«རུས་མཛོད་དེབ་ཐེར་ནག་པོ»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

[ཟླ་ཚེས། 2020-09-12 11:46:41][རྩོམ་པ་པོ། ལུང་རིག་འཁོར་ལོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དགེ་བ་ཀླད་ཀྱི་དོན།

  རུས་མཛོད་དེབ་ཐེར་ནག་པོ་འདི་ནི། དུས་རབས་བཅུ་གསུམ་པ་ཡན་གྱི། བོན་གྱི་ལོ་རྒྱུས་རྙིང་པ་ཁག་ལ་གཞིར་བྱས་ནས། མདོ་སྔགས་རྫོགས་གསུམ་མཛོད་དང་བཅས་པའི་ཕྱི་སྣོད་དང་ནང་བཅུད་ཆགས་ཚུལ་གླེང་ཡོད་ལ། དེ་བཞིན་ལོ་རྒྱུས་ཁག་ལས་གསལ་བའི། ལྷ་ཀླུ་གནོད་སྦྱིན་ལས་འགྲོ་བ་མི་རིགས་མཆེད་ཚུལ་སྐོར་ཟུར་ཙམ་གླེང་ཡོད། དེ་མིན་གཞན་སྡེས། སྤྲེའུ་དང་བྲག་སྲིན་ལས། འགྲོ་བ་མི་རིགས་བྱུང་བར་བཤད་པའི་སྲོལ་དེ། གང་འདྲ་བྱས་ནས་བྱུང་ཚུལ་བཅས་གླེང་ཡོད། དེ་ནས་ཆེས་གནའ་དུས་རུས་ཚན་ཆེ་ཁག་གསུམ་ཏེ། ཕྱྭ་དམུ་གཙུག་གསུམ་དང་། ལྡོང་མེ་ཉག །དམུ་ཞང་ཞུང་། ཏོང་སུམ་པ། སེ་འ་ཞ་བཅས། རུས་ཆེན་སྡེ་བཞིའི་རུས་ཁུངས་དང་། རུས་ཚན་མཆེད་ཚུལ། དེ་དག་གི་གནས་ཡུལ་བཅས་དཔེ་རྙིང་ཁག་ལས་བྱུང་བ་གཞིར་བཞག་ནས་གླེང་ཡོད། དེ་ནས་རྒྱལ་བུ་འཐེང་གེའི་སྲས་རྒྱུད་ལས། རྒྱ་བོད་ཧོར་གསུམ། སོག་པོ་འཇང་མོན་སོགས་ཀྱི་རུས་ཚན་མཆེད་ཚུལ་དང་། གནས་ཡུལ་བཅས་རགས་ཙམ་གླེང་ཡོད། དེ་ནས་མིའུ་ལྡོང་དྲུག་སྒོ་དང་བདུན་སྟེ། ཕུ་བོ་ལྡོང་། གཉན་ཚ་དབྲ་དང་འབྲི། དམུ་ཚ་སྒ། ནུ་བོ་སྲིན་ཚ་སྤ་སྡ་གཉིས། ཞང་པོ་སྒོ་བཅས་ཀྱི་རུས་ཁུངས་དང་། རུས་ཚན་མཆེད་ཚུལ། དེ་དག་གི་གནས་ཡུལ་བཅས་རགས་ཙམ། བོན་བན་གཉིས་ཀྱི་ཡིག་ཆ་དང་། ལོ་རྒྱུས་ཁག་ལ་འཁོད་པ་དག་དཔྱད་གཞིར་བྱས་ཏེ་བཀོད་ཡོད། དེ་ཡང་བར་སྐབས་ཤིག་གི་བཤད་སྲོལ་ལ། རུས་ཆེན་སྡེ་བཞི་དང་། བོད་མིའུ་ལྡོང་དྲུག་ལས། བོད་ཀྱིས་རུས་ཚན་ཡོངས་རྫོགས་མཆེད་པར་འདོད་ཅིང་། ང་ཚོའི་རུས་ཚན་ཡོངས་རྫོགས་ཀྱི་ཕུགས་དེ། རུས་ཆེན་སྡེ་བཞི་གང་རུང་ཞིག་ལ་གཏུགས་པའམ། ཡང་ན་མིའུ་ལྡོང་དྲུག་གང་རུང་ལ་གཏུགས་དགོས་པར་འདོད་པ་དེ་ལ་དོགས་སློང་བྱས་ཡོད། དེ་ཡང་ཆེས་ཐོག་མར་མི་ལོ་འབུམ་ཐེར་མང་པོའི་གོང་ནས། བོད་རིགས་རྣམས་རུས་ཚན་གཅིག་ལས་ཆད་པའམ། ཡོངས་རྫོགས་སྒོང་ང་ཞིག་ལས་བྱུང་བའམ། སྲིད་པ་སངས་པོ་དང་། ཆུ་ལྕམ་རྒྱལ་མོ་གཉིས་ཀྱི་སྲས་ཡིན་པར་འདོད་ཆོག་མོད། ཕྱིས་སུ་སྤྲེའུ་དང་བྲག་སྲིན་གཉིས་ཀྱི་རྒྱུད་པ་ལས། བོད་ཀྱི་རུས་ཚན་ཡོངས་རྫོགས་མཆེད་པར་བཤད་པ་དེ་ནི་བྱུང་མི་སྲིད་པ་ཞིག་རེད་སྙམ། རུས་ཚན་ཆེ་གྲས་དང་། རུས་མིང་ཆེ་ཁག་རྣམས། རུས་ཆེན་སྡེ་བཞི་ལ་གཏུགས་པའི་སྲོལ་བྱུང་མ་མྱོང་བ་དང་། རུས་ཚན་ཕལ་ཆེར་བོད་མིའུ་ལྡོང་དྲུག་ལ་གཏུགས་སྲོལ་ཞིག་ཡོད་པར་སྣང་མོད། དེ་ཡང་འབྱུང་ཐབས་མེད་པ་ཞིག་སྟེ། དཔེར་ན་མིའུ་ལྡོང་དྲུག་གི་ཕ་མྱེས། སྲིད་པ་སྣེ་ཕྲོམ་ལ་ཁྲ་དེ། འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། མི་ཁྲི་བཙན་པོ་དང་། རྒྱལ་བུ་འཐེང་གེའི་ཡབ་ཡིན་པ་ལྟ་བུ་བཤད་ཅིང་། ལོ་རྒྱུས་མང་ཕལ་ཆེར་ལས། སྲིད་པ་སྣེ་ཕྲོམ་ལ་ཁྲ་ནི། ཡབ་ལྷ་བདལ་དྲུག་གི་སྲས་ཐ་ཆུང་ཞིག་ཡིན་པར་བཤད་ཡོད་ལ། གཉའ་ཁྲི་བཙན་པོ་ཡང་ཡབ་བླ་བདལ་དྲུག་གི་ཁབ་དམུ་བཟའི་སྲས་བཞི་པ་ཡིན་པར་བཤད་ཡོད། དེ་འདྲ་ཡིན་དུས་རྒྱལ་བུ་འཐེང་གེའི་ཡབ། སྲིད་པ་སྣེ་ཕྲོམ་ལ་ཁྲ་དེ། བོད་རྒྱལ་གཉའ་བཙན་པོ་ཡིན་པའམ། ཡང་ན་གཉའ་ཁྲིའི་གཅུང་པོ་ཞིག་ཡིན་པར་ང་ཚོའི་རྟོགས་ཐུབ། བོད་མིའུ་ལྡོང་དྲུག་གི་ཕ་རྒན། ཨ་མྱེ་ཁྲི་ཐོག་ཆེན་པོ་ནི། སྲིད་པ་སྣེ་ཕྲོམ་ལ་ཁྲ་ནས་མར་རྩིས་པའི། མི་རབས་བཞི་པའམ་དྲུག་པ་དེ་ཡིན། དེ་ཡང་དབུ་ནག་འདྲ་ཆགས་ལྟར་ན། སྲིད་པ་སྣེ་ཕྲམ་ལ་ཁྲའི་སྲས། རྒྱལ་བུ་འཐེང་གེ་དེའི་སྲས་བོད་འབྱོང་ལ་བྲམ། དེའི་སྲས་ཨ་མྱེ་ཁྲི་ཐོག་ཆེན་པོ། དེའི་སྲས་མིའུ་ལྡོང་དྲུག་བྱུང་བར་བཤད། རླངས་ཀྱི་སྤོ་ཏི་བསེ་རུ་ལྟར་ན། སྣེ་ཕྲོམ་ལ་ཁྲ་དང་། ཨ་མྱེ་ཁྲི་ཐོག་ཆེན་པོའི་བར་དུ་མི་རབས་ལྔ་ཙམ་བྱུང་བར་བཤད་ཡོད། དེ་ལྟར་ན་གཉའ་ཁྲི་བཙན་པོ་འཁྲུངས་རྗེས་ཀྱི་མི་རབས་བཞི་ལྔའི་མཚམས་སུ། གཞི་ནས་བོད་མིའུ་ལྡོང་དྲུག་ཅེས་པའི་མིང་དེ་བྱུང་བར་ཤེས་ཐུབ་པ་ཡིན། ཁ་གཅིག་གིས་བཤད་སྲོལ་ལ། ཁུ་དང་ཁྱུང་གི་རུས་ཁུངས་དེ་དབྲ་ལ་གཏུགས་དགོས་པ་རེད་གསུངས་འདུག་མོད། ཁྱུང་ཞེས་པའི་རུས་མིང་ནི། གཉའ་ཁྲིའི་གོང་རྒྱལ་ཕྲན་བཅུ་གཉིས་སྐབས་སུ་གསལ་བའི་མ་ཚད། གཉའ་ཁྲི་ཐོག་མར་ཁྲི་ལ་བཀོད་མཁན་གྲས་སུ། ཁུ་དང་ཁྱུང་གི་རུས་མིང་ཅན་གྱི་མི་ཡོད་པར་ཡར་ལུང་ཆོས་འབྱུང་སོགས། ཆོས་འབྱུང་དང་ལོ་རྒྱུས་མང་པོ་ལས་གསལ་བའི་ཕྱིར་རོ། དེའི་ན་བོད་རིགས་ཀྱི་རུས་ཁུངས་ཡོངས་རྫོགས་དེ། བོད་མིའུ་ལྡོང་དྲུག་ལ་ཐུག་པའི་བཤད་སྲོལ་དེ་ལ་དཔྱད་དགོས་པར་མངོན་ཏེ། ཡིག་རྙིང་འགའ་རེ་ལས་འདི་ལྟ་བུ་འབྱུང་བ་སྟེ། དཔེར་ན་ཞུ་ཡི་རུས་ཁུངས་ངོ་མ་སྤུ་ལྡེའི་སྐབས་སུ་བཞུགས་པའི། གཡས་བོན་ལྕགས་ཀྱི་བྱ་རུ་ཅན་ཟེར་བ་དེ་ལ་ཐུག་ཅིང་། དེའི་རུས་ཁུངས་ངོ་མ་ར་ལྗགས་ཡིན་པར་གསལ་མོད། ཕྱིས་སུ་ལྡོང་གི་རུས་ཚན་ལ་གཏུགས་ཡོད་པ་རེད། དེ་ལ་ཞིབ་ཏུ་དཔྱད་ན། གཡས་བོན་རུས་རྒྱུད་ཀྱི་མི་ཚང་དེ། སྐབས་ཤིག་རིང་ལ་ལྡོང་གིས་དབང་བསྒྱུར་ཁོངས་ཀྱི་ཞུའི་བ་ལོ་ལུང་ཞེས་པ་དེར་གཞིས་ཆགས་པ་ལས། ཞུ་གཡས་ཟེར་བ་ཐོག་ཅིང་། ཞུ་ནི་ས་མིང་དང་གཡས་ནི་གཡས་བོན་གྱི་རུས་རྒྱུད་ལས་ཆད་པ་དེ་ལྟར་གྲགས་པ་ཡིན་ལ། གནམ་ལྡོང་དཀར་པོའི་གདུང་རྒྱུད་ཞུ་གཡས་ཟེར་བ་དང་། ཡང་ན། གདོང་རིགས