«མཁས་དབང་བོན་བརྒྱ་རིན་པོ་ཆེའི་མཛད་རྣམ་འཕར་ཆེན་དཀར་མོ་རྒྱང་གྲགས»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

[ཟླ་ཚེས། 2020-08-18 10:40:07][རྩོམ་པ་པོ། བོན་ནག་ཚང་ཡེ་ཤེས་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


«མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་མཛད་རྣམ་འཕར་ཆེན་དཀར་མོ་རྒྱང་གྲགས»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།


འགོ་བརྗོད།

  དེ་ཡང་ཇི་སྐད་དུ། ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། གསང་རྒྱུད་ངེས་པ་ཆེན་པོ་འདི། །རང་གི་རིག་པས་རྟོགས་གྱུར་ནས། །གཞན་ལ་སྒྲོགས་པར་གང་གྱུར་པ། །དེ་ཉིད་སྟོན་པ་ཀུན་བཟང་སྟེ། །ཞེས་དང་། དཀར་པོ་སུམ་སྦྱོར་ལས། བླ་མ་སངས་རྒྱས་བླ་མ་བོན། །དེ་བཞིན་བླ་མ་སེམས་དཔའ་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པའི་རྗེ་བླ་མ་ཐམས་ཅད་མཁྱེན་པ་མཆོག་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དང༌། བྱམས་སྙིང་གི་བདག་ཉིད་དུ་གྱུར་ཅིང་དུས་ནམ་ཡང་ང་ཚོའི་མགོན་དུ་བཞུགས་པས་དད་པའི་གསོལ་འདེབས་དག་སྣང་གི་ཀློང་ན་བརྩེགས། རྗེ་བླ་མ་ཐམས་ཅད་མཁྱེན་པ་མཆོག་ནི་སྐྱེ་བོ་ཕལ་བ་བདག་ལྟ་བུ་ཞིག་གིས་དཔྱད་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་ན་ཡང་དད་འདུན་གྱི་སེམས་པ་དེས་སྐུ་ཚེ་ཡི་མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་མཛད་འཕྲིན་ཆུ་ཐིགས་ཙམ་ཞིག་རྗེས་དྲན་གྱི་ཚུལ་དུ་ཕུལ་བ་ཡིན་མོད། གཞུང་འདིའི་གོ་རིམ་ནི་རྗེ་བླ་མ་མཆོག་གིས་མཛད་པའི་རང་རྣམ་བསྡུས་པ་དང་རང་རྣམ་རྩོམ་འཕྲོ་ཅན། ཟིན་བྲིས་སུ་བཏབ་པའི་ལོ་ཐོ་ཁ་ཤས་གཞི་བཟུང་ནས་སྒྲིག་པར་མ་ཟད་རྒན་པ་རྣམས་ཀྱི་གསུང་སྒྲོས་ཀྱིས་ཞབས་བཏགས་བྱས་ཡོད།

  ཡིན་ན་ཡང་བདག་པོ་རང་ཉིད་ཀྱིས་ལོ་ངོ་གཉིས་གསུམ་ཙམ་ལ་རྣམ་ཐར་གྱི་ས་བོན་འཚོལ་བསྡུ་བྱེད་སྐབས་མྱོང་སྣང་མང་པོ་ཞིག་བྱུང་། ཨ་ལགས་ཐར་ཤུལ་ཚང་དང་འཁྱམ་རིའི་ཨ་ལགས་ཁྲི་བ་ཚང་གཉིས་ལ་སྔ་མོར་བཅར་འདྲི་བྱེད་ཐུབ་པ་ནི་རྗེ་བླ་མ་མཆོག་གི་རྣམ་ཐར་གྱི་ས་བོན་གལ་ཆེན་ཞིག་ཏུ་བསམ་བཞིན་ཡོད་པར་མ་ཟད་རྒན་པ་སྐོར་ཞིག་གིས་བསམ་པ་བཟང་པོའི་སྒོ་ནས་དྲང་པོའི་བཤད་ལན་མཛད་པ་ནི་ཐུགས་རྗེ་ཡུལ་དུ་གྱུར་ཅིང་། གསལ་ཆ་ཡོད་པའི་རྒན་པ་དག་ལ་འབྲེལ་བ་གང་མང་བྱས་ཀྱང་ཐོབ་འབྲས་ནི་སྟོང་བའི་རང་གཟུགས་སུ་གྱུར་བའི་སྐྱོ་སྣང་གི་སྐབས་ཀྱང་བྱུང༌། འདི་ནི། དུས་ཀྱི་བརྒྱུད་རིམ་ཞིག་ལགས་ཕྱིར་རེ་སྙེག་གི་འདུན་པ་དེ་ཕྱིར་ལྡོག་ག་ལ་བྱེད། དོན་གྱིས་བརྗོད་ན་ཐོས་པ་མང་ལ་བྲིས་པ་ཉུང་བའི་དེབ་ཆུང་འདིས་རྗེ་བླ་མ་མཆོག་གི་མཛད་པའི་འཕྲིན་ལས་ཐམས་ཅད་བརྗོད་དཀའ་ན་ཡང་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཡི་དཔེ་བཞིན་དུ་རྗེ་བླ་མ་མཆོག་ལ་དད་པའི་སྨྱུག་ཐོགས་པ་རྣམས་ཀྱིས་རང་གིས་ཤེས་ཚོད་ཀྱི་ཉིན་ཁ་ཤས་དང་ལོ་ཁ་ཤས་རེ་འབྲི་ཐུབ་པ་བྱུང་ན་རྗེ་བླ་མ་མཆོག་གི་མཛད་པའི་འཕྲིན་ལས་ཐམས་ཅད་གནའ་གཏམ་ལྟ་བུ་རུ་འགྲོ་ཅི་ལ་སྲིད། དེ་བས་བརྩོན་པ་ཞིག་དང་དུ་བླངས་པ་ཡིན།

