ཁྲི་སྲས་དྲུག་འགྱུར་གྱི་བརྩམས་ཆོས«སྨྱུག་རྩེ་ནས་མཆེད་པའི་མེ་སྟག»ཅེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2020-08-02 10:06:51][རྩོམ་པ་པོ། ཁྱུང་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྲི་སྲས་དྲུག་འགྱུར་གྱི་རྩོམ་ཡིག་བདམས་བསྒྲིགས《སྨྱུག་རྩེ་ནས་མཆེད་པའི་མེ་སྟག》ཅེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ།


སྣང་བ་ཐགས་སུ་བཏགས་པའི་འཇའ་རིས།

—— 《སྨྱུག་རྩེ་ནས་མཆེད་པའི་མེ་སྟག》བཀླགས་རྗེས་ཀྱི་གཏམ་ཕྱི་ནང་གསང་གསུམ་མ།

  ཁྱུང་བཟང་།

གཅིག

སྐད་འཕྲིན་ནང་གི་ཞུ་ཡིག

  གྲོགས་གཟེར་མིག་མཆོག་ལ་ཞུ་རྒྱུར།

  སྙན་ངག་པ་ཁྲི་སྲས་དྲུག་འགྱུར་ལགས་ཀྱི་བརྩམས་ཆོས་ཆ་ཚང་བར་མཇལ་ཟིན། གཏག་ནོར་སོགས་ཀྱང་ཤེས་ཚོད་ཀྱིས་བཅོས་ཡོད། འདིར་གཟའ་འཁོར་གཅིག་ལྷག་ལ་ཟི་ལིང་ནས་སློབ་གཞི་རྩོམ་སྒྲིག་གི་ལས་ཀ་ཞིག་ལ་ཞུགས་དགོས་བྱུང་སྟེ་འགོར་འགྱངས་ཅུང་ཟད་བྱུང་བ་དང་། ཞུ་དག་སྐབས་སུ་ཅི་ཐུབ་གང་ཐུབ་ཀྱིས་གཟབ་གཟབ་བྱས་ཡོད་ཀྱང་ད་རུང་ནོར་འཁྲུལ་དང་འཐུས་ཤོར་བྱུང་ཡོད་པར་ཐེ་ཚོམ་བྲལ་བས་ཆེད་དུ་དགོངས་དག་ཀྱང་ཞུའོ། །

  ད་ནི་གང་ལྟར་རྩོམ་ཡོངས་སུ་བཀླགས་ཟིན་པས་ཁྱེད་རྣམ་པའི་མངགས་བཅོལ་བཞིན་མྱུར་དུ་འགོ་བརྗོད་འབྲི་བའི་ལས་ལ་གཞུག་དགོས་མོད། གནད་འགག་གི་དུས་སུ་དྲི་བ་འགའ་བློ་རུ་ཡང་ཡང་འཁོར་འོང་། རྒྱུ་མཚན་ནི་ཁོང་གི་རྩོམ་ཡིག་བཅད་ལྷུག་རང་མོས་དཔྱད་རྩོམ་དང་བཅས་པ་ཤོག་གྲངས་ལྔ་བརྒྱར་ཉེ་བ་རྣམས་ལས། རགས་པའི་དབང་དུ་བྱས་ན་ལེའུ་དང་པོ“མཐིང་མདོག་ཟླ་བའི་གཙང་པོ”དང་། རྗེ་བླ་མའི་རྟོགས་བརྗོད་གཅིག རྗེས་དྲན་རྩོམ་ཡིག་མི་འདྲ་བ་བདུན། ཨ་མར་བྲིས་པའི་རྩོམ་ཡིག་གསུམ། ནུ་མོ་དྲན་པའི་རྩོམ་གཅིག གབ་ཚིག་འགའ། གླུ་ཚིག་བཅུ་ཁ་ཞིག དཔྱད་རྩོམ་ལྔ། གཏམ་བཤད་དང་མདོ་འཛིན་གྱི་མ་ཡིག་སོགས་ལས་གཞན་པའི་ནང་དོན་ཕལ་ཆེ་བ་ནི་བརྩེ་དུང་གི་ངང་སྒུག་དང་ཐོབ་ཤོར་གྱི་གཏམ་རྒྱུད་ཁོ་ནར་འདུག་ལ། གོ་ཐོས་སུ་ཁོང་ནི་སྔོན་ཆད་གྲྭ་བ་ཞིག་ཡིན་པ་དང་རྗེས་སུ་སྐྱ་སར་བབས་རབ་ཏུ་འདུག་ན། ཁོང་ཉིད་ག་དུས་དགོན་པའི་ཚོགས་གྲལ་དུ་ཞུགས་པ་དང་། བརྩེ་དུང་གི་གཏམ་རྒྱུད་དེ་དུས་ནམ་ཞིག་ལ་མགོ་ཚུགས་ཏེ་ནམ་ཞིག་མཇུག་བསྒྲིལ་བ་སོགས་ཀྱིས་མཚོན་པའི་གནས་ཚུལ་རགས་པ་ཞིག་ནི་མ་ཤེས་ཐུ་མེད་ལྟ་བུ་ཆགས་འདུག འདིར་རྩོམ་ཡིག་གི་ཟླ་ཚེས་ལ་གཞིགས་ན་གཏམ་རྒྱུད་ཀྱི་བྱུང་དུས་ནི་ཧ་ལམ2002ལོ་ནས2008ལོའི་བར་དུ་ཁེལ་འདུག་པར་སྣང་ལ། 2014ལོ་དང2015ལོ་ཡས་མས་ཀྱི་རྩོམ་རེ་འགའ་ཡང་འདུག་མོད། དེའི་བརྗོད་བྱ་བརྩེ་དུང་དང་འབྲེལ་བ་མེད་པར་མ་ཟད་གྲངས་ཀ་ཡང་ཧ་ཅང་ཉུང་བས། འགོ་བརྗོད་འབྲི་བ་ལ་ངེས་པར་བརྩེ་དུང་བརྗོད་གཞི་དང་གཞན་རྣམས་ཟུར་རྒྱན་གྱི་ཚུལ་དུ་འགོད་པ་ལས་འོས་མེད་པ་འདྲ་བོར་འདུག་ན། མཆོག་ཉིད་ནས་ཁོང་གི་ཕལ་བའི་གནས་སྟངས་གང་འོས་རེ་ས་བོན་གྱི་ཚུལ་དུ་སྒྲོ་སྐུར་མེད་པར་གསུང་རོགས་ཞེས་ཞུ་བ་ལགས། ཁ་དྲོ།

གཟེར་མིག་གི་ཡིག་ལན།

  རྒན་ཁྱུང་བཟང་ལགས། བདེ་མོ།

  དེབ་འདིའི་རྩོམ་པ་པོ་ཁོང་ནི་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་ཕྲན་དང་མཉམ་འདྲིས་མཉམ་འགྲོགས་ཀྱི་གཉེན་མི་ཤ་དང་རུས་པ་ཤིན་ཏུ་ཉེ་བ་ཞིག་ཡིན་ལ། བྱིས་དུས་རེའུ་རྫི་ནས་ལུག་རྫི་དང་། སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་དགོན་པ། དགོན་པ་ནས་དབུས་ལམ་བསྙེགས་པའི་སྤུན་མཆེད་བཟང་པོ་ཞིག་ཀྱང་ཡིན། ཁོ་རང་ཆུང་དུས་ནས་རྣམ་རིག་རྒོད་ལ་དྲན་པ་མྱུར་བ། གཤིས་ཀ་འཇམ་ཞིང་བརྩོན་འགྲུས་དང་རྟུལ་ཕོད་ཆེ་བ་ཞིག་ཡིན་པས། ཀུན་གྱིས་རེ་བཞག་དང་ཡིད་སྨོན་བྱེད་ས་ཞིག་ཡིན།

  ཁོང་ཉིད་དམའ་གཉིས་འགྲིམ་སྐབས་ཏེ1995ལོར་བོན་བརྒྱ་དགོན་པའི་ཚོགས་གྲལ་དུ་ཞུགས་ཤིང་། ༧སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་ཐུགས་རྗེའི་སྐྱབས་འོག་ཏུ་བོད་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་གཡུང་དྲུང་བོན་གྱི་རིག་གཞུང་ཁག་ལ་སློབ་གཉེར་བྱེད་པའི་སྐལ་བ་དང་ལྡན་པར་གྱུར་པས། ཁོང་ནས་ཀྱང་རང་གི་ཤེས་བརྩོན་གྱི་གྲིམ་མ་ལྷོད་ཅིང་ཐོས་བསམ་གྱི་ལྟོས་མ་ཉམས་པར་བླ་མ་རིན་པོ་ཆེ་གཙོས་དགེ་བཤེས་ལུང་རྟོགས་རྒྱ་མཚོ་སོགས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ་ཐུན་མོང་རིག་གནས་དང་ནང་དོན་རིག་པའི་བསྟན་བཅོས་ཁག་ལ་ཐོས་བསམ་ལྷོད་མེད་བྱས། 1999-2002ལོའི་བར་མདོ་སྨད་སྣང་ཞིག་དགོན་ཆེན་དུ་ཕེབས་ནས་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་སོགས་ཀྱི་ཞབས་ལ་གཏུགས་ཏེ། ལོ་འགའ་ཤས་ལ་གཞུང་ཆེན་བཀའ་པོད་དག་ལའང་བག་ཆགས་མི་དམན་པ་རེ་བཞག་སྟེ། རིག་པའི་རྩལ་གྱིས་རིག་གཞུང་གི་ཐང་ཆེན་བརྒལ་ཞིང་། ལུང་རིག་ཚད་མས་དོགས་ཡུལ་མཐའ་རུ་བཅད་པ་སོགས་ནི་བདེན་པའི་གཏམ་རྣམས་དྲང་པོའི་ངག་གིས་ཞུས་པ་ཙམ་ལགས།

