མི་ནུབ་དགོན་པའི་གདན་རབས་ལོ་རྒྱུས་པར་བསྐྲུན་ལེགས་གྲུབ་བྱུང་བ།
[ཟླ་ཚེས། 2022-01-01 09:48:16][རྩོམ་པ་པོ། དམུ་དགེ་བཤེས་བསྟན་འཛིན་དབང་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བཀླགས་མི་ཚར་བའི་ཁྱེད་ཉིད།
དགེ་བའི་བཤེས་གཉེན་ཆེན་མོ་དམུ་བསྟན་འཛིན་དབང་གྲགས་མཆོག་གིས་མཛད་པའི་མི་ནུབ་དགོན་གྱི་གདན་རབས་ལོ་རྒྱུས་ཞེས་པའི་དཔེ་དེབ་གསར་བའི་སྔོན་གླེང་གི་དོད་དུ།
དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བཤད་ན་ལོ་རྒྱུས་རིག་པ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་དང་། འཚོ་གནས་ཀྱི་སྲོག་ཤིང་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། དེ་བཞིན་མི་རིགས་དང་རྒྱལ་རབས། བླ་རབས་དང་དགོན་སྡེ་སོགས་ཀྱི་ལོ་རྒྱུས་ལས་གནའ་བོའི་མིའི་རིགས་ཀྱི་ཤེས་རབ་ཀྱི་གོ་རྟོགས་དང་། བསྟན་སྲིད་ཀྱི་དར་རྒུད་སོགས་གསལ་བར་མཐོང་ཞིང་། རིག་གནས་གང་ཞིག་དང་སྤྱི་ཚོགས་གང་ཞིག་གི་བློ་སྤོབས་ཐོད་རྒལ་གྱི་ལྟ་བ་ཡང་གསལ་བོར་མཐོང་ཐུབ་པ་ཡིན། དེ་བས། རིག་གནས་ཀྱི་རྔམས་ཀ་མཐུག་ཅིང་དཔྱད་འཇོག་གི་བློ་སྤོབས་བརྟན་པའི་དགེ་བའི་བཤེས་གཉེན་ཆེན་མོ་དམུ་དགེ་བཤེས་བསྟན་འཛིན་དབང་གྲགས་མཆོག་གིས་ཀྱང་འདས་པའི་ལོ་རྒྱུས་རིག་པ་ལ་ཁ་སྐོང་དང་མ་འོངས་ལོ་རྒྱུས་ཤུལ་འཇོག་ལ་དཔྱད་གཞི་སོགས་རིག་གནས་རིན་ཐང་གི་ལྟ་བ་བློས་བླངས་བྱས་ཏེ། གུ་ཡངས་སྒམ་དཀྱེལ་གྱི་ཐུགས་སྟོབས་བརྟན་པོས་སྐུ་ཚེ་དཔེ་ཀློག་དང་འཆད་ཁྲིད་ཀྱི་ཀློང་ལ་སྟིམ་ཞིང་། གཞོན་པའི་རྣམ་རིག་གི་ལང་ཚོའི་སྣང་བ་ལེགས་བྱས་བརྩོན་པ་དང་རེ་བའི་ལོ་ཟླར་ཐིམ་པའི་བར་གསེང་ནས། མི་ཚེའི་སྙིང་པོ་དོན་གྱིས་འཚོལ་བའི་དུས་ཚོད་གང་ཞིག་བེད་སྤྱོད་བྱེད་ཞོར་དུ༼མི་ནུབ་དགོན་པའི་གདན་རབས་ལོ་རྒྱུས༽ཞེས་པ་འདི་མཛད་པ་ལགས། དེ་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་ཁོང་གིས་འདི་ལྟར་མཛད