  འབྲི་ཐབས་ཀྱི་ཆ་ནས་ཀྱང༌། བསྟོད་པའི་སྟོང་སྐད་འདི་རྒྱང་དུ་དོར་ནས་དམར་མོའི་ཚིག་གི་ཕྲེང་བ་སྲོག་ཏུ་བྱས་ཤིང་རྟོག་བཟོས་མ་བསླད་ཅིང་རྟོགས་བརྗོད་ཅིག་གི་བྱུང་རབས་གསལ། འགལ་འདུ་ཡི་སྐད་ཆ་མང་པོ་ཞིག་གཞུང་འདིའི་བསྐུངས་ཡིག་ཡིན་པས་ཚིགས་བཅད་ཀྱི་ལམ་དུ་གྲུབ་པར་བྱས་ཡོད། རྗེ་བླ་མ་མཆོག་གི་གསུང་རྩོམ་ལས་སྐབས་བབ་བརྗོད་དོན་མཚོན་པ་ཁ་ཤས་རེ་དང་གསུང་རྩོམ་གྱི་ནང་དུ་འཁོད་མེད་པའི་འཕྲིན་ཡིག་སོགས་ལོ་ཚིགས་ལྟར་བཞག་ཡོད་ལ་གཞུང་འདིའི་ནང་གི་སྐུ་པར་ཁ་ཤས་ཀྱི་ལོ་ཚིགས་ལ་གསལ་ཆ་མེད་པས་རང་སོར་གོ་བ་ལེན་དགོས་པ་ལས་སྐབས་ཀྱི་ཡི་གེ་ཡི་ཚོགས་ལ་འབྲེལ་བ་མེད་པ་ཡང་ཡོད། དེ་མ་ཟད་སོ་སྐྱེས་ཕལ་བའི་སྣང་བ་ལ་འཁྲུལ་བ་འབྱུང་སྲིད་པས་ལོ་ཚིགས་དང་གོ་དོན་ལོག་བཤད་རྣམས་ལ་དོགས་བསལ་མཛད་ནས་རྗེ་བླ་མའི་འཕྲིན་ལས་ཀྱི་མཛེས་རྒྱན་དུ་འཁྱེར་ཐུབ་པ་རེ་བྱུང་ན་ཐུགས་རྗེ་ཆེར་ཞུ་དང་རང་བླ་ལྷག་ཏུ་ཆེ།

  སླད་མའི་ཆར་ཡང་རྗེ་བླ་མ་ཐམས་ཅད་མཁྱེན་པ་མཆོག་གི་རྒྱལ་བསྟན་ཡུན་གནས་དང་རྒྱལ་ཁམས་བདེ་ལྡན་གྱི་ཞིང་དུ་བཅོས་མིན་གྱིས་སྨོན་པའོ། །