  དེ་ནས2003-2006ལོའི་བར་ཁོང་ཉིད་མགོ་ལོག་དར་རྒྱས་སྨན་རྩིས་སློབ་གླིང་ཞེས་པའི་སྒེར་བཙུགས་གསོ་རིག་སློབ་གྲྭ་ཞིག་ཡོད་པ་དེར་ཞུགས་ཏེ་བོད་ཀྱི་གསོ་རིག་གཞུང་ལུགས་གཙོ་བྱས་རྒྱ་ཡིག་དང་དབྱིན་ཡིག་སོགས་ལའང་སློབ་གཉེར་གནང་། མ་ཟད་ཁོང་གི་གྲྭ་བའི་དམ་བཅའ་དང་ཐོག་མའི་རེ་བཞག་གི་རྡོག་ཁྲེས་ཀྱང་གནས་དེ་ནས་དགོས་དབང་གིས་བོར་ཞིང་། དགེ་ཆོས་ལྟ་བུའི་སྙན་ཚིག་སྒྱུ་རྩལ་གྱི་སྟོབས་ཀྱང་གནས་དེ་ག་ནས་རྒྱས་མགོ་ཚུགས་པ་རེད།

  དེ་ལྟར་ལོ་གསུམ་འགོར་རྗེས་མུ་མཐུད་ནས་གསོ་རིག་གི་ལས་ཀར་འཇུས་ཏེ། 2008ལོར་མཚོ་སྔོན་གསོ་རིག་སློབ་ཆེན་འགྲིམས་པ་དང་། 2011ལོར་གནས་དེ་ནས་བསླབ་འབྲས་ཕུལ་དུ་ཕྱིན་པའི་ངང་སློབ་མཐར་ཕྱིན། དེ་ནས་རིམ་པར་ཟི་ལིང་དང་ཆབ་ཆ། ཁྲི་ཀ་སོགས་སུ་སྨན་པ་དང་དགེ་རྒན། སྐད་སྒྱུར་བ་སོགས་ཀྱི་བྱ་བ་གཉེར་ཞོར་གྲོགས་པོ་སྐོར་ཞིག་དང་ལྷན་དུ་མཉམ་འགྲོགས་མཉམ་འདུག་གི་འཚོ་བའི་མངར་ཁ་མྱངས་པ་རེད་ལ་ལྷ་སྲས་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད། ལྷ་སྲས་ཡང་ཁྲི་སྲས་ནང་བཞིན་སྙན་ངག་འབྲི་རྒྱུར་དགའ་བ་མ་ཟད། རྒྱུད་དྲུག་པི་ཝང་འཁྲོལ་བ་ལ་ཧ་ཅང་བྱང་ཆ་ལྡན་པ་ཞིག་ཡིན་ཞེས་ཁོང་གི་ངག་ནས་ལན་མང་ཐོས། སྐབས་དེའི་འཚོ་བ་ཅི་འབྱོར་གང་ལེགས་ཀྱི་ཆ་དེ་ཙམ་མ་ངེས་ཀྱང་ཁོང་གི་ཞལ་འཛུམ་དང་མིག་མདངས་ལས་ང་ལ་བདེ་སྐྱིད་ལྡན་པའི་ཚོར་སྣང་ཞིག་བྱིན་སོང་།

  ད་ལན་ཁོང་གི་བརྩམས་ཆོས་ཕྱོགས་གཅིག་ཏུ་སྡུད་སྐབས་རྩོམ་ཡིག་གི་གྲངས་འབོར་ཐད་ནས་ཤིན་ཏུ་མང་པོ་འདུག་ཀྱང་། འདིར་འཁོད་ཀྱི་རྩོམ་ཡིག་དག་ནི་ལོ་ཚིགས་དང་སྤུས་ཚད་ཀྱིས་བཅད་དེ་བདམས་བསྒྲིགས་བྱས་པ་འབའ་ཞིག་ལགས། དེ་ལས་རྩོམ་ཡིག་མང་ཆེ་བ་ནི2003-2011ཡས་མས་སུ་བྲིས་པར་སྣང་ལ། རྩོམ་རྣམས་ལས་ཕལ་ཆེ་བ་བརྩེ་དུང་གི་སྐོར་ཡིན་པས་དེབ་ཀྱི་སྤྱི་ཁོག་ལས་དམིགས་བསལ་དུ་མངོན་པའི་ཁྱད་ཆོས་ཀྱང་བརྩེ་དུང་ཞེས་པའི་བརྡ་དང་ཐ་སྙད་འདི་ག་རང་ཡིན་འདུག སྣང་ཚུལ་འདི་ལས་འདས་པོ་ཁོང་ནི་མི་གང་ཡིན་དང་མི་འདྲ་བར་ནང་སེམས་ཀྱི་བརྩེ་བ་ཤིན་ཏུ་ཟབ་པའི་མི་བུ་ཞིག་ཡིན་པ་ངང་ངམ་ཤུགས་ཀྱིས་མཐོང་ཐུབ།

  ལོ་འགའི་རྗེས་ཀྱི་ཉིན་ཞིག ཁོང་གིས་ང་ལ་ཞེ་དལ་ལྷོད་ལྷོད་ཀྱི་ཁ་བརྡ་གླེང་བ་བརྒྱུད་མི་དང་མིའི་བར་གྱི་མཛའ་བརྩེ་དང་གཏམ་རྒྱུད་མང་པོ་བཤད་སོང་། ཕར་བལྟས་ཚོད་ལ་ཁོང་གི་མིག་མཐར་མཆིལ་ཞགས་འཁོར་མེད་ཀྱང་སེམས་ན་སྡུག་བསྔལ་ལྕི་མོ་ཞིག་ཡོད་པ་ངང་གིས་རྟོགས་ཐུབ། གང་ལྟར་ལས་དང་རྐྱེན་ནམ། གྲུབ་མཐའི་སླད་སོགས་གང་ཡིན་ཆ་མ་འཚལ་མོད། ཁོ་གཉིས་མི་འདོད་རང་སར་གྱེས་ནས་བཟུང་འདས་པོ་གང་གི་སྙན་ངག་བྲིས་པ་དེ་འདྲ་མང་པོ་མཐོང་མ་མྱོང་ལ། རེ་འགའ་མཐོང་བ་ཡང་རྗེས་དྲན་དང་གླུ་ཚིག དཔྱད་རྩོམ་གྱི་སྐོར་ཁོ་ན་ལས་མ་འདས། ཡིད་སྐྱོ་བ་ཞིག་ལ་རེ་དོགས་དང་ཐོབ་ཤོར་གྱི་ལོ་ཟླ་མང་པོ་འགོར་རྗེས་ཀྱི་ན་ནིང་ཁོང་གིས་ཀྱང་ནང་སེམས་ཀྱི་བརྩེ་བ་མེ་སྟག་བཞིན་སྨྱུག་རྩེར་བཅོལ་བཞིན་མི་ཚེ་མཇུག་བསྡུས་སོང་བ་རེད།

  ད་ལྟ། ང་ཚོས་ནི་ཀློག་མཁན་རང་ག་བ་ཞིག་གི་ངོས་ནས་ཁོང་གི་བརྩམས་ཆོས་དག་ལ་ཧོབ་ལྟ་ཞིག་བྱས་ན་རྩོམ་དེབ་ཀྱི་གྲུབ་ཆ་གཙོ་བོ་བརྩེ་དུང་ཡིན་ལ། སྙན་འགྱུར་འབུམ་དུ་རྫོགས་པའི་ཁོང་གི་ཚིག་སྦྱོར་གྱི་ཕྲེང་བ་དག་ལས་དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་ལྷོག་ལྷོག་ཏུ་གདུ་བའི་འདུ་བྱེད་མཐོང་བར་འགྱུར་ལ། ལྷག་པར་དུའང་ཁོང་གི་གང་བྲིས་ཐམས་ཅད་ཀྱི་ནང་སྙིང་ལ་བཅར་ཚེ་རིག་རྩལ་དཔྱད་འཇོག་གི་སྤོབས་པའི་གདེང་མཐོ་ཞིང་། སྤྱི་འདུས་མཛེས་དཔྱོད་ཀྱི་ལྟ་བའི་ཕུ་དག་པ། བསམ་བློའི་ཐབས་རྩལ་གྱི་སྒྲོམ་གཞིའི་ཁོང་ཡངས་པའི་ཁྱད་བོན་དག་རང་བྱུང་ལྷུན་ཆོས་སུ་རྫོགས་པའང་ག་ལེར་མཐོང་ཐུབ་བོ། །