་པའི་དམིགས་ཡུལ་ནི། མཚན་སྙན་དང་མཁས་རློམ་ལྟ་བུའི་ཅོལ་ཆུང་གི་ལྟ་གྲུབ་རྒྱང་དུ་དོར་ཏེ། ཁོང་ཉིད་མི་ཚེ་སློབ་གཉེར་ལ་གཞོལ་བའི་དཔེ་ཀློག་པ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་སྒོས་སུ་རང་དགོན་མི་ནུབ་དགོན་གྱི་ལོ་རྒྱུས་དང་དེར་འཛིན་སྐྱེས་བུ་དམ་པའི་མཛད་འཕྲིན་ལ་ཡི་རངས་དང་བཀའ་དྲིན་མཚོན་པའི་དྲན་རྟེན་དུ་མཛད་པ་ཁོང་གི་ཐོག་མའི་ཐུགས་འདུན་ཡིན་པ་གུས་པས་འདི་ནས་ཞུ་ཕོད་པའི་སྐད་ཆ་དེའོ།། རྒྱུ་མཚན་དགེ་བཤེས་ཁོང་དང་ངེད་གཉིས་ཀྱི་གོམ་པ་མཉམ་གཤིབ་ཀྱི་འདས་པའི་རྐང་རྗེས་ཁྲོད་དུ་ཕྱིར་མིག་ཅིག་འཕངས་ན། ངེད་གཉིས་ཀྱིས་མ་ཡུམ་སློབ་གླིང་ཆེན་མོའི་སྒོ་ཐེམ་གྱི་སྐས་ཚིགས་རེ་རེ་རྡོག་པས་མཉམ་དུ་མནན་ཞིང་། དགེ་རྒན་བཀའ་དྲིན་ཅན་གྱི་གདམས་ངག་གི་ཐིགས་པ་རེ་རེ་དཀའ་སྡུག་ཁྱུར་མིད་བཏང་པའི་ལོ་རབས་དེར་ལྷན་དུ་མཉན་པ་སོགས་ཁ་འདྲིས་སེམས་འདྲིས་ཀྱི་མཆེད་གྲོགས་རྩ་ཆེན་ཞིག་ཡིན་པའི་ཆ་ནས། ང་རང་ཁོང་གི་ཐུགས་གཤིས་དང་ཁོང་གི་ལྷག་བསམ་ལའང་དེ་བཞིན་ཆ་ཡོད་རྒྱུས་ཡོད་ཀྱི་གྲོགས་པོ་རྙིང་བ་ཞིག་ཡིན་ཟེར་ན་མི་ཆོག་པ་ཅི་ཡང་མེད་པར་སེམས། དེ་བས། ཁོང་གིས་གདན་རབས་འདི་རྩོམ་པའི་ཐོག་མའི་འཆར་གཞི་ནས་མཐའ་མའི་མཇུག་སྡོམ་གྱི་བར་དུའང་ངེད་གཉིས་ཀྱིས་ཕན་ཚུན་སེམས་པ་ཁེན་ཞིང་རིག་པ་བསྒྲིམས་ནས་གླེང་མོལ་བྱེད་མྱོང་བས་སོ།།
དེ་ལྟ་བུའི་གདན་རབས་མཛད་པ་པོ་ཁོང་ཉིད་ཉག་ཤོད་ཨ་འཛི་རོང་གི་ནགས་གཙང་བོན་སྡེ་ཞེས་སུ་གྲགས་པའི་ནང་ཚན་རི་འགོ་སྟག་མོ་སྒང་དུ་མེ་སྒ་ཚང་ཞེས་པའི་ཁྱིམ་དུ་ཡབ་དམུ་དམ་པད་མ་རྒྱལ་མཚན་དང་། ཡུམ་བསོད་ནམས་དཔལ་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༨༣ལོར་འཁྲུངས་པ་ལས། སྐུ་མཚན་མངོན་པར་བལྟམས་པའི་ལོ་རབས་དེར། ས་ལ་མེ་ཏོག་བཞད་རབ་དང་གནམ་ནས་གཡུ་འབྲུག་གྲགས་རབ་སོགས་ས་གཡོ་རི་ངུར་གྱི་རྟགས་མཚན་ངག་ནས་འཐོར་ཞིང་སེམས་ན་མི་ཤོང་བའི་དགེ་མཚན་གང་ཡང་གླེང་རྒྱུ་མེད་པར་སྣང་། འོན་ཀྱང་འཇིག་རྟེན་ཁ་དཔེ་ལ་བུ་རང་སྐྱེས་རིག་པ་གསེར་དུ་འགྱུར་ཞེས་པ་ལྟར། ཁོང་གིས་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་མཁས་པའི་ཁྲི་འཕང་མཐོན་པོའི་མངའ་ཐང་ཟུར་གྱིས་མནན་ཞིང་གདུལ་བྱ་སློབ་བུའི་ཐུགས་རྒྱུད་རབ་ཏུ་སྨིན་པར་བྱས་པ་སོགས་གདུལ་བྱ་འདུལ་ཚུལ་གྱི་མཛད་པ་མང་པོ་ཞིག་གླེང་རྒྱུ་ཡོད།
ཡིན་ནའང་འདི་ནས་ཁོང་ཉིད་ནར་སོན་པའི་གོ་རིམ་བསྡུས་ཏེ་བཤད་ན། དགུང་ལོ་བཅུ་ཡི་སྟེང་ནས་ཞང་བོ་ཚུལ་ཁྲིམས་མཐར་ཕྱིན་དང་བསང་ལུ་རྣམ་པ་གཉིས་ལ་བསྟེན་ནས་རིག་གནས་ཀུན་ཀྱི་རྨང་གཞི་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་ཤིང་། ཡང་བསྐྱར་མཁན་པོ་རིག་འཛིན་དབང་རྒྱལ་གྱི་སྐུ་མདུན་ནས་ཆོ་ག་ཕྱག་ལེན་དང་ཡིག་རིགས་འབྲི་ཀློག་བཅས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་བྱས། དེ་ནས་མི་ནུབ་གཡུང་དྲུང་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་དགོན་འདིའི་སྒྲིགས་ཁྲིམས་ཆེ་ཆུང་ཚུལ་བཞིན་ཁུར་གྱིན་བསླབ་པ་སློབ་གཉེར་གྱི་ལམ་ལ་ཞུགས་འགོ་ཚུགས། སྐབས་དེར་ཁོང་གིས་དགའ་མོས་བཞིན་ལྷ་རིས་སྒྱུ་རྩལ་གྱི་ཕྱོགས་ལ་སྦྱངས་པ་ཅུང་ཙམ་བྱས། དགུང་ལོ་བཅུ་བདུན་སྟེང་ལྷོ་རྒྱུད་བོན་གྱི་གདན་ས་ཆེན་མོ་ཀུན་མཁྱེན་ཤར་རྫ་བའི་རི་ཁྲོད་དུ་ཕེབས་ནས། མཚན་བརྗོད་པར་དཀའ་བ་སྙིགས་མའི་དུས་ཀྱི་འགྲོ་འདྲེན་ཆེན་པོ་ཤར་རྫའི་རྒྱལ་ཚབ་གཉིས་པ་མཐུ་སྟོབས་རྣམ་ རྒྱལ་རིན་པོ་ཆེའི་ཞབས་ལ་གཏུག་ནས་དཔལ་ཤར་རྫ་པའི་ལོ་གསུམ་སྒྲུབ་གྲྭའི་ཕྱག་སྲོལ་བཞིན་གསན་བཞེས་ལག་ལེན་ཚུལ་བཞིན་བྱས་པ་དང་། ཁྱད་པར་དུ་མཁན་སློབ་དཔང་པོ་བཞི་སྦྲགས་ཀྱི་མདུན་ནས་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་དཔལ་བཟང་ཞེས་པའི་མཚན་གསོལ་བའོ།།
༢༠༠༡སྟེ་དགུང་ལོ་བཅུ་དགུའི་སྟེང་གཡས་རུ་དབེན་ས་ཁ་གཉིས་པ་རུ་གྲགས་པའི་གཡུང་དྲུང་བོན་གྱི་འདུས་སྡེ་མདོ་སྨད་སྣང་ཞིག་དགོན་ཆེན་དུ་གྲྭ་སར་ཕེབས་ཏེ། ལོ་དེའི་བོད་ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་དངོས་ཞུགས་བྱས་ནས་སློབ་གླིང་གི་དགེ་རྒན་རྣམས་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རྫོགས་གསུམ་དང་། ཐུན་མོང་རིག་གནས་ཀུན་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐོས་པ་ཐུགས་སུ་སྨིན་ཞིང་དཔྱད་པ་དོན་དང་ལྡན་པར་བྱས་པ་དང་། ཁོང་གི་བརྩོན་པ་དང་དཔེ་མཚམས་ཀྱི་དམ་བཅའ་བརྟན་པོའི་སློབ་གླིང་དེ་ལ་མིག་དཔེ་དང་དགེ་སློབ་ཀུན་ཀྱིས་བསྟོད་འོས་བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཡང་ནས་ཡང་དུ་གཏོར།
༢༠༠༩ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་མཐར་ཕྱིན་ཞིང་༢༠༡༡ལོར་མདོ་སྨད་སྣང་ཞིག་དགོན་ཆེན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཏེ་སྣང་ཞིག་དགོན་གྱི་མཁས་མང་སྟག་སེང་འདུས་པའི་དབུས་དཀྱིལ་ནས་མདོ་སྔགས་རྫོགས་གསུམ་གྱི་དམ་བཅའ་དང་རྩོད་པར་ཞུགས་ཏེ་དགག་སྒྲུབ་ཚུལ་ལ་མཁས་པའི་སྐྱེས་བུ་དམ་པའི་རང་རྟགས་དོན་གྱིས་མངའ་ཞིང་དགག་སྒྲུབ་སུན་འབྱིན་གྱི་གཏན་ཚིགས་བཙན་པོ་ཡང་ནས་ཡང་དུ་བཀོད་མཐར། རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོད་པན་དཀར་པོ་དངོས་སུ་བསྩལ་ཏེ་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ལོ་དེར་ཁོང་གི་རྣམ་དཔྱོད་ཤེས་རབ་ཀྱི་དབལ་ཁ་དྲག་ཏུ་བརྡར་ཞིང་ཚོར་བ་དྭངས་སྙིགས་ཀྱི་སྤོབས་པ་ཆེས་ཆེར་རྒྱས་ཏེ། སྙན་ངག་བུ་མོ་མགྲིན་པའི་གྲོགས་སུ་བཀུག་ཅིང་རྣམ་རིག་ལང་ཚོ་ཚིག་གི་སྦུབས་སུ་དྲངས་པའི་སྙན་དེབ༼རྣམ་རྟོག་གི་ཞིང་ཁམས༽ཞེས་པ་ཞིག་ཤེས་རབ་བཙོ་སྦྱངས་བྱས་པའི་སྐད་ཆ་དང་འཆད་རྩོད་རྩོམ་ལ་འཇུག་པའི་གྲུབ་འབྲས་སུ་ཕུལ་བ་ལགས།