  ༢༠༢༠ལོའི་བོད་ཟླ་༥བའི་ཚེས་༢༧ཉིན་རྗེ་བླ་མའི་གདན་ས་ནས་རྩོམ་པ་པོས་བྲིས།




སྨོན་ཚིག

  ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།

རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་རང་གཟུགས་གར།།

འཕྲུལ་ངག་བསྟན་པའི་གསལ་བྱེད་བསྟན་འགྲོའི་མགོན།།

སྐྱབས་རྗེ་བླ་མའི་གསང་གསུམ་ཀུན་གསལ་དབྱིངས།།

གསལ་ལ་མ་འདྲེས་དད་པའི་དཔལ་དུ་བཞད།།

ཟབ་ཅིང་རྒྱ་ཆེ་ཡོན་ཏན་བདེ་འབྱུང་གིས།།

ཡོངས་སུ་འཕེལ་བའི་རྣམ་ཐར་ཆུ་གཏེར་འཇིང་།།

ཆ་ཙམ་བརྗོད་པའི་འཕར་ཆེན་དཀར་མོ་ཡི།།

རྒྱང་གྲགས་བུས་པས་ལྷ་མིའི་སྙན་པ་འཕྲོག།

སྲས་བཅས་བདེར་གཤེགས་བགྲོད་པའི་གཞུང་ལམ་ཆེ།།

ཐར་འདོད་བྱེ་བའི་མགུལ་དུ་སྦྲོན་པ་ཡིས།།

དོན་རྒྱུད་སྣང་བརྙན་འཆར་བའི་མཛད་རྣམ་འདིས།།

བདག་གཞན་དོན་གཉིས་གྲོལ་མཐར་ཕྱིན་གྱུར་ཅིག།

འདི་སྤེལ་དགེ་བའི་ལྷག་བསམ་གྱིས་མཚོན་པའི།།

སྒོ་གསུམ་དད་བརྒྱས་བསྐྲུན་པའི་ཉལ་འགྲོའི་རྒྱུན།།

བདེར་གཤེགས་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཏེ།།

གཏན་བདེ་རྒྱ་མཚོའི་ཀློང་དུ་འབྱམས་ཡས་ཤོག།

  ཅེས་པའི་སྨོན་ཚིག་འདི་ཡང་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་བྲིས་པའོ།།

ཤིས་པར་གྱུར་ཅིག

  སྨན་རིའི་དགེ་བཤེས་ཁྲི་བདེ་མཆོག

རྨ་ཆེན་པོམ་རས་སྨད་ཀྱི་ས་དམིགས་འཛིན།།
མཚོ་ཆེན་ཁྲི་ཤོར་རྒྱལ་མོས་དམུ་ཡད་བསྐྱིལ།།
ཡུལ་ཆེན་ཨཀྟ་རོང་ནས་མཚན་དཔེ་བཞད།།
གྱེར་ཆེན་བསྟན་པའི་མེ་རོ་སྨད་ནས་བསླངས།།  
དང་པོ་གྲུབ་མཐའི་རྒྱལ་པོ་བོན་སྒོར་བཅུག།
བར་དུ་གཞུང་ལུགས་རིག་པའི་བློ་སྒོ་འབྱེད།།
མཐའ་མར་སེམས་ཉིད་སྟོན་པའི་བཀའ་དྲིན་ཅན།།
བཞི་རྫོགས་དཔོན་གསས་བླ་མས་ཤིས་པ་སྩོལ།།  
གསང་གསུམ་མཛད་འཕྲིན་མུ་ལ་དྭང་ར་བཞིན།།
ཁྱུང་ཉ་རྩ་མོས་གཏིང་མཐའ་མ་དཔོག་ཀྱང༌།།
མཐུན་སྣང་རྣམ་ཐར་གསོང་པོར་བརྗོད་པའི་གཏམ།།
འཕར་ཆེན་དཀར་མོ་རྒྱང་གྲགས་སྙན་པ་འབར།། 

     ཞེས་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་རྩོམ་པ་པོས་སྒོ་གསུམ་འབད་བརྒྱས་འཇིག་རྟེན་མི་ཡུལ་འདིར་དྭངས་གཙང་མེ་ལོང་ལྟ་བུ་མངོན་པར་བསྐྲུན་པ་ལ་བཀའ་དྲིན་ཐུགས་རྗེ་བླ་མེད་དུ་ཆེའོ་ཞེས་འཕགས་ཡུལ་༧སྨན་རིའི་གླིང་དུ་ཁྲི་བདེ་མཆོག་ཏུ་འབོད་པས་སྤྱི་ལོ་༢༠༢༠ཟླ་༠༨ཚེས་༡༣ཉིན་ལ་ཕུལ། ཐ་ཚན་མུ་ཙུག་སྨར་རོ།།

སྨོན་ཚིག

དཔའ་རིས་བསྟན་པའི་རྒྱལ་མཚན།

རྨད་བྱུང་ཚོགས་གཉིས་ཆུ་གཏེར་ལས།།
ལེགས་འཁྲུངས་སྤངས་རྟོགས་ཆ་རྫོགས་པ།།
མཛད་བཟང་འོད་དཀར་འབུམ་སྤྲོ་བའི།།
དུས་ཀྱི་ནམ་མཁའི་སྒྲོན་མེར་འདུད།།

ཞྭ་དཀར་བསྟན་པའི་གཙུག་རྒྱན་གྱི།།
རྣམ་ཐར་འཕྲུལ་གྱི་རབ་བྱེད་འདི།།
སྙིགས་དུས་སྐལ་མཉམ་ལེགས་སྐྱེས་སུ།།
ཕུལ་བར་སྙིང་ནས་རྟེན་འབྲེལ་ཞུ།།

     ཞེས་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་རྗེ་བོན་བརྒྱ་ཚང་གི་རྣམ་ཐར་<<འཕར་ཆེན་དཀར་མོ་རྒྱང་གྲགས་>>པར་སྐྲུན་འགྲེམས་སྤེལ་བྱས་པར་རྟེན་འབྲེལ་དུ་དཔའ་རིས་བསྟན་པའི་རྒྱལ་མཚན་གྱིས་གུས་པས་ཕུལ། 