  རྒན་ཁྱུང་བཟང་། རྩོམ་མཁན་གྱི་གནས་ཚུལ་སྤྱི་དང་རྩོམ་ཡིག་གི་བརྗོད་བྱའི་བབ་ནི་དེ་ག་ཙམ་རེད་ལགས། དེ་ན་གནས་སྐབས་བདེ་མོ། སྐུ་ཚེ་རིང་།


གཉིས།

རྟོགས་བརྗོད་ཀྱིས་དྲངས་པའི་ཡིད་སྨོན་དང་གཞན་དག

  2018ལོའི་ཟླ9བར་ང་ཚོས་རེབ་གོང་བོན་མང་དང་བོན་བརྒྱ་དགོན་པའི་གདུང་མཆོད་ཁ་འགོ་བ་རྣམས་ལ་ཡར་ཞུ་སྒོས། རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་འཁོར་གཅིག་འགོར་བའི་རྗེས་དྲན་ཆེད་དེབ་བསྒྲིག་རྒྱུའི་འཆར་གཞི་བཟོས་ཏེ། རེབ་གོང་བོན་མང་དྲ་ཚིགས་སུ་རྩོམ་བསྡུའི་བརྡ་སྦྱོར་སྔ་ཕྱི་ཐེངས་གཉིས་ལ་སྤེལ། དེ་ནས་ཕྱོགས་ཡར་མར་གྱི་བླ་མ་དགེ་བའི་བཤེས་གཉེན་དང་། སྙུག་ཐོགས་ན་གཞོན་ཕོ་མོ། གྲུབ་མཐའ་རིས་མེད་ཀྱི་རྩོམ་པ་པོ་མང་པོའི་རྩོམ་ཡིག་ནི་དགུན་གྱི་ཁ་བ་བཞིན་གཅིག་ཏུ་ལུད་པས། ང་ཚོས2019ལོའི་ཟླ་དང་པོ་ནས་དངོས་སུ་རྩོམ་ཡིག་གདམ་གསེས་དང་དག་སྒྲིག་གི་མགོ་བརྩམས་ཏེ། ཟླ4བའི་ནང་ལ་ཕལ་ཆེར་བསྒྲིགས་ཞུས་ཀྱི་བྱ་བ་ཡོངས་སུ་ཚགས། སྐབས་དེར་རྩོམ་ཡིག་ཤིན་ཏུ་མང་པོ་ལས་རྩོམ་སྟངས་དང་རྩོམ་ལུས། བརྗོད་བྱ་སོགས་སྣ་སྒོ་མོ་ནས་ཡིད་ཀྱི་དང་བ་འདྲེན་པའི་རྩོམ་ཡིག་གསུམ་ཙམ་བྱུང་བ་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་ཟླ་བ་ཚང་གི“སྲིད་པའི་ཁྱུང་ཆེན”དང་། སྨན་རིའི་དགེ་བཤེས་ཁྲི་གཡུང་དྲུང་མཆོག་གི་རྗེས་དྲན“སྲིད་པའི་འཕར་ཆེན”། དེབ་འདིའི་བྱེད་པོ་ཁྲི་སྲས་དྲུག་འགྱུར་ལགས་ཀྱི“རྟོགས་བརྗོད་གསེར་གྱི་གླིང་བུ”གསུམ་པོ་ཡིན། ཏག་ཏག་སྐབས་དེར་ངས་ད་གཟོད་ཁྲི་སྲས་དྲུག་འགྱུར་ཞེས་པའི་མིང་འདི་ཐོག་མར་མཐོང་བར་མ་ཟད། ཁོང་གི་རྟོགས་བརྗོད་དེས་ཡིད་ཡོངས་སུ་བཀུག་སྟེ་ཡང་དང་ཡང་དུ་བཀླགས་པ་ཡིན། ངའི་སེམས་སུ་ཁོང་ནི་གྲྭ་བ་དང་མི་སྐྱ་གང་ཡིན་མི་ཤེས་ཀྱང་ཁོང་གི་རྩོམ་རྩལ་ལས་ལྷན་སྐྱེས་ཀྱི་འཆར་སྒོ་ཡངས་ཤིང་སྦྱང་སྟོབས་ཀྱི་ཡོན་ཏན་མཐོ་བ་དང་། དད་དམ་གཙང་ལ་གདུང་ཚོར་ཟབ་པའི་རྟགས་མཚན་མངོན་པར་བཀྲ་བས། རྩོམ་པ་པོ་འདི་གང་གི་ཡིན་ནམ་སྙམ་སྟེ་ཉེ་འཁོར་གྱི་གྲོགས་པོ་རེ་གཉིས་ལ་དྲིས་ཀྱང་གསལ་བོར་ཤེས་མཁན་ནི་མི་འདུག རྗེས་ནས་དཔེ་ཆ་སྒོར་ཐོན་རྗེས་ཁོང་གི་རྟོགས་བརྗོད་དེས་ཀུན་གྱི་ཡིད་དབང་འཕྲོག་པས་ཁོང་གི་མིང་དང་ལོ་རྒྱུས་སོགས་ཀྱང་རེ་ཞིག་མི་མང་གི་གླེང་གཞིར་གྱུར་འདུག དེའི་སྐབས་སུ་ངས་ད་གཟོད་ཁོང་ཉིད་སྔོན་ཆད་གྲྭ་བ་བྱས་ཤིང་ད་ལྟ་སྐྱ་སར་བབས་ཡོད་པའི་གནས་ཚུལ་རགས་ཙམ་ཐོས་བྱུང་། ཡིན་ཡང་ལོ་རྒྱུས་ཞིབ་ཕྲ་ནི་སྔར་བཞིན་ཤེས་མ་ཐུབ། དེ་ལྟ་ནའང་སེམས་ཀྱི་ག་ཤེད་ཅིག་ལ་རྩོམ་པ་པོ་འདི་ལ་འདི་དང་འདི་ལྟ་བུའི་རྩོམ་ཡག་པོ་ཤིན་ཏུ་མང་པོ་ཡོད་ངེས་རེད། དེ་དག་ཀློག་པའི་གོ་སྐབས་རེ་བྱུང་ན་ཨང་སྙམ་པ་ཡང་ཡང་བྱུང་།

  མ་བསམ་ས་ནས་ད་ལོའི་ཟླ5བའི་ནང་ལ་གྲོགས་ལྷག་བསམ་ཅན་ཁྲི་བསོད་བསྟན་མཆོག་ནས་ཁ་པར་ཐོན་ཏེ། སྙན་ངག་པ་ཁྲི་སྲས་དྲུག་འགྱུར་ལགས་ཀྱི་རྩོམ་དེབ》སྨྱུག་རྩེ་ནས་མཆེད་པའི་མེ་སྟག《ཅེས་པའི་རྩོམ་སྒྲིག་གི་ལས་ཀ་ཕལ་ཆེར་ཚགས་སུ་ཆུད་དེ། ད་ནི་འགོ་བརྗོད་ཅིག་བྲི་བའི་དུས་ལ་བབས་པར་དགེ་བའི་བཤེས་གཉེན་གཡུ་འབྲུག་གྲགས་པ་དང་བཅས་པས་འགོ་བརྗོད་དེ་ཁྱེད་རང་ནས་བྲིས་ན་ལེགས་རབས་ཀྱི་གསུང་བྱོན་ཚུལ་རགས་པར་སྨྲས་ཤིང་དེབ་ཀྱང་གང་མྱུར་དུ་བསྐུར་བྱུང་། ཞོར་དུ་གཏག་ནོར་སོགས་གནད་དོན་ཅི་ཡོད་ལ་མཉམ་འཇོག་རེ་བྱ་དགོས་པའི་རེ་བའང་བཏོན་པས། དགའ་སྐྱོ་ཅི་ཡིན་མི་ཤེས་པའི་སེམས་ཁམས་ལྗིད་ཏིག་གེ་བ་ཞིག་གིས་སྙིང་ག་ཡོངས་སུ་ནོན་ཏེ་དར་ཅིག་ལ་བསམ་གཞིག་གི་ཀློང་དུ་བྱིང་སོང་།