་ཞུ་གཡས་སོགས་ཟེར་སྲོལ་བྱུང་འདུག་མོད། དེའི་གདོང་རིགས་སམ། གདོང་དེ་མགོ་ལ་སྦྱར་དགོས་དོན་ནི། སྐབས་དེར་ཡུལ་ལུང་དེའི་བདག་པོའམ་རྗེ་བོ། གནམ་ལྡོང་དཀར་པོའི་རུས་ཚན་ཡིན་པ་ལས། གཞན་གྱི་རྒྱུ་མཚན་གང་ཡང་མེད་པར་སེམས། ཡང་ཞུ་གཡས་ལ་སྐབས་རེ་འབྲི་གཡས་ཞེས་འབྱུང་དོན་ཀྱང་། ཡང་སྐབས་ཤིག་ལ། ས་ཆ་དེ་འབྲི་རུས་ཚན་གྱིས་དབང་བསྒྱུར་བའི་ཁོངས་སུ་གཏོགས་པ་ལས་འབོད་སྲོལ་དེ་བྱུང་བར་མངོན་སྙམ། དཔེ་དེ་དང་འདྲ་བར། མིའུ་ལྡོང་དྲུག་ལས་མཆེད་པར་བཤད་པས། རུས་མིང་འགའ་ཤས་ནི། དེ་དག་གི་རུས་ཚན་ལས་མཆེད་པ་ཡིན་སྲིད་ལ། མང་ཆེ་བ་དང་ནི། དེ་དག་གི་དབང་བསྒྱུར་ཁོངས་གཏོགས་སུ། རུས་ཚན་ཡོད་པ་རྣམས་ཀྱི་མིང་ཡིན་པར་མངོན་ནོ། དེ་དག་ནི་ཞོར་དུ་གླེང་བའོ། ད་ནི་དཀྱུས་སུ་འཇུག་པ་ལ།དེ་ནས་རུས་ཆེན་སྡེ་བཞི་འབྲེལ་ནས་དབང་མཛད་བཅུའི་རུས་ཁུངས་དང་རུས་ཚན་མཆེད་སའི་གནས་ཡུལ། རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཅུ་གསུམ་གྱི་གནས་ཡུལ་སྐོར་བཅས་གླེང་ཡོད། དེ་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐོར་ལ་དཔྱད་གླེང་འགའ་ཞིག་དང་། སུམ་པའི་སྐོར་དུ་སུམ་པ་ལ་སྲོང་བཙན་སྐབས་སྟོང་སྡེ་བརྒྱ་ཙམ་ཡོད་སྐོར། གསར་དུ་དཔྱད་གླེང་ཞུས་ཡོད། དེ་ནས་འདུས་མ་བྱས་ཀྱི་འོལ་མོ་ལུང་རིང་དང་། འདུས་བྱས་འཛམ་གླིང་གི་འོལ་མོ་ལུང་རིང་གི་གནས་ཡུལ་ངོས་འཛིན་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་རྣམ་ཐར་ཟུར་ཙམ་གླེང་ནས། དེའི་རྗེས་འཇུག་ཞང་ཞུང་སྙན་རྒྱུད་ཀྱི་བླ་རྒྱུད་དང་། མ་རྒྱུད་ཀྱི་བླ་རྒྱུད། སྤྱི་སྤུངས་སྐོར་གསུམ་གྱི་བླ་རྒྱུད་རྣམས་ཀྱི་ལོ་རྒྱུས་རགས་ཙམ་རེ་དང་སྒྲུབ་གནས་ངོས་འཛིན་གང་ཤེས་ངོ་སྤྲོད་བྱས་ཡོད། དེ་ནས་བོད་