ཤིས་སྨོན། 

རྩེ་སྨིན་གྲོལ།

དགེ་ལེགས་མི་ཟད་དམ་པའི་མཛད་པ་བཟང༌།།
ལྷུན་གྲུབ་གཡུང་དྲུང་རིས་སུ་འཕྱོར་བའི་ཉམས།།
རྒྱ་མཚོའི་གོས་ཅན་ཕ་མཐར་ཁྱབ་པའི་ཚུལ།།
གསལ་དག་ཡི་གེར་ཕབ་པའི་ངོ་མཚར་རྨད།།    
ཕྱི་ནང་གསང་བའི་ལེགས་མཛད་རྨད་བྱུང་བ།།
རྗེས་སུ་དྲན་པའི་གཏམ་བརྗོད་ནོར་བུའི་ཆར།།
གང་ལ་དུངས་པའི་སེམས་ངོར་ཕབ་པའི་རྒྱུན།།  
རྨ་འབྲིའི་རླབས་ཀྱིས་བཏེགས་པས་ཤིས་གྱུར་ཅིག།  
ཡེ་དག་ཤེས་རབ་ཕྲ་ཞིབ་རིགས་པའི་འགྲོས།།
དད་པའི་དབྱིངས་སུ་བསྒྱུར་བ་བདེན་པའི་དོན།།
བློ་གསལ་གྲོས་ལ་དབང་བའི་ཞལ་གདམས་བཅས།།
ལེགས་པའི་སྐྱེས་སུ་བསྟབས་པར་ཡི་རང་འབུལ།།  

    ཞེས་གཞུང་ལུགས་སྨྲ་བའི་བཤེས་གཉེན་བོན་ནག་ཡེ་ཤེས་བློ་གྲོས་པའི་བརྩམས་ཆོས«འཕར་ཆེན་དཀར་མོ་རྒྱང་གྲགས»གང་སར་མཆེད་པའི་ཤིས་སྨོན་དུ། ཡུལ་རེབ་གོང་དུ་སྐྱེས་པའི་རིགས་པ་སྨྲ་བ་རྩེ་སྨིན་གྲོལ་གྱིས་སྦྱར་བའོ།།

གྲོགས་པོ་གང་ལ་རྗེས་སུ་ཡི་རང་གི་ཚུལ་དུ་ཕུལ།

རོང་བོ་དགེ་འདུན་ལྷུན་གྲུབ།

བླ་མའི་བྱིན་རླབས་ཟླ་བའི་འོད།།
དད་གསུམ་ཀུན་དའི་ནགས་ཀློང་དུ།།
ཉེ་བར་འཕྲོ་བའི་སྐལ་བཟང་ཅན།།
ཁྱེད་ཀྱི་སྲི་ཞུ་འདི་རྨད་བྱུང༌།།
ཚེ་རབས་ལས་ཀྱི་འཕྲེང་བ་ཡིས།།
གཅིག་ཏུ་བཅིངས་པའི་བསོད་ནམས་ཀྱིས།།
རང་གི་བླ་མའི་ཅི་མཛད་ཀྱི།།
རྣམ་པར་ཐར་བའི་འདུ་བྱེད་དགེ།
འདི་ལས་གང་ཞིག་དགྱེས་པའི་ནོར།།
གཞན་འགའ་མ་མཆིས་མཆོད་པའི་ཕུད།།
གླེགས་བམ་ཟོལ་དུ་འཁྲུངས་པ་ཡིས།།
ལས་འཕྲོ་ཅན་རྣམས་སྨིན་པར་ངེས།།
ཁྱེད་ཀྱིས་གང་བྱས་ལས་རྣམས་ལས།།
འདི་ལས་ཡ་མཚན་དཀའ་འོ་ཞེས།།
མགྲིན་པའི་ལམ་ཁ་ཕྱེ་བའི་ངང༌།།
བདག་གིས་སོར་བཅུའི་ཐལ་མོ་སྦྱོར།།