  དེ་ཡང་ལོ་བཅུ་དགུའི་ཡར་སྔོན་ཏེ་སྤྱི་ལོ2001ལོའི་སྟོན་གཞུག་བོན་བརྒྱ་དགོན་པའི་མཁན་ཟུར་བསྟན་པའི་ཉི་མ་མཆོག་ནས་རྩོམ་པ་པོ་ཁྲི་བློ་གྲོས་ལགས་ཀྱི་རྩོམ་མང་པོ་ཞིག་ཁྱེར་ཡོང་སྟེ་ང་ལ་དག་སྒྲིག་དང་གླེང་གཞི་འབྲི་བའི་ཁུར་གཏད། ངས་བརྗེད་དུ་མེད་པ་ནི་ཁོང་ཉིད་བློ་གཤོག་ཡངས་ཤིང་རྩོམ་སྣ་མང་པོར་འཇུག་པ་ཡངས་པའི་གྲྭ་བཙུན་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། ཁོང་ཡང་སྟག་ལོ་བ་སྟེ་ངེད་གཉིས་ན་ཟླ་ཡིན་པ་དེ་རེད། སྐབས་དེར་ངེད་གཉིས་ཀའི་སུ་ལ་མཚོན་ནའང་ལོ་ཉི་ཤུའི་ནང་ན་ཡོད་ཅིང་རྩོམ་ཡིག་མང་དུ་འབྲི་སྒང་ཡིན་པས། ངས་དུས་དེབ་སོགས་ལས་ཁོང་གི་རྩོམ་ཡིག་མང་དུ་བཀླགས་མྱོང་བར་མ་ཟད། ཁོང་ལ་ལན་གཅིག་ཐུག་ན་སྙམ་པའི་བློ་ཡང་འཁོར་མྱོང་། ཡིན་ཡང་སྐབས་དེར་ཁོང་ཉིད་ལོ་གསུམ་སྒྲུབ་གྲྭར་ཞུགས་ཏེ་སྐུ་མཚམས་སུ་བཞུགས་པ་དང་། ང་ཡང་ཟི་ལིང་ལ་སློབ་གཉེར་དུ་ཕྱིན་ཡོད་པས་ཁོང་ལ་འཕྲད་སྐལ་མ་བྱུང་། གཞུག་ནས་ཁོང་གི་བརྩམས་ཆོས་ཚང་མ་ངའི་ལག་ཏུ་འབྱོར་དུས་ནི་ཁོང་གི་སྐུ་ཚེ་མ་ཟིན་པའི་རྗེས་ཀྱི་རྗེས་ཤིག་རེད། དུས་དེར་རྩོམ་ཡིག་ཀློག་བཞིན་ང་ཁོང་གི་རྣམ་དཔྱོད་དང་སྨྱུག་རྩལ་ལ་ཧ་ལས་ཤིང་རྗེས་སུ་ཡི་རངས། དེ་བཞིན་དུ་ཁོང་ཉིད་འདས་པར་ཕངས་སེམས་རྟས་མི་ཟིན་པ་ཞིག་བྱུང་། ངོ་མ་གྲྭ་བཙུན་རེ་བ་ཅན་ཞིག་དེ་ལྟར་མི་ཡུལ་དང་བྲལ་བར་གདུང་སེམས་ཀྱི་མེ་རི་དྲག་ཏུ་མཆེད་བཞིན་ཚེ་སྲོག་གི་ལྷག་མ་ཞེས་པའི་གླེང་གཞི་དེ་བྲིས།

  དེ་ནས་ལོ་བཞི་འགོར་བའི2005ལོའི་ལོ་མཇུག་ཏུ་སླར་ཡང་ངའི་ལག་ཏུ་རྩོམ་དེབ་ཀྱི་མ་ཕྱི་ཞིག་འབྱོར། དེ་ནི་གྲྭ་བཙུན་རྩོམ་པ་པོ་ཁྲི་སེར་འཇམ་དཔལ་ལགས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ལས་ལྷུག་རྩོམ་དེབ་དེ་རེད། ང་ལ་མཚོན་ན་ཁོང་ཡང་སྔ་མ་ནང་བཞིན་རྩོམ་ངོ་མ་གཏོགས་མྱི་ངོ་མི་ཤེས་པའི་རིགས་དེ་ཡིན་ཁར། དེབ་དེ་ཡང་རྩོམ་པ་པོ་སྐུ་འདས་རྗེས་གྲོགས་ནང་མ་དག་གིས་མ་སྐུལ་དང་བླངས་སྒོས་ཁོང་གི་བརྩམས་ཆོས་ཕྱོགས་བསྒྲིགས་བྱས་པ་ཞིག་རེད། སྐབས་དེར་ངས་མི་རིགས་ཀྱི་འདུ་ཤེས་ཞེས་པའི་སྔོན་འགྲོ་ཞིག་བྲིས་ཤིང་། དེ་རུ་འདི་ལྟར་སྨྲས་ཡོད་དེ། ཁྲི་སེར་འཇམ་དཔལ་ལགས་ནི་བོན་སྒོར་ཞུགས་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ནའང་། ཁོ་རང་གྲུབ་མཐའི་ཆགས་སྡང་གིས་མི་རིགས་གཏིང་ནས་བརྗེད་པའི་ཆེན་པོ་དག་དང་མི་འདྲ་བར་ཕྱོགས་ཞེན་གྱི་ར་བ་ལས་ཡོངས་སུ་བརྒལ་ཏེ་ལས་ཅི་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་དམིགས་ཤིང་། ཚིག་གི་ལོ་མ་ལས་དོན་གྱི་འབྲས་བུར་འབད་དེ་རྩོམ་རིག་གསར་རྩོམ་གྱིས་ཕ་ཡུལ་གྱི་ན་གཞོན་རྣམས་ལ་མིག་དཔེ་བཟང་པོ་སྟོན་པ་དང་། རྨོངས་སེལ་འཛིན་གྲྭ་སྒྲུབ་པ། མ་དངུལ་སྒེར་འདོན་གྱིས་ཚགས་པར་དཔར་སྐྲུན་བྱེད་པ་སོགས་རང་གི་སྐད་དང་ཡི་གེ་ལ་ཕན་པའི་ལས་དོན་མང་དུ་བསྒྲུབས་པ་ནི་ཧ་ཅང་བློར་འབབ་པ་ཞིག་རེད། ངོ་མ་བཤད་ན་ཁོ་རང་ལོ་ན་ཆུང་ཡང་ཆོས་ལུགས་གྲུབ་མཐའ་ཐམས་ཅད་མཐུན་སྒྲིལ་མཉམ་གནས་བྱེད་དགོས་པའི་གསང་གནད་རྟོགས་ཡོད་ཅིང་། མི་རིགས་ལ་ཆག་འཇིག་བྱུང་ན་གྲུབ་མཐའ་རྣམས་ངང་གིས་རྟེན་ས་གནས་ཡུལ་མེད་པར་འགྱུར་བའི་ཉེན་ཁ་ཡང་མཁྱེན་ཡོད་པར་མ་ཟད། མི་རིགས་ཤིག་རྨོངས་གཉིད་ལས་སད་དགོས་ན་རིག་གནས་ལ་བརྟེན་དགོས་ཤིང་། རིག་གནས་དེ་ཡང་ཡི་གེས་འཛིན་ཞིང་ཡི་གེ་ཁོ་ནས་སྤེལ་དགོས་ངེས་སུ་མཐོང་ཡོད་པ་རེད། འདི་ནི་ང་ལ་མཚོན་ན་རྗེས་སུ་ཡི་རང་འབུལ་འདོད་ས་དེ་རེད་ཅེས་པ་དེའོ། །

  དེ་ ནས་ལོ་བཅོ་ལྔ་འགོར་བའི་དེ་རིང་ཡང་སྔར་བཞིན་ངའི་ལག་ཏུ《སྨྱུག་རྩེ་ནས་མཆེད་པའི་མེ་སྟག》འབྱོར། འདི་ཡང་རྩོམ་པ་པོ་ཁོང་ཚེ་ལས་འདས་ནས་ལོ་གཅིག་གི་རྗེས་རེད། མི་འདྲ་ས་ཞིག་ཡོད་པ་ནི་ད་ཐེངས་ཀྱི་རྩོམ་པ་པོ་ནི་མི་སྐྱ་ཡིན་པ་གང་ཞིག་རྩོམ་གྱི་བརྗོད་བྱ་མང་ཆེ་བ་ཡང་ཕོ་ལོ་ཉི་ཤུའི་སྣང་བ་ཐགས་སུ་བཏགས་པའི་བརྩེ་དུང་གི་འཇའ་རིས་རྣམ་པར་བཀྲ་བ་དེ་རེད། རྩོམ་གྱི་གྲངས་འབོར་སྔ་མ་ལས་མང་ཞིང་དེབ་ཀྱི་རྔམས་ཀ་སྔོན་མ་ལས་མཐུག་ལ་རྩོམ་སྣ་ཡང་སྔ་མ་དག་ལས་གྲ་རྒྱས་པོ་ཡོད་པ་དེ་རེད། ཡིན་ཡང་དེ་ནི་ཁོང་ཅག་གི་རྣམ་དཔྱོད་ཀྱི་རྩལ་ལ་དྲག་ཞན་ཤོར་སོང་བས་མིན་པར་དུས་ཚོད་དང་འཚོ་བའི་ཟུར་ངོས་མི་འདྲ་བ་ལས་བྱུང་བའི་རྒྱུ་འབྲས་ཀྱི་སྣང་ཚུལ་ཞིག་ཕྱིར་མངོན་པ་འདྲ།