དེ་ནས་རྔ་སྨད་ཅོག་ལོ་དགོན་སྒོམ་སྒྲུབ་སློབ་གླིང་དང་ཤར་རྫའི་བཤད་སྒྲུབ་འདུས་སྡེ། རྒྱལ་རོང་བཤད་སྒྲུབ་སློབ་གླིང་སོགས་ཀྱི་གདན་ཞུས་དགེ་རྒན་གྱི་ཕྱག་ལས་རྒྱ་ཆེར་གནང་བ་དང་། མི་ནུབ་དགོན་གྱི་ཚོགས་ཆེན་མཁན་པོའི་ཕྱག་ལས་སོགས་མཛད་པ་མ་ཟད། ༢༠༡༨ལོར་མི་ནུབ་དགོན་པའི་བསྟན་བདག་བླ་མ་དང་། དགོན་པའི་མཁན་པོ། དོ་དམ་ཨུ་ཡོན་གྱི་ལས་སྣེ་རྣམས་ཀྱིས་བཀོད་སྒྲིག་དང་། ཡུལ་དགོན་གཉིས་ཀྱིས་རེ་བའི་སྤྱན་ཟུང་ཅེར་གྱིན་ཡོད་པ་དང་དུ་བླངས་ཏེ། མི་ནུབ་དགོན་སྒྲུབ་སྡེ་ཐེག་མཆོག་སྨིན་གྲོལ་གླིང་ཞེས། སྒྲུབ་པ་ཉམས་ལེན་བྱེད་སའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་གསར་འཛུགས་གནང་སྟེ། ཕྱི་ནང་ཁོར་ཡུག་ནང་རྟེན་ཚང་མ་ལེགས་པར་གྲུབ་མཐར། མཁན་པོ་བསྟན་འཛིན་དབང་གྲགས་རིན་པོ་ཆེ་མཆོག་གིས་ཐུགས་དགོངས་བཞིན་སྒོ་འབྱེད་ཀྱི་མཛད་སྒོ་ཟབ་རྒྱས་སྤེལ་ནས་སྒྲུབ་གྲྭའི་དབུ་དངོས་སུ་བཟུང་། དེ་བཞིན་མཁན་པོ་ཁོང་གི་བླ་ན་མེད་པའི་ལྷག་བསམ་གྱིས་ཉེ་བར་བསྐུལ་བའི་བསྟན་སྲིད་ཀྱི་འཕྲིན་ལས་ཏེ། སྐུ་ཚེའི་སྟོད་ཀྱི་མཛད་པ་མང་པོ་ཞིག་རང་རྣམ་དུ་གསལ་བས་འདིར་ཚིག་ཚོགས་ཉོག་པར་མཐོང་ནས་མ་བྲིས་སོ།།
མདོར་ན་གུས་པའི་གྲོགས་སུ་གྱུར་པའི་ཐོག་མའི་སློབ་གཉེར་བ་ཁོང་ཉིད། སློབ་མ་ནས་དགེ་བཤེས་དང་། དགེ་བཤེས་ནས་མཁན་པོར་གྱུར་པ་སོགས་མཛད་པ་ཡར་རྒྱས་ཀྱི་འཕྲིན་ལས་བསམ་ན། བདག་གིས་སེམས་ཀྱི་ཡི་རངས་གཙང་མ་དབང་མེད་ཤོར་ཞིང་། ལག་གི་མཐེ་བོང་ཟུང་གཅིག་ཅོལ་ལེ་བསྟན་དགོས་བྱུང་། དེ་བཞིན་མཁན་པོ་དམུ་དགེ་བཤེས་བསྟན་འཛིན་དབང་གྲགས་དང་ངེད་གཉིས་ཀྱི་མི་ཚེའི་བརྒྱུད་རིམ་ཁྲོད་ནས། ངས་ཁོང་ཉིད་ཤེས་ཤིང་ཁོང་ཉིད་མཐོང་སྟངས་ནི། རིགས་ལམ་འདོམ་ལ་གཞལ་ཞིང་གཏན་ཚིགས་ཤེད་ཀྱིས་བཀོད་དུས་ཁོང་ཉིད་དགག་སྒྲུབ་རིག་པ་བརྡར་བའི་དགེ་བཤེས་ཤིག་དང་། སྨྱུ་གུ་ལག་ལ་ཐོགས་ཤིང་སྐད་ཆའི་སྒྱུ་རྩལ་ངོམ་དུས་ཁོང་ཉིད་ཚོར་བ་ཚིག་ཏུ་སྡེབ་པའི་སྙན་ངག་པ་ཞིག ཕྱི་ཚུལ་ཞི་ཞིང་དུལ་ལ་ནང་ཁྲིམས་ཚུལ་བཞིན་བསྲུང་དུས་ཁོང་ཉིད་བསླབ་གསུམ་མིག་བཞིན་བཀུར་བའི་དྲང་སྲོང་པ་ཞིག