ཞེས་ཡུལ་རེབ་གོང་གི་སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བྲིས།

ལྷོ་ནས་བཏེགས་པའི་སྨོན་ཚིག

མར་ནང་དགེ་བཤེས་ཁྲི་གཡུང་དྲུང༌།

དགེ་ལེགས་སྲིད་ཞིའི་མཆོད་སྡོང་ཆེ།།
ལྷུན་གྲུབ་འོད་གསལ་རིག་པའི་གདེངས།།
རྒྱ་མཚོ་མ་བཅོས་གཉུག་མའི་མདངས།།
རིགས་བརྒྱའི་ཁྱབ་བདག་སྙིང་ནས་དྲན།།
འཕར་ཆེན་ལྷ་ཡི་འཁྱིལ་དབྱངས་དེས།།
འགྲོ་ཀུན་རྨོངས་པ་ཀུན་སངས་ཞེས།།
བསླུ་མེད་རྒྱལ་བའི་ཞལ་སྔ་ནས།།
གསུང་ལ་ཡིད་ཆེས་ཚད་མ་བྱུང༌།།
སླར་ཡང་གངས་རིའི་ཁོང་གསེང་ནས།།
གེ་སར་ཕྲོམ་གྱི་རྒྱལ་ཁམས་སུ།།
འཕར་ཆེན་དཀར་མོ་རྒྱང་གྲགས་ཞེས།།
རྒྱང་ནས་ཡིད་ལ་སིམ་པ་བྱུང༌།།
བླ་མའི་རྣམ་པར་ཐར་པ་སོགས།།
ཚིག་གི་འཕྲེང་བར་བརྒྱུས་པ་འདི།།
ཡེ་ཤེས་ཚོགས་ཀྱི་འབྲས་བུ་ཞེས།།
སྟོན་པ་སྨྲ་བའི་སེང་གེས་གསུངས།།
རིག་པ་འབྱུང་བའི་རེབ་སའི་གོང༌།།
བོན་སྡེ་བརྒྱ་ཚོགས་སྨན་གྱི་རི།།
གཞུང་ཆེན་སྨྲ་བ་དགེ་བའི་བཤེས།།
གྲོགས་ཁྱོད་མཛད་པར་ཡི་རངས་ཞུ།།
རྨ་རྒྱལ་སྦོམ་རའི་དབུ་འཕངས་དགུང་ལ་ཟུག།།
ཁྲི་གཤོག་རྒྱལ་མོའི་རླབས་འཕྲེང་མཁའ་ལ་འཕྱོ།།
འཕར་ཆེན་དཀར་མོའི་དུང་སྒྲ་རྒྱང་ལ་གྲགས།།
བོན་ནག་ཚང་གི་སྙན་པའང་ཕྱོགས་སུ་རྒྱས།།
མཛད་པའི་ལས་ལ་ཡིད་སྨོན་གྱི།།
རིག་བྱེད་ངག་གི་ཕོ་ཉ་མོ།།
ལྷོ་ཕྱོགས་སྨན་གྱི་རི་རྩེ་ནས།།
གངས་ཅན་དབྱར་མོ་ཐང་ལ་བཞུད།།
བོན་ནག་ཚང་གི་མཛད་རྗེས་ལ།།
གྱེར་ནག་ཚང་དེས་བློ་ཡི་རངས།།
ཀ་ནག་འགྱུར་མེད་དམ་ཚིག་དེ།།
ག་ལ་ནག་པོའི་གཤིས་སུ་སྨོན།།

     ཞེས་པའང་མདོ་སྨད་བྱང་བརྒྱུད་བསྟན་པའི་འདུས་སྡེ་ཆེན་མོ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་མཁན་ཟུར། གཞུང་ལུགས་རིག་གནས་དང་བཅས་པར་སྨྲ་བའི་ཐུགས་སྤོབས་ཅན་མཆེད་གྲོགས་དགེ་བཤེས་ཡེ་ཤེས་བློ་གྲོས་ལགས་ཀྱིས་ཡོངས་ཀྱི་རྩ་བའི་བླ་མ་དམ་པ་༧བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་མཛད་རྣམ་<<འཕར་ཆེན་དཀར་མོ་རྒྱང་གྲགས་>>ཞེས་པ་སྒྲིག་རྩོམ་མཛད་པར་ཡི་རངས་ཀྱི་སྨོན་ཚིག་དང༌། རྟེན་འབྲེལ་གྱི་དར་དཀར་པོ་ཞིག་གི་དོད་དུ། གཤེན་གྱི་འབྱུང་ལྡན་༣༠༡བོད་ལྕགས་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་༢༠༢༠ལོ་ཟླ་བ་༨ཚེས་༡༤ཉིན། འཕགས་ཡུལ་གདན་ས་ཆེན་མོ་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་འགན་འཛིན་པ་སྨན་རིའི་དགེ་བཤེས་ཀྱི་མིང་ཙམ་ཐོབ་པ་མར་ནང་ཁྲི་གཡུང་དྲུང་ནས་སྦྱར་བ་དགེ་གྱུར་ཅིག།ཐ་ཚན་མུ་ཙུག་སྨར་རོ།།

ལོ་རྒྱུས་ཀྱི་ཚབ་བྱེད་ནུས་པའི་མི་སྣ་དག་གི་རྣམ་ཐར་འབྲི་བ་ལ་ལྷོད་ཡེངས་གཏན་ནས་གཏོང་མི་རུང༌།