  ཀྱེ་ཀློག་མཁན་ཨང་། རྣམ་པ་ཐ་དད་ཀྱང་ངོ་བོ་ཤིན་ཏུ་མཚུངས་པའི་སྣང་ཚུལ་ཞིག་གིས། ང་ཚོ་ཡང་ཡང་ལྷན་དུ་སྦྲེལ་བ་འདི་ལ་ཅི་ཞིག་ཟེར་འོས་སམ། ལས་དབང་ཟེར་རམ་ཡང་ན་སྟེས་དབང་ཟེར་དགོས། དོན་ངོ་མ་ང་ཚོའི་བར་ན་འབྲེལ་བ་ཅི་ཞིག་ཡོད་དམ། ཁོང་རྣམ་པའི་བརྩམས་ཆོས་རེ་རེ་ཞིབ་མོར་བཀླགས་ཡོང་དུས། ང་ལ་ཁོང་ཚོ་དང་སེམས་ཐག་ཤིན་ཏུ་ཉེ་ཞིང་རྣམ་ཤེས་ཀྱི་གཏིང་རིམ་ཞིག་ན་ཕན་ཚུན་ངོ་འཕྲོད་ཀྱིན་པ་ལྟ་བུའི་སྣང་བ་འབྱུང་ལ། ཁོ་ཚོ་རེ་རེ་མི་ཡུལ་དང་གཏན་དུ་གྱེས་ཟིན་པ་དྲན་དུས་སླར་ཡང་ཕངས་འགྱོད་ཀྱི་སྨུག་པ་སྟུག་པོ་ཞིག་གིས་ངའི་སྙིང་ག་ཡོངས་སུ་མནན་འགྲོ། ཡོད་དུས་ཞལ་ངོ་ཙམ་ཡང་མཇལ་མ་མྱོང་བར་མེད་དུས་ཤིག་ལ་སྔོན་འགྲོའམ་འགོ་བརྗོད་དམ་གླེང་གཞི་ཟེར་བ་ལྟ་བུའི་ཚིག་ཚོགས་ཀྱི་གསེབ་ནས་སྐེ་བསྲིངས་ཏེ། སེམས་གཏམ་ཞིག་མི་བཤད་རང་བཤད་ཆགས་པ་འདི་ནི་ལས་གང་ཞིག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནམ།

  གང་ལྟར། གོང་དུ་སོང་ཟིན་པ་ནང་བཞིན། དེབ་འདིའི་བྱེད་པོ་མཆོག་གི་རྣམ་དཔྱོད་ཀྱི་རོལ་བ་ཡི་གེའི་གདངས་སུ་འཕོས་པའི་རྟོགས་བརྗོད་གསེར་གྱི་གླིང་བུ་དེས་ཡིད་གཏིང་ནས་བཀུག་ཅིང་། ཡོངས་འཛིན་ཚང་གི་ཚངས་པའི་དབྱངས་སྙན་དང་ཡང་མཐུན་ལ་མཐུན་ལ་བྱེད་པའི་འགྱུར་ཁུགས་དེས་ང་ལ་སྙན་ངག་གི་སྐོམ་པ་དྲག་ཏུ་བསླངས་མྱོང་བ་ལྟར། དེབ་འདིའི་མ་ཕྱི་ལག་ཏུ་སོན་མ་ཐག་ཀྱང་གང་མྱུར་དུ་ཀློག་རྒྱུའི་བྲེལ་བ་ཞིག་ངའི་དྲན་པའི་གཞུང་ལ་རླུང་འཚུབ་བཞིན་ལྡང་ཡོང་། དེ་བས་ངས་རྩོམ་ཡིག་རེ་རེ་བཞིན་ཞིབ་ཏུ་བཀླགས། བསྟུད་མར་བཀླགས། སླར་ཡང་ཕྱི་ཕྱིར་བཀླགས། ཐོག་མར་རྟོགས་བརྗོད་ཀྱི་ཚད་ཤིང་ཁྱེར་ནས་བཀླགས་དུས། བརྩེ་དུང་གི་འཇའ་རིས་འོད་ལམ་མེ་བ་དེས་ངའི་མིག་གི་རྒྱལ་མོ་དམ་ལ་བཏགས། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ལ་ངའི་མཐོང་སྣེ་དེ་སྣང་བའི་མཁའ་རུ་ཤོར། དྲན་པའི་སྨུག་པར་འདྲེས། མཐའ་མར་དངན་པ་རིང་བོ་ཞིག་གི་ཁུད་ལ་ལྗིད་ཀྱིས་ལྷུང་སོང་།

  སེམས་པ་ལྷོད་ལ་བབས་དུས་འདི་ལ་འཁོར་བའི་རང་མཚང་ཟེར་དགོས་པ་འདྲ། འདི་ལ་འདུ་འབྲལ་གྱི་ཆོས་ཉིད་ཟེར་དགོས་པ་འདྲ། འདི་ལ་བརྩེ་དུང་གི་ཐོབ་ཤོར་རམ། ཡང་ན་སྣང་བ་ཐགས་སུ་བཏགས་པའི་འཇའ་རིས་ཤིག་ལྷང་ངེར་མངོན་ནས་ལམ་མེར་ཡལ་སོང་བའི་བསྡུས་གཟུགས་སུ་བརྗོད་འོས་ཀྱང་སྲིད། ཡིན་ཡང་ངས་འདི་ཉིད་མི་སྒེར་བ་ཞིག་གི་ཕམ་ཉེས་སུ་གཏན་ནས་མཐོང་མི་འདོད། དོན་རང་ངོས་ནས་བལྟས་ན། འདི་ཉིད་ཕམ་ཁ་མིན་པ་གང་ཞིག་ཉེས་པ་ཞིག་ཏུའང་མི་འདོད་དེ། དོན་ལ་ང་ཚོ་སུ་ཡང་འདོད་པ་དང་ཞེན་པ་དང་ཆགས་པ་དང་སྡང་བ་དང་འཆི་བའི་སྡེར་འོག་ཏུ་མ་ཤོར་བ་གང་ཡང་མེད་པས། མཐར་གཏུགས་ན་འཁོར་བའི་འོབས་ན་ཀུན་ལས་རྣམ་པར་རྒྱལ་ཡོད་པ་སུ་ཡང་མེད་པ་འདྲ། ཡོད་ན་ནི་ཚང་མ་འདི་ལྟར་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་བྲན་དང་སྡུག་བསྔལ་རྣམ་པ་བརྒྱད་པོའི་ཁོལ་དུ་འགྱུར་དགོས་དོན་ཡང་ག་ལ་ཡོད་ཨང་།


གསུམ།

སྐྱོ་གར་གྱིས་བསྐྱེད་པའི་ཕངས་སེམས་དང་དེའི་འགྲེལ་བཤད་ལྷག་མ།

  ཡིན་ནའང་མགོ་ནག་མི་ཞིག་གི་སེམས་པ་སྙི་མོས་ཁོང་གི་མི་ཚེ་ལ་ག་ལེར་བསྙབས་ན། ང་ཚོའི་ལག་ཏུ་སྐུད་སྣེ་གཉིས་ཤིག་ཆུད་འོང་སྟེ། གཅིག་ནི་ཚེ་སྲོག་གི་ཐག་སྣེ་ལྷོད་པོ་དེ་དང་། ཅིག་ཤོས་ནི་བརྩེ་དུང་གི་སྐུད་སྣེ་འཇམ་པོ་དེའོ། །

