ལོ་དེབ་༼གཏམ་ཚོགས་གསལ་བའི་བང་མཛོད་༽སྤྱིའི་དེབ་གཉིས་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2021-01-22 22:23:22][རྩོམ་པ་པོ། ཨ་གྲགས་པ་ཚུལ་ཁྲིམས་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཉན་རོང་ཆབ་མདོ་དགོན་པའི་ལོ་དེབ་<<གཏམ་ཚོགས་གསལ་བའི་བང་མཛོད་>>སྤྱིའི་འདོན་ཐེངས་གཉིས་པ་འགྲེམ་སྤེལ་གནང་བ།

སྔོན་གླེང་གཡུང་དྲུང་འཁྱིལ་བ།  
    འཛམ་གླིང་གོ་ལ་ཧྲིལ་པོ་འདི་ཡི་ཡང་རྩེར་རང་ཅག་ཁ་བ་ཅན་གྱི་ཡུལ་དེར་མི་ལོ་ཁྲི་ཕྲག་དུ་མའི་སྔོན་རོལ་དུ་གདོད་མའི་མི་རྣམས་ཀྱིས་རང་འབྱུང་ཁམས་དང་འཐབ་རྩོད་བྱེད་པའི་ནང་གནའ་བོའི་རིག་གནས་གསར་དུ་གཏོད་ཅིང་། དེ་ནས་ཁ་བ་ཅན་གྱི་རིག་གནས་དེའང་ཀྲུང་ཧཱ་མིའི་རིགས་རིག་གནས་ཀྱི་གྲུབ་རྩ་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། ད་ལྟ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་གདལ་སོང་བས་གཟུར་གནས་སྐྱེ་བོ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་དང་འགྱུར་བཞིན་ཡོད། གནའ་རྫས་རྟོག་ཞིབ་རིག་པའི་དཔྱད་པ་ལ་གཞིགས་ན།  རྡོ་ཆས་གསར་རྙིང་དང་གསེར་གྱི་ཞལ་འབག་སོགས་དངོས་པོ་འབོར་ཆེནཞིག་གི་ཐོག་ནས་མི་ལོ་ལྔ་སྟོང་ལྷག་ཙམ་གྱི་སྔོན་ནས་གངས་ལྗོངས་ས་མཐོའི་ཐོག་མིའི་རིགས་གནས་པ་མ་ཟད།  ཞིང་ལས།  འབྲོག་ལས།  ཨར་ལས།  རྫ་ཆསབཟོ་རྩལ་སོགས་ཀྱི་ལག་རྩལ་གྱི་ཆུ་ཚད་ཀྱང་ངེས་ཅན་ཞིག་ཏུ་སླེབས་ཡོད་པའི་ར་འཕྲོད་གསར་པོ་བྱུང་ཡོད།  དེ་བཞིན་ལོ་རྒྱུས་དུས་མཚམསསོ་སོར་གདོད་མའི་དུས་སྐབས་དང་།  མངའ་མཛད་བཅུ་གཉིས་ཀྱི་དུས་སྐབས།  རྒྱལ་ཕྲན་སིལ་མ་བཞི་བཅུ་དང་།  རྒྱལ་ཕྲན་སིལ་མ་ཉི་ཤུ་རྩ་བཞི། རྒྱལ་ཕྲན་སིལ་མ་བཅུ་གཉིས་བཅས་ཀྱི་དུས་སྐབས་སུ་གནའ་བོའི་ཞང་བོད་ཀྱི་གསོ་རིག་དང་།  སྐར་རྩིས།  སྒྱུ་རྩལ།  བཟོ་རིག  ཨར་ལས་བཅས་ཡོད་པས་བདེན་དཔང་ཐོན་པ་མ་ཟད་  ཞང་བོད་ལོ་རྒྱུས་ཡིག་རིགས་ཚད་ལྡན་ཁག་ལ་གཞིགས་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་གོང་དུ་བྱུང་བའི་ཕ་ཆོས་ནང་པའི་སྟོན་པ་གཤེན་རབ་མི་བོ་ཆེས་གསར་གཏོད་མཛད་པའི་གཡུང་དྲུང་བོན་རིན་པོ་ཆེ་ཐེག་པ་རིམ་དགུ་དང་།  སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་བཅས་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་གཏན་ལ་ཕབ་པ་དེ་ད་ལྟའི་བར་དུ་གནས་ཤིང་འཛམ་གླིང་གི་རིག་པའི་འབྱུང་ཁུངས་དང་།  སེམས་ཅན་གྱི་ཞི་བདེའི་འབྱུང་རྩ།  འགྲོ་དྲུག་གི་ཐར་པའི་ལམ་འདྲེན།  རིན་བྲལ་གྱི་ནོར་བུ་དུ་གྱུར་ཞིང་བཅུ་ཕྲག་གི་རིག་གནས་དར་ཞིང་རྒྱས་པར་སྤེལ།  