ཀྱི་བཙན་པོའི་རྒྱལ་རབས་སྐོར་གླེང་ཡོད་པ་ལས། གཉའ་ཁྲི་དང་དྲི་གུམ་སྤུ་ལྡེ། སྲོང་བཙན། ཁྲི་སྲོང་བཅས་ཀྱི་སྐོར་ལ་དཔྱད་གླེང་གསར་པ་འགའ་ཙམ་བྱས་ཡོད། དེ་ནས་ཁྲི་སྲོང་ནས་གླང་དར་བར་དུ་འབོད་མྱོང་ཡོད་པའི། བོན་ནག་ཅེས་པ་གང་ལ་ཟེར་བ་ངོས་འཛིན་ཟུར་ཙམ་བྱས་ཡོད། དེ་ནས་ཞང་བོད་འདུལ་བའི་རྒྱུད་རིམ་བླ་མའི་ལོ་རྒྱུས་དང་། ཕྱི་དར་གཏེར་སྟོན་འགའི་བོན་གཏེར་ཇི་ལྟར་ཐོན་ཚུལ། གཤེན་དང་བྲུ་ཞུ་སྤ་རྨེའུ་སྨོན་རྒྱལ། ཁྱུང་པོ། མཐའ་བཞི། མེ། ཞང་ཞུང་། སུམ་པ། འ་ཞ། རྒྱ། ཞིག་པོ་དགུ་དང་ཞིག་ཆེན་བཅོ་བརྒྱད། འཕགས་གདུང་གསུམ་བཅས་ཀྱི་རུས་ཁུངས་དང་། ལོ་རྒྱུས་སོགས་རགས་ཙམ་ཞིག་གཞོན་ནུ་ལོ་རྒྱུས་ཉམས་ཞིབ་པ་གསར་བུ་རྣམས། བོན་ལ་རྒྱུས་མངའ་མང་ཙམ་ཡོངས་ཕྱིར་དུ་དམིགས་ནས་གླེང་ཡོད། དེ་ནས་དེབ་ཐེར་འདི་དང་འབྲེལ་ཡོད་བསྟན་རྩིས་ལོ་ཚིགས་སྐོར་ལ། དང་པོ་སྟོན་པ་སངས་རྒྱས་ཀྱི་སྐུ་ཚེ་མི་ལོ་དུ་ཙམ་བཞུགས་ཚུལ་དང་། དུས་ནམ་ཙམ་ནས་བྱོན་ཚུལ་བཅས་གླེང་ཡོད། དེ་ནས་སྟོན་པ་སངས་རྒྱས་ཀྱི་འཁྲུངས་འདས་ལོ་ཚིགས། བཞེད་པ་མི་འདྲ་བ་དུ་ཡོད་བཀོད་ཡོད། དེ་ནས་བླ་མའི་རྣམ་ཐར་དང་། རྒྱུད་རིམ་སོགས་ལོ་རྒྱུས་མང་པོ་ལ་དཔྱད་ནས། ཕྱིས་བྱོན་བླ་རྣམས་ཀྱི་འཁྲུངས་ལོ་རང་གི་ངེས་པ་གང་རྙེད་དཔྱད་གཞིར་བཀོད་ཡོད་པ་ལས། འཁྲུངས་འདས་ལོ་ཚིགས་དོགས་གཞི་ཅན་རྣམས། གནས་སྐབས་བཀོད་མེད། མདོར་ན་ལོ་རྒྱུས་མང་ཕལ་ཆེར་རང་གིས་དཔྱད་ཅིང་ངེས་པ་གང་རྙེད་གླེང་ཡོད་པ་ལས། དཔེ་བཤུས་དང་རྗེས་འབྲེང་ལུང་འདྲེན་ཙམ་གྱི་ཚིམ་ནས་བཀོད་པ་ཕལ་ཆེར་མེད། ལར་ཚིག་ཁ་ཤས་ཀྱི་ངོ་སྤྲོད་པ་ལས། ལེའུ་ནང་གཟིགས་ན་ལེགས་པར་སེམས་པའི་དཀར་ཆག་ནང་གཟིགས་རོགས་ཞུའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།