  དེ་ན་ང་ཚོས་ཐོག་མར་ཚེ་སྲོག་གི་ཐག་སྣེ་དེ་ནས་ཡར་ཅུང་ཟད་འདེད་པར་བྱ་སྟེ། མ་བཅོས་མ་ལྷད་པའི་གོམ་པས་མདུན་དུ་དེད་ན། ང་ཚོ་ཁོང་གི་བྱིས་པའི་དུས་སྐབས་དང་། གྲྭ་བའི་དུས་སྐབས། ཁྱིམ་པའི་དུས་སྐབས་ཟེར་བའི་མདུད་པ་མི་འདྲ་བ་གསུམ་ལ་འཕྲད་ཅིང་། བྱིས་པའི་དུས་སྐབས་ནི་ཀུན་དང་འདྲ་བར་ཕ་མའི་བྱམས་བརྩེའི་ཐུ་འོག་ནས་ནར་སོན་པའི་རིམ་པ་སྟེ། བཞིན་གྱི་འོ་སྤྲི་མ་དག་པའི་གཅེས་གཡེར་གྱི་རབ་ཁ་ནས་རྡོག་སྣེ་མདུན་དུ་བསྲིངས་པའི་འཁྱར་འཁྱོར་གྱི་དགའ་བའི་ལ་མོར་འགོས། ཤོད་ཀྱི་རེའུ་རྫིའི་འདུར་རྒྱུག་ནས་ཀ་ཁ་དབྱངས་སུ་གྱེར་བའི་སློབ་ཆུང་གི་སྒོ་ཐེམ་རྡོག་པས་མནན། སྐབས་རེར་སྐྱིད་ལ་ལན་རེར་སྡུག་པའི་སློབ་གྲྭའི་ར་བ་བརྩོན་པས་བརྒལ་བ་སོགས་ནི་ང་ཚོ་དང་གཅིག་ཏུ་མཐུན་ཡང་། མི་འདྲ་ས་གཅིག་རང་ཡོད་པ་ནི། ནར་མ་སོན་གོང་ལ། བློ་ཕ་ལ་མི་འདྲི་བའི་དུས་སུ་མ་སླེབས་གོང་ལ། ཁོ་རང་འབྲིང་རྒྱུགས་ཟེར་བའི་གཡུལ་སའི་འདབས་རོལ་ནས་ཁ་ལོ་ཆེན་པོ་ཞིག་བསྐྱོགས་ཏེ་ཚམ་ཚོམ་གང་ཡང་མེད་པར་ལི་ཁྲིའི་རྒྱ་མཚོ་རུ་མཆོངས་སོང་། དུས་དེ་ནས་བཟུང་ཁོ་རང་གཞན་དང་མི་འདྲ་བར་གྱུར། ངུར་སྨྲིག་གི་ལྷན་པ་ལག་མཐིལ་ཙམ་ལའང་སངས་རྒྱས་དངོས་ཀྱི་རྩིས་འདང་འཇོག་པའི་རྒན་རྒོན་ཚོའི་ཕྱག་འཚལ་ཡུལ་དུ་གྱུར། རིམ་པར་དགོན་པའི་འདོན་དབྱངས་རྟ་ནས་འབུད་རྡུང་དཀྲོལ་གསུམ། ཆོ་ག་ཕྱག་ལེན་ནས་ཐོས་བསམ་འཆད་རྩོད་ཀྱི་ལམ་ཁ་རིམ་པར་བརྒྱུད། མི་ལོ་བཅུ་ནི་ཟླ་བ་བཅུ་དང་འདྲ་བར་བརྩོན་པ་ཡུགས་གཅིག་གིས་བརྒལ། རྩོམ་པའི་སྙུག་ཁ་ཡང་ཚོར་བའི་རླུང་ལ་བསྐྱོན་ཏེ་སྙན་ཚིག་རླབས་ཀྱི་གཟེགས་མ་སིལ་སིལ་དུ་ཐོར་བར་བྱས། འདི་ནི་ཁོང་གི་རིག་པའི་ཀློང་རྡོལ་གྱིན་པའི་གྲྭ་བའི་ལོ་ཟླ་རེད། རང་བཞིན་ཡིན་ལ་རང་བཞིན་མ་ཡིན་པའི་མང་ཐོས་དོན་གཉེར་གྱི་ལོ་ཟླ་སྙིང་ཉེ་བ་དེ་རེད།

  ཡིན་ཡང་ལས་ཀྱི་རླུང་བུ་ལྡིང་ཕྱོགས་གཅིག་གིས་ཁོ་རང་སླར་ཡང་ཚམ་ཚོམ་མེད་པར་སློབ་གྲྭའི་ཚལ་ལ་མཆོངས་སོང་། དེ་ལ་མི་ཀུན་གྱིས་གྲྭ་ལོག་དང་དགེ་བོ། ཡང་ན་མར་ལོག་ཀྱང་ཟེར། མིང་འདི་དག་མི་ཚོགས་ཀྱི་ངག་ནས་ཐོན་དུས་དེ་ཙམ་སྙན་པོ་ཞིག་མིན་ཁར། དེའི་ནང་ལ་ཁྱད་གསོད་ཀྱི་གདངས་རྙིང་ཞིག་ཀྱང་འདྲེས་ནས་ཡོད། ངོ་མ་བཤད་ན་གྲྭ་བ་བཅའ་རྒྱུ་ཞིག་ཡོད་ན་ལོག་རྒྱུ་ཞིག་ཀྱང་ཡོད་ཆོག་པ་འདྲ་སྟེ། ཡར་ལང་རྒྱུ་ཞིག་ཡོད་ན་ཕྱིར་ལོག་རྒྱུ་ཞིག་ཀྱང་ཡོད་ངེས་པ་བཞིན་ནོ། །ཡིན་ཡང་མང་ཚོགས་ཀྱིས་དེ་ལྟར་མི་འདོད། ཁོ་ཚོས་སུ་ཞིག་གིས་ངུར་སྨྲིག་གི་ལྭ་བ་གྱོན་ཙམ་ནས་ཕྱག་འཚལ་འཇོག་པ་བཞིན་དུ་སུ་ཞིག་གིས་གྲྭ་ལྭ་ཕུད་མ་ཐག་ཏུ་དེ་ལ་བློ་ལོག་ཅིང་དམན་པར་བལྟ་བ་ཡིན། ཡིན་ཡང་ཁོ་ཚོ་གནས་ལ་སོང་ནས་མི་ལོ་ཉི་ཤུའི་རྗེས་ལ་གཉེན་ཐོར་བརྒྱབ་སྟེ་མ་ཁྲིད་བུ་ཁྲིད་ཀྱིས་མིག་མཆི་མ་ཉིལ་ལེར་ཁྱིམ་དུ་ལོག་ནའང་སུས་ཀྱང་གཉེན་ལོག་མི་ཟེར་ལ། ཁོ་ཚོ་མི་ལོ་བཅུ་གཉིས་ལ་སློབ་གྲྭར་སོང་ཡང་ཡིག་རྒྱུགས་མ་འཕྲོད་པར་ཞལ་ངོ་འདོམ་གང་ཤོར་ནས་ཕྱིར་ཕ་ཡུལ་ལ་ལོག་ཀྱང་སློབ་ལོག་མི་ཟེར། དེ་བཞིན་དུ་སྔགས་པ་ཡིན་ངེས་ཀྱིས་མི་ལོ་མང་པོར་བཞག་པའི་རལ་བ་འདོམ་གང་བོ་དུམ་བུར་གཏུབ་ཀྱང་སྔགས་ལོག་མི་ཟེར་ལ། རྒྱལ་ཁབ་ཀྱི་བྱ་བ་མི་ཚེ་གང་བོར་ལས་ཏེ་མཐའ་མར་ཉེས་བསགས་ཀྱིས་གོ་ཁར་ལྷུང་ཡང་ལས་ལོག་མི་ཟེར་བ་ཡིན། དེ་བས་གྲྭ་བ་དགོན་པ་ནས་ཕྱིར་སྐྱ་སར་ལོག་པ་ལ་དེ་ཙམ་དམན་པར་ལྟ་བ་འདི་དོན་ལ་རྒྱུ་འབྲས་ཤིག་ཡེ་ནས་མ་རེད། ངོ་མ་བཤད་ན་མི་སུ་ལའང་ལས་རིགས་གང་ཞིག་གདམ་པའི་དབང་ཆ་ཡོད་པ་བཞིན་མི་སུ་ལའང་ལས་རིགས་དེ་མཚམས་འཇོག་པའི་དབང་ཆ་ཡང་ཡོད་པ་རེད། ཡང་ན་མི་ཞིག་གིས་ལམ་ཁ་གང་ཞིག་བདམས་ཟིན་པ་དེ་ཁོ་རང་མི་སྒེར་གྱི་གདམ་གསེས་ཤིག་ཡིན་པ་ཙམ་ལས་དེས་ལམ་ཁ་དེ་མཐའ་འཁྱོལ་མི་འཁྱོལ་མཚོན་མི་ཐུབ། འཚོ་བའི་ཁྲོད་ན་ལས་མགོ་བརྩམས་ཀྱང་མཐའ་མ་འཁྱོལ་བ་ནི་ལོ་གཅིག་ལ་རང་གཅིག་པུའི་སྟེང་ནའང་གང་མང་མང་ཡིན། རང་གིས་རང་གི་ལས་མཐའ་མ་འཁྱོངས་པ་རྒྱུན་ལྡན་དུ་བརྩིས་ནས་གྲྭ་བས་བསླབ་པ་མཐར་མ་ཕྱིན་པ་ཐན་དུ་ལྟ་དོན་ཡང་ཅི་ཡོད། དེའི་ཕྱིར་ང་ཚོས་གྲྭ་བ་བཅའ་མི་བཅའ་མི་ཁོ་རང་གིས་ལྟ་རྒྱུ་ཞིག་དང་། ལས་མཐའ་འཁྱོལ་མི་འཁྱོལ་དེ་སོ་སོའི་ནུས་པ་དང་ཆོད་སེམས་ལ་གཟས་པའི་དྲི་བ་ཞིག་ལགས་ན། སེར་སྐྱ་སུ་ཡིན་ཡང་མི་སྒེར་གྱི་གདམ་གསེས་ལ་བརྩི་འཇོག་བྱེད་ཤེས་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། རྒྱུ་མཚན་ནི་གནའ་དེང་གང་དུའང་ང་ཚོའི་སྤྱི་ཚོགས་ཁྲོད་ན་སྡོམ་པ་མེད་བཞིན་དུ་གྲྭ་ལྭ་གོན་པའི་ཕུང་གསུམ་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད་ལ། དེ་ཡང་དོན་ལ་ཁོ་ཚོས་ནང་མི་དང་རུ་སྡེ། ཆོས་གྲོགས། ཡོན་བདག དད་འབངས་སོགས་ཀྱི་མི་ཁ་དང་མཐོང་ཆུང་མྱོང་མ་འདོད་པས་བསམ་བཞིན་ཚུལ་འཆོས་ཀྱི་གདོང་འབག་དེའི་འོག་ཏུ་སྐུང་གིན་ཡོད་ཚོད་རེད།