                                                 ཀ་ཤུལ་བསོད་རིན།

     རེད་དེ། མཁས་དབང་བོན་བརྒྱ་ཚང་ཞེས་འབོད་པའི་བོན་གྱི་བླ་ཆེན་ཁོང་འདྲ་འདྲའི་ནང་ནས་མི་འདྲ་བའི་མི་སྟེ། ཁོང་གི་སྐུ་ཚེ་ཧྲིལ་བོ་ཤེས་རབ་ལ་བསྟིམས་པའི་དངོས་བྱུང་གི་རྟོགས་བརྗོད་དག་གིས་མི་རྣམས་ཀྱིས་ཡིད་བཀུགས་ཏེ། སྐྱེས་བུ་ཁོང་ཉིད་སེམས་ལ་ཤར་སྟངས་དང་བོད་ཀྱི་བླ་མ་གཞན་དག་ཡིད་ལ་ཤར་སྟངས་གཉིས་ཡེ་ནས་མི་འདྲ་བ་དེ་རེད། རྒྱུ་མཚན་བོན་བརྒྱ་ཚང་ཡིད་ལ་ཤར་ཐེངས་རེ་རེར་སྒམ་བརླིང་ཆེ་ཞིང་རྣམ་དཔྱོད་ཀྱིས་མཛེས་པའི་བླ་མ་དམིགས་བསལ་བ་ཞིག་སེམས་སུ་ཤར་འོང་བ་དེ་རེད། དེ་ནི་གཞན་མ་ཡིན་ཏེ། ཁོང་གིས་བློ་གྲོས་ཀྱི་ཐང་ཤ་བཅད་པ་ཧ་ཅང་རྒྱ་ཆེ་བས་ཡིན། རབ་ཏུ་གཏིང་ཟབ་པས་ཡིན།
     ཐེངས་འདིར་ཡང་བདག་གི་ཤེས་རབ་ཅན་གྱི་གྲོགས་མཆོག་བོན་ནག་ཚང་དགེ་བཤེས་ཡེ་ཤེས་བློ་གྲོས་ལགས་ནས་བོན་བརྒྱ་བླ་མ་དང་འབྲེལ་བ་ཡོད་པའི་མི་སྣ་གལ་ཆེན་དག་ལ་བཅར་འདྲི་དང་བླ་མ་མཆོག་གི་རང་རྣམ་སོགས་རྣམ་པ་ཐར་པ་བརྗོད་པ་རྣམས་ལ་གཞིར་བཅོལ་དང་བསྡུ་རུབ་བྱས་ཏེ་བོན་བརྒྱ་བླ་མའི་མཛད་རྗེས་ཕྱིར་དྲན་གྱི་རྣམ་ཐར་ཞིག་སྒྲིག་རྩོམ་བྱས་པ་ནི། བོན་བརྒྱ་ཚང་དང་བོན་བརྒྱ་ཚང་གི་རུ་ལྷ་སྡེའི་དོན་ཙམ་མ་ཡིན་པར། འདི་ནི་བོད་དང་བོན་གྱི་ལོ་རྒྱུས་རྨད་པོ་ཆེ་དག་ལ་ཆེས་ལེགས་པའི་ཕྲ་རྒྱན་ཞིག་བཏགས་པ་ཡིན་ཞེས་བཤད་ཆོག་སྟེ། བོན་བརྒྱ་བླ་མ་ནི་དུས་རབས་ཤིག་གི་བོན་གྱི་ལོ་རྒྱུས་ཐོག་གི་གོ་གནས་གལ་ཆེན་ཟིན་ཡོད་པའི་བླ་མ་ཙམ་དུ་མ་ཟད། དུས་རབས་ཤིག་གི་མདོ་སྨད་བྱང་རྒྱུད་གཙོ་ཡིན་པའི་བོན་གྱི་བསྟན་པ་གནམ་དུ་འདེགས་པའི་གསེར་གྱི་ཀ་ཆེན་ལྟ་བུ་ཡང་ཆགས་མྱོང་བས། ང་ཚོས་ད་ལྟའི་ཆར་དང་མ་འོངས་པའི་ཆར་གང་ལ་ཡིན་ཡང་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པའི་དཀྱོག་མཚམས་ཀྱི་བོན་གྱི་གནས་བབ་དང༌། ལྷག་པར་དུ་མདོ་སྨད་བྱང་རྒྱུད་ཀྱི་རྒྱལ་གཤེན་བསྟན་པའི་ལོ་རྒྱུས་འཆད་པ་ལ་བོན་བརྒྱ་ཚང་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་མི་བརྗོད་རང་བརྗོད་ལྟ་བུར་ཆགས་ཡོད་པས། ལོ་རྒྱུས་ཀྱི་ཚབ་བྱེད་ནུས་པའི་མི་སྣ་དག་གི་རྣམ་ཐར་འབྲི་བ་ལ་ལྷོད་ཡང་གཏན་ནས་གཏོང་མི་རུང༌། འདི་ནི་ལོ་རྒྱུས་ཀྱི་ཕམ་ཁ་ཡིན་པ་ཙམ་དུ་མ་ཟད་བསྟན་པའི་ངོས་ནས་བཤད་ན་ཡང་བསྟན་པའི་ཡང་ཕམ་ཁ་སྟེ། འདས་པའི་ལོ་རྒྱུས་ཐོག་ཏུ་བྱུང་མྱོང་བའི་མི་སྣ་གལ་ཆེན་བགྲང་གིས་མི་ལོངས་པ་ཞིག་གི་ལོ་རྒྱུས་ཆད་པས། ད་ལྟ་ང་ཚོས་བོན་གྱི་ལོ་རྒྱུས་ཁ་ཚང་བ་ཞིག་འཆད་པ་ལ་དཀའ་ཁག་རབ་ཏུ་ཆེ་བ་མ་ཡིན་ནམ། 
