆེན་རྣམས་ཀྱིས་གསུངས་པ་ལྟར་ཁུངས་བཅོལ་གཏུག་ཞིབ་ཀྱི་བརྡར་ཤ་མ་ཆོད་ནས། གནད་ཐོག་འགལ་འཛོལ་གྱི་ནོར་འཁྲུལ་མི་ཉུང་བ་ཡོད་སྲིད་པས་གཟུར་གནས་མཁས་དབང་ཚོགས་ལ་དགོང་ཡངས་ཞུ་བ་དང་སྦྲགས་ལེགས་བྱས་གང་ཡོད་ད་ལྟ་འབྲུ་མའི་ལོ་རྒྱུས་ལ་ཞིབ་འཇུག་གནང་བཞིན་པ་དང་། མ་འོངས་པ་རུ་གནང་བར་འགྱུར་བའི་ཤེས་ལྡན་ཁག ཡང་སྒོས་རང་རིགས་གཞོན་སྐྱེས་གསར་བུ་རྣམས་ཀྱི་ཐུགས་སུ་ཁྱུང་ཡུལ་གྱི་འབྲུ་མའི་ལོ་རྒྱུས་གཙང་མ་ཞིག་འཆར་བའི་ས་བོན་ཙམ་དམིགས་ཏེ་ལོ་ལེགས་སྟོན་ཞིང་གི་དཔལ་ལ་འགྲན་པའི་སྨོན་ལམ་དང་སྦྱར། ཐ་ཚན་མུ་ཙུག་སྨར་རོ། །
སྤྱི་ལོ༢༠༢༡ལོའི༡༢པའི་ཚེ༥ཉིན་རྩོམ་པ་པོས།