གཉན་རོང་ཆབ་མདོ་དགོན་པའི་༼ཆུ་སྟག་ལོའི་ལོ་ཐོ༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2022-01-07 09:48:50][རྩོམ་པ་པོ། གཉན་རོང་ཆབ་མདོ་དགོན་སྐར་རྩིས་འཛིན་གྲྭ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   སྤྱིར་ན་དེང་ཆར་སྐར་རྩིས་རིག་པའི་གཞུང་ལུགས་མེ་ཏོག་སྣ་མང་སྤུངས་པའི་དགའ་ཚལ་ལྟ་བུར་འཆིས་ཤིང་དེ་མཚུངས་ལོ་ཐོ་ལའང་རྒྱས་བསྡུས་སོགས་མ་ངེས་སྣ་ཚོགས་ཡོད་པ་ལས།   འདིར་རང་ལུགས་ཁྱུང་སྤྲུལ་རིན་པོ་ཆེའི་རྩིས་གཞུང་དཔྱད་གསུམ་དག་རྩིས་ལྟར་ཉི་ཟླ་གཟའ་སྐར་དང་འབྱུང་བའི་འགྱུར་ལྡོག གོ་ལའི་འཁོར་འགྲོས་སོགས་དེང་རབས་ཚན་རིག་དང་མཐུན་པ་ཆེ་བའི་ཡང་གསང་ལུགས་གཞིར་བྱས་ནས་སྤྱི་ལོ་༢༠༢༢བོད་ཆུ་སྟག་ལོའི་ལོ་ཐོ་རྒྱས་པ་འདི་ཡང་། གཉན་རོང་ཨ་གྲགས་ཆབ་མདོ་དགོན་ཞང་ཞུང་བར་པའི་བཤད་སྒྲུབ་སློབ་གླིང་སྐར་རྩིས་འཛིན་གྲྭས་སློབ་སྦྱོང་གི་བར་གསེང་དུས་ཚོད་བེད་སྤྱད་བྱས་པའི་འབད་འབྲས་ས་བཅད་མ་སྟོང་པ་ཙམ་ཞིག  འབྱུང་ལྡན་ཟླ་ཐིག་རྩེ་མོ་ཆུ་སྟག་ལོའི་ལོ་ཐོ་“དགོས་འདོད་ཆུ་གཏེར”ཞེས་པ་འདི་ཕབ་པ་ལགས། སྤྱིར་ལོ་ཐོའི་སྒྲིག་སྟངས་བསྟན་རྩིས་དང་ལྔ་བསྡུས། གཟའ་ལྔ་། གླང་རྩིས་སོགས་དཔྱད་གསུམ་ཡང་གསང་ལྟར་གཞིར་བཞག་ཐོག་དུས་གཟེར་སྐོར་ཞང་ཞུང་རྒན་པོའི་ངག་རྩིས་གཙོས་ཞང་བོད་མཐོ་སྒང་གི་གནམ་གཤིས་ས་བབ་དང་ཆེས་མཐུན་པའི་དཔྱད་གསུམ་དུས་གཟེར་རྣམས་ཀྱིས་ཟུར་རྒྱན་བྱས་ཡོད། འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས་མཆོག་གིས་ལམ་སྟོན་བཀའ་དྲིན་བསྩལ་བའི་འོག སྐར་རྩིས་རིག་པ་ལ་དུང་བ་མཚོ་ལྟར་ཟབ་པའི་རྒྱ་ཆེའི་སྤུན་ཟླ་ཡོངས་ཀྱིས་སྤྱན་ལམ་འབུལ་རྒྱུའི་སྐལ་བཟང་བྱུང་སོང་། འདི་ལ་ཐུགས་ཁུར་གནང་མཁན་བླ་མ་ཚུལ་ཁྲིམས་ནོར་བུ་རིན་པོ་ཆེ་དང་དགེན་བསོད་ནམས་རྒྱ་མཚོ། དེ་བཞིན་དཔེ་སྐྲུན་དོངས་ཀྱི་སྦྱིན་བདག་བཤད་སྒྲུབ་སློབ་གླིང་། བར་བཅུག་རི་མོ་བ་སྒ་ཚེ་རིང་བཀྲ་ཤིས། བཅས་འབྲེལ་ཡོད་རྣམ་པ་ཐུགས་རྗེ་ཞུ་རྒྱུ་དང་། ངེད་རྩོམ་སྒྲིག་གི་དུས་ཡུན་ཐུང་བ་དང་།  དམིགས་གསལ་གྱི་དུས་ཚོད་དབེན་ཞིང་ཞོར་ལས་སོགས་ཀྱིས་སྐྱོན་དང་ནོར་བ་མང་དག་ཅིག་ཡོད་སྲིད་པས།  གཙུག་ལག་རིག་པའི་གཞུང་ལ་མཁྱེན་བརྒྱ་ཡངས་པའི་མཁས་དབང་རྣམས་ཀྱིས་ནོར་སྐྱོན་ཅི་མཆིས་འཛེམས་མེད་ཉེས་སེལ་ཐད་དགོངས་འཆར་ཡོད་པར་མཁྱེན། 
སློབ་གཉེར་བ་གཡུང་དྲུང་བསྟན་འཛིན་གྱིས་དབུས་ལྷ་ལྡན་ཉི་མའི་གྲོང་ཁྱེར་ནས།     ༢༠༢༢ལོ་ཟླ་༡ཚེས་༡ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།