    ལྷག་པར་ཏུ་བོན་ནག་ཚང་དགེ་བཤེས་ཡེ་ཤེས་བློ་གྲོས་མཆོག་ནི་ཆུང་ནས་བཟུང་བོན་བརྒྱ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བཅར་ཏེ་ཁོང་རིན་པོ་ཆེའི་ཐུགས་བརྩེའི་འོག་ནས་ནར་སོན་པའི་ཐུགས་ཀྱི་སྲས་བུ་ལྟ་བུར་གྱུར་པའི་རྣམ་དཔྱོད་པ་དང༌། བླ་མ་ཁོང་གི་མདུན་ནས་དངོས་སུ་གདམས་ངག་གསེར་གྱི་ཡང་ཞུན་ལྟ་བུ་ལེན་མྱོང་བའི་མི་བུ་གཞི་རབ་པ་ཡང་ཡིན་པས། ཁོང་ལྟ་བུས་བོན་བརྒྱ་རིན་པོ་ཆེའི་ལོ་རྒྱུས་སྒྲིག་རྩོམ་བྱས་པ་འདི་ནི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་དུ་འགྲོ་བས། དགེ་བཤེས་ཁོང་གིས་མ་འོངས་པ་ལ་འགན་ཁུར་བ་ཡང་ཤིན་ཏུ་རླབས་ཆེ་བ་རེད། 
    བོན་ནག་ཚང་དགེ་བཤེས་ཡེ་ཤེས་བློ་གྲོས་མཆོག་ནས་སྒྲིག་རྩོམ་བྱས་པའི«མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་མཛད་རྣམ་འཕར་ཆེན་དཀར་མོ་རྒྱང་གྲགས»ཞེས་པའི་དེབ་འདི་ནི་སྔ་མའི་བོད་ཀྱི་བླ་མའི་རྣམ་ཐར་དག་ལས་དམིགས་བསལ་བའི་ཁོངས་སུ་གཏོགས་པ་སྟེ། ཁོང་གིས་བོན་བརྒྱ་རིན་པོ་ཆེའི་དགུང་ལོ་གཅིག་པ་ནས་རིམ་བཞིན་དགུང་ལོ་གྱ་གསུམ་བར་གྱི་སྐུ་ཚེའི་མཛད་པ་ཕལ་ཆེར་དགུང་ལོ་རེ་རེ་བྱས་ཏེ་དཀར་ཆག་ཏུ་ཟིན་པ་ལྟར་ལེ་ཚན་རེ་རེ་བྱས་ཏེ་སྒྲིག་རྩོམ་བྱས་ཡོད་པས། ཧ་ཅང་གྲ་དག་ཅིང་ཁ་ཚང་བ་ཞིག་ཡིན་པར་ལྟོས་འཇོག་གིས་བརྗོད་ཐུབ། 
     མ་གཞི་ནས་བོན་ནག་ཚང་དགེ་བཤེས་ཡེ་ཤེས་བློ་གྲོས་ངེད་གཉིས་འགྲོགས་ཡུན་རིང་ཞིང༌། འགྲོགས་པ་དེ་ཡང་ཐོས་བསམ་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་ནས་བྱུང་བ་ཞིག་ཡིན། དེ་ལྟར་ངས་ངོ་ཤེས་པའི་གྲོགས་པོ་ཁོང་ནི་བརྩོན་འགྲུས་ཆེ་ཞིང༌། སྒེར་ཚུགས་ཆེ་བའི་མི་སྟེ། ང་ཁོང་དང་འགྲོགས་པའི་དུས་ཚོད་ནང་ངས་ཤེས་པའི་ཡེ་ཤེས་བློ་གྲོས་ནི་ཤེས་རབ་དང་ཐོས་བསམ་གྱི་དོན་དུ་ཅི་ཡང་བློས་གཏོང་ཐུབ་པའི་མི་ཞིག་ཡིན་པ་དེ་ཡིན། དེ་བཞིན་ཁོང་གིས་ཐེངས་འདིར་སྒྲིག་རྩོམ་བྱས་པའི«མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་མཛད་རྣམ་འཕར་ཆེན་དཀར་མོ་རྒྱང་གྲགས»ཞེས་པ་འདི་དཀའ་ལས་དང་རྔུལ་ཆུ་མང་པོ་བཏོན་ཏེ་ལེགས་གྲུབ་བྱུང་བ་ཞིག་ཡིན་པར་ང་ལ་ཡིད་ཆས་ཡོད། 