ད་ལན་ཨ་གྲགས་ཆབ་མདོ་དགོན་ནས་༼གཏམ་ཚོགས་གསལ་བའི་བང་མཛོད་༽འདོན་ཐེངས་གཉིས་པ་འདིས།  ཀློག་པ་པོ་སུ་ཞིག་གི་སེམས་ཁམས་སུ་རྣམ་བཤད་དང་།  སྒྱུ་རྩལ།  ལོ་རྒྱུས། སློབ་སྟོན་སོགས་ཅི་རིགས་ཀྱི་སྒོ་ནས།  འཁྱོག་པོའི་ལོ་རྒྱུས་སྨྲས་བ་ཚོར་དྲང་པོས་ལེགས་སུ་་བཅོས་ཤིང་།  ཁུངས་མེད་ཕྱོགས་ཞེན་ཆེ་བ་ཚོར་རྫུན་རྐུབ་མཐིལ་དུ་གཏོར་ཏེ།  གཅིག་གྱུར་དྲང་བཞག་གི་ལམ་བུའི་ཐོག་མཐུན་ལམ་གསེར་གྱི་ཟམ་པ་བཙུགས་ཤིང་།  མི་དང་རང་བྱུང་ཁམས་ཀྱི་བར་འཆམ་མཐུན་གྱིས་སྨྲང་བོན་ལྷ་རབས་གྱེར།  གཞན་གྱི་སྦྲགས་སྐད་མ་བསླད་པས་དཀར་གཙང་ལྷད་མེད་ཀྱི་རིས་སུ་བཀོད་པའི་དམིགས་ཡུལ་གཙོ་བོ་ནི།  གཡུང་དྲུང་བོན་གྱི་ཡིག་ཚང་དང་ཞང་བོད་མཁས་གྲུབ་རྣམས་ཀྱི་དགོངས་དོན་གཙོར་བཟུང་གིས་ཞང་བོད་ཀྱི་ལོ་རྒྱུས་དང་།  དཔྱད་རྩོམ།  ཤེས་རིག  སློབ་གསོ།  སྙན་རྩོམ།  འོས་སྦྱོར།  དམངས་ཁྲོད།  གསར་གནས་བཅས་སྣ་མང་རང་ཞལ་ངོམ་སའི་སྒྲོམ་གཞི་ཅན་གྱི་ལོ་དེབ་འདི་ཉིད་ལོ་བཞིན་བསྟུད་མར་འགྲེམ་སྤེལ་བྱེད་དང་བྱེད་མུས་ལགས་པས།  དེ་དག་གི་ལས་རིམ་བཀོད་སྒྲིག་དང་།  འགོ་འཇུག་བར་གསུམ་གྱི་རྩོམ་སྒྲིག་སོགས་ལ་ལྷག་བསམ་ཞེན་བསྐུལ་གྱིས་འགན་ལེན་ཞུས་ཁུལ་ལགས།  ཡིནའང་ངེད་ཅག་རྩོམ་སྒྲིག་པ་རྣམས་རིག་གནས་ཆུ་ཚད་དམན་པ་དང་།  བསམ་བློ་འཁོར་རྒྱ་དོག་པ།  རྩོམ་རིག་གི་གཞུང་ལུགས་ལ་ལྟ་རྟོག་ལེགས་པོ་མི་བྱུང་པའི་སྐྱོན་སོགས་མ་རྟོགས་ལོག་རྟོགས་དབང་གིས་སྒྲིག་ཚུལ་གནད་དུ་མ་འཁེལ་བ།  ཚིག་དོན་ལ་ཞུས་དག་ལེགས་པོ་མི་བྱུང་བ་སོགས་སྐྱོན་ཆ་ཡོད་ངེས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་དང་།  འདིར་འཁོད་པའི་རྩོམ་རིག་རྣམས་རྒྱ་ཆེ་རྩོམ་པ་པོ་རང་རང་གི་ལྟ་ཕྱོགས་ལས་ངེད་རྩོམ་སྒྲིག་པ་ཚོའི་ལྟ་བ་དང་ལངས་ཕྱོགས་ཡིན་པའི་ངེས་པ་ག་ལ་ཡོད་དེ་མེད་དོ།  སྨྱུག་ཐོགས་པ་ཚོ།  འདི་གའི་དུས་དེབ་ཐོག་ཏུ་དགོད་རྒྱུའི་རྩོམ་རིགས་ཀྱི་འོས་ཚད་གཙོ་བོ་ནི་དུས་དེབ་གཞན་དག་གི་ཐོག་བཀོད་སྤེལ་བྱས་མ་མྱོང་བ་ཞིག་དགོས་ཤིང་། གཞན་པའི་དུས་དེབ་སོགས་ནས་བསྐུས་བཤུས་བྱས་པ་མ་ཡིན་པར་རང་རྩོམ་ངོ་མ་ཡིན་དགོས།  ཕྱི་ནང་གང་ཐད་ལ་ཐལ་བའི་གཏམ་སོགས་ཆོས་སྲིད་གང་ལའང་གནོད་སྐྱོན་འགྲོ་བའི་རིགས་མ་ཡིན་པར་གཙོ་བོར་གོང་བཤད་ཀྱི་དམིགས་ཡུལ་རྣམས་ལ་དེ་སྔོན་གསལ་ཁ་མ་ཐོན་པ་རྣམས་གསལ་བཤད་ཐོན་ངེས་ཅན་ཞིག་དགོས་ཞེས་འབོད་བསྐུལ་ཞུའོ། །
ལྷ་བཙུན་ཚུལ་ཁྲིམས་ཡེ་ཤེས་ཀྱིས་ལྷ་ལྡན་ཉིན་མའི་གྲོང་ཁྱེར་དུ་སྤྱི་ལོ་  ༢༠༢༠ ཟླ་བ་ ༡༢  ཚེས་ ༡༩ ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།