སྒོ་གསུམ་དམ་པོར་བསྡམས་ཤིང་རིག་པར་ཅེར་གྱིས་གཟིགས་དུས་ཁོང་ཉིད་སྣང་བ་ཕུགས་སུ་བཅད་པའི་རྣལ་འབྱོར་བ་སོགས་འཁོར་བ་ཞབས་ཀྱིས་མནན་ཞིང་ཐར་བ་ཕྱག་གིས་བཏེགས་པའི་གཤེན་གྱི་དགེ་སྦྱོང་བ་ཞིག་ཏུ་མཐོང་གིན་ཡོད། དེ་ནི་དྲང་མོར་བཤད་ན། ང་རང་ཁྱེད་ལ་མོས་ཤིང་ཁྱེད་ལ་སྨོན་པའི་མི་ཡུལ་གྱི་མཛེས་རྟོག་དང་། སྟོང་འདང་གི་རེ་སྙེག་མཐོ་ས་དེའང་ཡིན་ཞེས་གླེང་འདོད་པའོ།།
དེ་བཞིན་ད་ཐེངས་ཁོང་གིས་བྲིས་པའི༼མི་ནུབ་དགོན་པའི་གདན་རབས་ལོ་རྒྱུས༽འདི་ཉིད་ཕྲན་གྱིས་ལན་གཅིག་བམ་ཀློག་བྱས་རྗེས། བདག་གི་ཚོར་བའི་གཉུག་མ་དྲག་ཏུ་འཕྱོ་ཞིང་རང་ཉིད་དགའ་བའི་སྣང་བ་ཆེས་ཆེར་རྒྱས་ཏེ། མཆེད་གྲོགས་ཁོང་གི་རྣམ་དཔྱོད་ལ་ཡི་རངས་བརྒྱ་དང་བཀའ་དྲིན་སྟོང་གི་ལེགས་སྐྱེས་སུ༼བཀླགས་མི་ཚར་བའི་ཁྱེད་ཉིད༽ཅེས་པའི་ཁ་བྱང་ཞིག་རིག་པར་རྩེན་ཞིང་ཀླད་པར་ལྡང་ནས་ཡོང་། རྒྱུ་མཚན་གདན་རབས་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་དང་། རྣམ་ཐར་གྱི་རིན་ཐང་། དཔེ་ཀློག་གི་རིན་ཐང་། རིག་གཞུང་གི་རིན་ཐང་སོགས་རིན་ཐང་གི་ཚེ་སྲོག་མངའ་བའི་བརྟན་བརླིང་གི་ངོ་བོ་དང་། རྗོད་བྱེད་ཚིག་གི་འཇམ་ཤ་ལྷོད་ཅིང་བརྗོད་པ་དོན་གྱི་གནད་ཕུགས་ཟིན་པ་སོགས་རྩོམ་པ་པོའི་སྒྱུ་རྩལ་གྱི་བྱེད་ལས་སོགས་མངོན་དུ་དོད་པའི་དགེ་མཚན་མང་པོ་ཤུགས་ཀྱིས་མཐོང་འོང་བ་དེ་རེད། སྤྱིར་རྩོམ་ཡིག་ཅིག་ལ་མཚོན་ན་འཆར་ཡན་གྱི་སྣང་ཚུལ་དང་། མཛེས་རྟོག་གི་བསླུ་བ། དགག་སྒྲུབ་ཀྱི་ལྟ་བ། ཧམ་སེམས་ཀྱི་ལངས་ཕྱོགས་སོགས་དག་དང་མ་དག་གི་ལེགས་ཉེས་མང་པོ་མང་པོ་ཞིག་ཡོད་སྲིད་ཀྱང་། འདི་ན་དེ་དག་གི་ཞན་ཆ་རྦད་དེ་དོར་ནས་དད་འདུན་གྱི་སྣང་བ་དྭངས་པར་འདྲེན་ཞིང་གནས་ལུགས་ཀྱི་བདེན་པ་གསལ་བར་སྟོན་པའི་དགེ་མཚན་མང་པོ་ལྷག་གེར་གསལ་བ་ནི་ཕྲན་གྱིས་སྔོན་འགྲོའི་གཏམ་འདི་འབྲི་བའི་སྤོབས་པ་ཉག་གཅིག་ཏུ་བགྲངས་འདོད་པའོ།།