  དོན་ངོ་མ་བཤད་ན་དགོན་པ་ནི་བོད་ཀྱི་སློབ་གྲྭ་ཡིན་ལ་དེའི་སློབ་གསོ་འཐུས་ཚང་མྱངས་ཏེ་སློབ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་རྣམས་ནི་ལྟ་ཅི། དེ་ལས་བྱུང་བའི་གྲྭ་ལོག་དག་ཀྱང་དོན་ལ་སྤྱི་ཚོགས་གསར་རྙིང་གི་དབྱེ་བ་མེད་པར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་གདུང་འདེགས་ཀ་བར་གྱུར་དང་འགྱུར་བཞིན་པའི་དཔེ་མཚོན་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཧ་ཅང་མང་སྟེ། ཉེ་དུས་གཅིག་པུའི་དབང་དུ་བཏང་ནའང་གངས་ཅན་འགྲོ་བའི་མགོན་པོ་པཎ་ཆེན་སྣང་བ་མཐའ་ཡས་དང་། ཡང་དར་རིག་པའི་རྒྱལ་མཚན་ངྷཱི་ཚ་གསུང་རབ་རྒྱ་མཚོ། ལྔ་རིག་སྨྲ་བའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས། བྱུང་དང་འབྱུང་བ་མངོན་གཟིགས་ཉན་ཤུལ་མཁྱེན་རབ་འོད་གསལ། ཞང་བོད་རིག་པའི་ནོར་བུ་མཁར་རྨེའུ་བསམ་གཏན་རྒྱལ་མཚན། གཞུང་བརྒྱ་སྨྲ་བའི་སློབ་དཔོན་དོར་ཞི་གདོང་དྲུག་སྙེམས་བློ། ཞིབ་འཇུག་ཚངས་པའི་ཐིག་རིས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། གསོ་བྱ་ནད་ཀྱི་གཉེན་པོ་འཚོ་བྱེད་འཇིགས་མེད་ཕུན་ཚོགས། ངག་རིག་ཟླ་བའི་སྣང་བ་སྐུ་ཞབས་ཧོར་གཙང་འཇིགས་མེད་ལ་སོགས་པ་མང་པོ་ཞིག་གིས་ཆོས་དང་ཆབ་སྲིད། ཞིབ་འཇུག སློབ་གསོ། ཁེ་ལས་སོགས་ཀྱི་སྡེ་ཆེན་པོ་དག་ན་རང་ནུས་རྩལ་དུ་སྤྲུགས་ཏེ་མི་རིགས་དང་ས་གནས་ལ་ནུས་པ་བཏོན་དང་འདོན་བཞིན་པ་ནི་མིག་མཐོང་ལག་ཟིན་རེད། ཐ་ན་དེ་མ་ཡིན་པའི་མཚན་དང་སྙན་གྲགས། ལས་དང་གྲུབ་འབྲས་དམིགས་བསལ་གང་ཡང་བགྲང་རྒྱུ་མེད་པའི་གྲྭ་ལོག་ཕལ་བའི་རིགས་དེ་བས་མང་དུ་མཆིས་པ་མ་ཟད། དེ་རྣམས་ལ་མཚོན་ནའང་རང་རེའི་སྲོལ་རྒྱུན་གྱི་དགོན་པའི་སློབ་གསོ་ཚད་ལྡན་དུ་མྱངས་པའི་སྐུ་དྲིན་ལ། ཆེས་སྤྱིར་བཏང་གི་མི་རྣམས་དང་བསྡུར་ན་སྤྱི་ཕན་ཆེ་ཞིང་དགེ་ལ་འདུན་པ། རང་གི་རིག་གནས་དང་སྲོལ་རྒྱུན་ལ་དུངས་ཞེན་ལྡན་པ། ཁྲེལ་དང་ངོ་ཚ་ཤེས་པ། ཀུན་དང་མཐུན་ཞིང་ཡ་རབས་ཀྱི་ལས་ལ་འཇུག་པ་ཤས་ཆེར་སྣང་བས། གནའ་ནས་ད་བར་དགོན་པ་ནས་དགེ་བཤེས་དང་ལོ་ཙཱ་བ་དང་རྟོགས་ལྡན་པ་མང་དུ་ཐོན་པ་དེ་བོད་པའི་དགོན་སྡེའི་སློབ་གསོའི་གྲུབ་འབྲས་ཡིན་པ་གང་ཞིག གྲྭ་ལོག་མང་དུ་བྱུང་སྟེ་བོད་རང་གི་སྤྱི་ཚོགས་ནང་མགོ་ཡི་གེ་འབྲི་ཀློག་ནས་བཟུང་བའི་རིག་གནས་ཆེ་མ་ཆུང་གསུམ་རྒྱུན་འཛིན་དར་སྤེལ་དུ་བཏང་བ་དང་། ཆེས་མ་མཐའ་ཡང་རང་གི་རིག་གནས་དང་སྲོལ་རྒྱུན་ལ་དུངས་ཞེན་བརྩི་མཐོང་ཡོད་པའི་མི་རྒྱུད་ནར་མར་སྤེལ་བ་དེའང་དགོན་སྡེའི་སློབ་གསོའི་ནུས་པ་གལ་ཆེན་ཞིག་ཏུ་མི་བརྩི་རང་བརྩི་ཆགས་འདུག་ལ། དེ་བཞིན་དུ་རྩོམ་པ་པོ་ཁོང་ལ་མཚོན་ནའང་གོང་ཞུས་བཞིན་དང་པོ་དགོན་པ་ནས་སློབ་གཉེར་ཚད་ལྡན་བྱས། བར་དུ་སློབ་གྲྭ་ནས་གསོ་རིག་དང་སྐད་རིགས་སྣ་མང་ལ་བརྩོན་པ་བསྐྱེད། མཐའ་མར་མི་ལོ་དྲུག་ལྷག་ལ་མཚོ་ལྷོ་ཁུལ་ལས་རིག་ལག་རྩལ་སློབ་གྲྭ་དང་ཁྱུང་མོ་དགེ་རྒྱས་སློབ་གླིང་ནས་དགེ་རྒན་བྱས་ཏེ་དཔེ་ཁྲིད་མི་སྐྱོང་གི་མཛད་བཟང་ལྷུར་བླངས། 2015ལོ་ནས་སྡེ་འབངས་མང་མོས་ཀྱི་རེ་སྐུལ་བཞིན་རྐང་རྗེན་སྨན་པའི་ལས་འགན་ཕྲག་ཏུ་བཞེས་ཏེ་མང་ཚོགས་ལ་ནད་བརྟག་སྨན་བཅོས་ཀྱི་བྱ་བ་ལྷག་བསམ་དག་པས་བསྒྲུབས། ལས་ཞོར་དུ་རང་གི་མོས་པ་བཞིན་སྙན་ངག་གསར་རྩོམ་དང་གློག་བརྙན་སྐད་སྒྱུར། རིག་རྩལ་མདོ་འཛིན་སོགས་ལའང་གཅིག་ཏུ་འབུངས་པས། ཁོང་གི་མི་ཚེ་འདི་འདྲའི་ཐུང་ཡང་འཇིག་རྟེན་འཚོ་བཞུགས་ཀྱི་ལོ་ཟླ་རེ་རེ་ནི་རིགས་དང་ཡུལ་ལ་ཞབས་ཞུ་སྒྲུབ་པའི་སྙིང་སྟོབས་དང་གཅིག་ཏུ་བསྡོངས་ཤིང་། དོན་ཇི་མཛད་རྣམ་དཀར་གྱི་ལས་སུ་གཏོགས་པ་འདི་ཁོ་ནས་ཀྱང་དགོན་པ་ནི་དགོན་པ་ཙམ་མིན་ལ་གྲྭ་ལོག་ཀྱང་གྲྭ་ལོག་ཙམ་མིན་པར་བདེན་པའི་དཔང་པོ་གསལ་རྗེན་དུ་བྱེད་ཐུབ་པ་ཡིན།