ཅེས་གང་གི་གྲོགས་ཀྱི་མིང་འཛིན་ཀ་ཤུལ་བསོད་རིན་དུ་འབོད་པས་མདོ་སྨད་སྣང་ཞིག་ཆེན་མོའི་གདན་ས་ནས་གྲོགས་ལགས་ལ་རྟེན་འབྲེལ་ཞིག་གི་ཚུལ་དུ་ཕུལ་པའོ།།ཐ་ཚན་མུ་ཙིག་སྨར་རོ།།

ཤིས་སྨོན་མི་ཡི་དག་ཚིག་མ།

     ས་ཁའི་བློ་ལྡན།

བསྟན་འགྲོའི་དཔལ་ཤར་བླ་མ་བོན་བརྒྱ་བའི།།
བསྟན་པའི་མཛད་རྣམ་འཕར་ཆེན་དཀར་མོའི་དབྱངས།།
བསྟན་འཛིན་སྐྱེས་བུ་ཡེ་ཤེས་བློ་གྲོས་ཀྱིས།།
བསྟན་འགྲོའི་དོན་ཕྱིར་མཛད་པ་ཤིས་གྱུར་ཅིག།
སྐྱེས་རབས་རྣམ་པར་ཐར་བའི་ཤེལ་ཕྲེང་གིས།།
སྔོན་དུ་བསུ་བའི་ལོ་རྒྱུས་རྒྱ་མཚོའི་གཏེར།།
བརྒལ་འདོད་ས་སྟེང་མཁས་མང་དགྱེས་པ་ཡི།།
རིན་བྲལ་གཏང་རག་ཆེན་མོའི་སྐྱེས་སུ་སྨོན།།
རྣམ་ཐར་དུང་དཀར་རང་སྒྲ་གྲགས་པ་འདི།།
རང་གཞན་དང་འདྲེན་པདྨོའི་མགུལ་རྒྱན་ཏེ།།
འབྱུང་བཞིར་དབང་ཐོབ་དཔལ་ལྡན་བླ་མ་རྗེ།།
འགྲོ་བའི་འདྲེན་སྟོན་མཆོད་པའི་རྟེན་དུ་ཤོག།

     ཅེས་བསྟན་པའི་རྗེས་བཞག་དང་འགྲོ་དོན་མཐར་ཕྱིན་ཞིང་སྟོང་ཉིད་མངོན་དུ་གྱུར་བའི་སྐྱབས་མགོན་བླ་མ་གང་གི་ཉེ་སྲས་བོན་ནག་པ་ཡེ་ཤེས་བློ་གྲོས་མཆོག་གིས་རྒྱུང་ཡར་ཁོད་སྤུངས་དྲན་པའི་ཐུགས་ཀྱི་འོད་ཟེར་དང་དབྱེར་མ་འཆིས་པ། ༧དཔོན་གསས་བོན་བརྒྱ་རིན་པོ་ཆེའི་རྣམ་ཐར་རྒྱས་པ་བརྩམས་གྲུབ་ལེགས་པར་བྱུང་བ་ལ་ཤིས་སྨོན་དུ་བསྲིངས་པ་དགེ་གྱུར་ཅིག ༢༠༢༠/༧/༢༨/ཉིན།

རྗེས་སུ་ཡི་རངས་པའི་གཏམ། 

ཁྱུང་བཟང༌།

     དེ་ཡང་ལྔ་རིག་སྨྲ་བའི་ཁྱུ་མཆོག  ལུང་རྟོགས་བསྟན་པའི་ཉིན་བྱེད། དཀྱིལ་འཁོར་རྒྱ་མཚོའི་མངའ་བདག  ༧ཆོས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་གང་ཉིད་ཀྱི་སྐུ་ཚེའི་མཛད་རྣམ་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་རྣམས་ལས་ཆ་དང་ཟུར་གང་རྙེད་པ་དག་ཡི་གེའི་གླེགས་བམ་དུ་བསྡེབས་ནས། ཕྱི་རབས་སྐལ་ལྡན་རྣམས་ཀྱི་དད་པའི་རྟེན་དང་རིག་པའི་རྒྱན་དུ་བཏེགས་པ་ལ། འདིར་བཀྲ་ཤིས་རྟེན་འབྲེལ་གྱི་མེ་ཏོག་ཆེད་དུ་འབུལ་རྒྱུར་མ་ཟད། རྩོམ་པ་པོ་བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས་མཆོག་གིས་མ་སྐུལ་དང་བླང་གི་སྒོ་ནས་དཀའ་བ་ཁྱད་དུ་བསད། ངལ་བ་རྒྱབ་ཏུ་བསྐྱུར། རེ་བ་ཐུགས་ལ་བརྣགས་ཏེ་བླ་མའི་རྗེས་འཇུག་ཚད་ལྡན་ཞིག་གི་མིག་དཔེ་ཀུན་ལ་མངོན་སུམ་དུ་བསྟན་པར་རྗེས་སུ་ཡི་རང་དང་བཀའ་དྲིན་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། 

འདི་ན་བླ་མའི་རྣམ་ཐར་ནོར་བུའི་དཔྱ།། 
ཤེས་རབ་བང་ཆེན་གཅིག་གིས་བསྡུས་པའི་འཕྲུལ།། 
སྐལ་ལྡན་བྱེ་བའི་གཟིགས་མོར་སྨིན་པ་ལ།། 
དད་གུས་ངག་གི་རོལ་མོ་ལན་བརྒྱར་འཁྲོལ།། 

     ཞེས་མགོན་པོ་གང་གི་གདུལ་བྱའི་གྲལ་མཐའ་བ་ཁྱུང་བཟང་དུ་འབོད་པས་རྣམ་ཐར་དེབ་གཟུགས་སུ་འཁྲུངས་པའི་ཤིས་ཚིག་ཙམ་དུ་སྦྱར་བ་དགེའོ།། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།