ཞེས་གཡས་རུ་དབེན་ས་ཁ་གཉིས་པ་རུ་གྲགས་པའི་མདོ་སྨད་སྣང་ཞིག་དགོན་ཆེན་ནས་དགེ་བཤེས་ལྷ་བུ་བློ་བཟང་གིས་སྦྱར་བའོ།།
བཀའ་དྲིན་ལེགས་གསོལ།
— མཇུག་བྱང་དང་འབྲེལ་བའི་ཞུ་ཚིག་དུང་གི་རང་མདངས།
རྩོམ་མཁན་གྱིས་མི་ལོ་རིང་མོར་རྩོམ་འབྲི་བགྱིས་པའི《མི་ནུབ་དགོན་པའི་གདན་རབས་ལོ་རྒྱུས》ཞེས་པའི་དཔེ་དེབ་དཔེ་སྐྲུན་བྱ་བར་ཉེ་མཚམས་སུ། མ་བསྐུལ་རང་མོས་ཀྱི་སྒོ་ནས་དཔེ་ཆ་པར་བསྐྲུན་གྱི་ཐད་ལ་རོགས་དངུལ་ཆེན་པོས་རྒྱབ་སྐྱོར་གནང་མཁན་གྱི་བླ་མ་མཁན་སྤྲུལ་དང་བཅས་པ་མང་པོ་ཞིག་ཡོད་པ་སྟེ། ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེས་སྒོར2000གནང་ཡོད་པ་དང་། མི་ནུབ་གདན་རབས་བཅུ་གསུམ་པ་བླ་མ་ནམ་མཁའ་གྲགས་པ་ཚང་གིས་ཞལ་འདེབས་རོགས་དངུལ10000གནང་ཡོད་པ་དང་། ཁྱུང་འཁོར་བླ་མ་བསོད་ནམས་ཉི་མ་ཚང་གིས་ཞལ་འདེབས་རོགས་དངུལ10000གནང་ཡོད་པ་དང་། མི་ནུབ་བླ་མ་སྤྲུལ་སྐུ་གཡུང་དྲུང་བདུད་འཇོམས་མཆོག་གིས་རོགས་དངུལ1113གནང་ཡོད་པ་དང་། སེང་སྤྲུལ་རིག་འཛིན་ཉི་མ་མཆོག་གིས་རོགས་དངུལ1000གནང་ཡོད་པ་དང་། ཀླུ་འབུམ་དགོན་པའི་སྒོ་བ་ཨ་རིག་ལགས་ཀྱིས་རོགས་དངུལ5000གནང་ཡོད་པ་དང་། ཡེ་ཤེས་དགོན་པའི་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་རོགས་དངུལ1000གནང་ཡོད་པ་དང་། རི་ནུབ་ཆོས་གྲགས་ལགས་ཀྱིས་རོགས་དངུལ1100བཅས་གནང་སྦྱིན་ལག་འབྱོར་བྱུང་ཡོད་པ་ལ་ཞེ་ཐག་པ་ནས་བཀའ་དྲིན་ལེགས་གསོལ་གྱི་ཕྱག་ཟུང་པདྨོ་སྙིང་ཁར་ཟུམ་དགོས་པ་ཞིག་ཡིན་འདུག
གཞན་དུའང་གདན་རབས་ལོ་རྒྱུས་ཀྱི་བརྗོད་བྱར་སེམས་སྡུག་དང་ལྗགས་གདམས་གནང་མཁན་གྱི་བཀའ་འདྲི་ཐུགས་སྐྱོང་གི་མི་སྣ་ཡོངས་དང་། ཚིན་དོན་གཉིས་ཆ་ནས་ཞུ་དག་གཏོང་པ་པོའི་མཆེད་གྲོགས་སྤུན་ཟླ་བཅས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་པ་བཅས་ས་ཁའི་བློ་ལྡན་དུ་འབོད་པས་ཤར་རྒྱལ་མོ་རོང་ནས་རྩོམ་པ་པོའི་དགོངས་བཞེད་ལྟར་བྲིས།
2021/12/25ཉིན།