  ཀྱེ་ཀློག་མཁན། ད་ནི་ང་ཚོས་ཐག་སྣེ་གཞན་ཞིག་སྟེ་རྩོམ་པ་པོ་ཁོང་གི་བརྩེ་བའི་སྐུད་སྣེ་འཇམ་པོ་དེ་ལ་འཇུས་ནས་མུ་མཐུད་དུ་ནོམ་ཉུག་ཐེངས་ཤིག་བྱ་སྟེ། ང་ཚོའི་ཤེས་འདོད་ཀྱི་མཛུབ་མོ་ཀུག་བཞིན་སྲིང་བཞིན་མདུན་དུ་ཉུག་ཚེ། ང་ཚོ་ཁོང་གི་ཐོག་མའི་བརྩེ་བ་རྙེད་པའི་དགའ་བ་ནས། བར་གྱི་མཇལ་འཛོམས་ལ་སྒུག་པའི་བྲེལ་ཤ མཐའ་མའི་འདུ་འབྲལ་གྱི་ངོ་བོར་ཐིམ་པའི་སྐྱོ་གར་བཅས་ལ་འཕྲད་སྲིད་ཅིང་། དེའི་རྗེས་ལ་ཡ་ཆུང་འཁྱག་སིབ་བེར་སེམས་ཁོང་དུ་ཆུད་ཅིང་། ཕངས་སེམས་དང་སེར་སྣ། ཡང་ན་བརྩེ་བ་ལ་བར་དུ་གཅོད་པའི་བདུད་པོ་ཞེ་གནག་ལྟ་བུའི་མི་སེམས་ཀྱི་ཆགས་སྡང་ལ་སྐྱུག་མེར་ཡང་ལྡང་སྲིད། དངོས་གནས་བཤད་ན། མི་ཚེ་ཐུང་ཐུང་ནང་རང་གི་བརྩེ་བ་ལྷད་མེད་ལྷག་མེད་དུ་བསྟན་ཆོག་པའི། སེམས་དང་སྣང་བ་ཁྱད་མེད་དབྱེར་མེད་དུ་འདྲེས་འགྲོ་བའི། རང་དང་ལྷན་དུ་སྡོད་པར་སྐད་ཅིག་རེར་ཡང་བརྩོན་པའི་གྲུ་ལ་འཇུག་པའི་མི་ཞིག་ལ་ཁ་ངོ་འཕྲོད་རྒྱུ་དེ་དལ་འབྱོར་རྙེད་དཀའ་ལས་ཀྱང་ཤིན་ཏུ་རྙེད་དཀའ་བ་འདྲ་སྟེ། དེ་འདྲ་རྙེད་བཞིན་བསམ་ཐོག་ཏུ་མ་བྱུང་བའི་སྡུག་བསྔལ་དང་། བསམ་བཞིན་བསམ་ཐོག་ཏུ་མི་གཏོང་བའི་སྡུག་ལས་བྱས་པའི་ཉེས་པ་ནི་བར་སྣང་སྟོང་བའི་དབྱིངས་ལ་ཤོང་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་སུ་ངེས།

  གང་ལྟར་གྲྭ་བ་ལས་ལོག་རྗེས་ཁོ་རང་གཞི་ནས་དེ་ལྟ་བུའི་བུ་མོ་ཞིག་ལ་འཕྲད་སོང་། བུ་མོ་དེའི་མིང་ལ་ལྷ་སྲས་ཟེར། མོ་རང་སྙན་ངག་ལ་དགའ། པི་ཝང་ལ་དགའ། གསོ་རིག་ལ་དགའ། གཞན་ཕན་ལ་དགའ། དེ་ལྟར་དགའ་བ་ཡོངས་སུ་མཐུན་པའི་ཁོའི་སེམས་པ་སྙི་མོ་དེ། ལྷ་སྲས་ཀྱི་བརྩེ་བའི་མཚོ་མོ་རུ་སྟེང་འོག་མེད་པར་བྱིང་སོང་། སྐབས་དེར་ཁོས་མོ་རང་ཇི་ལྟར་དྲན་པ་དང་། མོས་ཁོ་ལ་ཇི་ལྟར་སྒུག་པ། འདུ་འབྲལ་ཐེངས་རེ་རེ་ལས་མངོན་པའི་སྣང་བ་དང་། སྣང་བ་དེ་དྲན་གདུང་གི་རྒྱུ་སྤུན་དུ་བསྡེབས་པའི་རི་མོ་དག་ཇི་ལྟར་འཇའ་རིས་བཞིན་བཀྲ་ཞིང་ཅིའི་ཕྱིར་ཚེས་རིས་བཞིན་ཀུག་སོང་བ་ནི། ཁྱེད་ཀྱིས་ཁོང་གི་ཚིགས་བཅད་རེ་རེ་ལས་མྱང་བར་བྱ་སྟེ། འཇིག་རྟེན་འདིར་མི་ཞིག་གིས་མི་ཞིག་ལ་རྒྱུས་ལོན་བྱེད་པ་དང་། མི་ཞིག་གིས་མི་ཞིག་གི་བརྩམས་ཆོས་ལ་རོལ་མྱོང་བྱེད་བསམ་ན། ལམ་ཁ་ཆེས་ཡག་ཤོས་ནི་ཁོ་རང་མི་དངོས་ལ་ཐུག་སྟེ་ཁ་བརྡ་བྱེད་པའམ། ཁོ་རང་སྐུ་དངོས་ཀྱི་བརྩམས་ཆོས་རེ་རེ་བཞིན་ཞིབ་ཏུ་ཀློག་པ་དེ་ག་ལགས་སོ། །

  ཡིན་ཡང་ངས་འདི་ནས་ཉུང་བ་བསྡུ་མ་བྱེད་མི་འདོད་པར་ཅིས་ཀྱང་འགྲེལ་བཤད་ཀྱི་ཚིག་ལྷག་མ་ཞིག་བསྐྱོན་བསམ་པ་ནི་ཁོང་གཉིས་ཀྱི་གཉེན་སྒྲིག་རང་དབང་རེད། སྤྱིར་ན་གཉེན་སྒྲིག་རང་དབང་ཞེས་པའི་ཚིག་འདི་ནི་སྔ་མོ་ནས་རྒྱལ་ཁབ་ཀྱི་ཡང་དག་པའི་ཁྲིམས་སུ་བཅོས་ཤིང་ཡུལ་ལུང་དང་ཚོགས་སྡེ་རིས་མེད་དུ་བསྒྲགས་ཟིན་ལ། རང་རེར་མཚོན་ནའང་དུས་རབས་སྔོན་མ་ནས་སེམས་ཅན་གྱིས་ནངས་བལྡད་དགོང་བལྡད་བྱས་མྱོང་བའི་སྐྱི་མོ་དུམ་བུ་ཞིག་རེད། ཡིན་ཡང་ད་ལྟ་ད་རུང་ལྡོད་དགོས་པ་འདི་ལ་ཅི་ཟེར་རམ། ལྷག་པར་དུའང་ཆོས་ལུགས་ཟེར་བ་དང་གྲུབ་མཐའ་ཟེར་བ་ལྟ་བུར་ཁ་གཡར་ཏེ། སེམས་པ་སེམས་སུ་འདྲེས་པའི་གཅེས་ཕྲུག་དག་གི་མི་ཚེའི་འདུན་མ་ལ་བར་དུ་གཅོད་པ་འདི་གྲུབ་མཐའ་གང་ཞིག་གི་དགོངས་པ་ཡིན་ནམ། མི་མི་ལ་དགའ་མི་ཆོག་པ་དང་མི་མི་བཞིན་འཚོ་མི་ཆོག་པར་བསམ་བཞིན་སྡུག་གི་གཡང་དུ་འདེད་པ་འདི་ཆོས་རྩིས་ཡིན་ནམ་རྨོངས་ཞེན་ཡིན། གང་ལྟར་ཀྱང་ངའི་མཐའ་འཁོར་ན་གྲུབ་མཐས་བར་དུ་གཅོད་པའི་བརྩེ་དུང་གི་གཏམ་རྒྱུད་མང་པོ་ཡོད་ལ། འཚེ་བའི་མདུང་མོ་འཛིན་མཁན་ཕལ་ཆེར་ནི་རང་གིས་རང་ཉིད་ཆོས་པའམ་དད་པ་ཅན་དུ་ཁས་ཆེ་བ་དག་རེད། ཁོ་ཚོ་ཕའམ་མའམ་གཉེན་དང་ཉེ་དུའི་ཚུལ་དུ་བྱོན་ཏེ། བུ་དང་བུ་མོ་དང་ཚ་བོ་དང་ཚ་མོ་དག་བསམ་བཞིན་ཆགས་སྡང་གི་གཡང་དུ་འདེད་ཀྱིན་ཡོད།

  ང་ཚོ་སོས་དལ་དུས་མི་རིགས་དང་མི་རིགས་ཀྱི་ལས་དབང་། དེ་བཞིན་མཐུན་སྒྲིལ་དང་མཉམ་འབྲེལ་གྱི་སྟོབས་ཤུགས་གླེང་བར་སྤྲོ་ཡང་། གལ་ལ་བབས་ན་ང་ཚོས་རང་གི་ངོ་ཡང་མཐོང་གི་མེད་པར་སྣང་ལ། རྐང་བ་གང་ལ་སྤོ་དགོས་པ་དང་ལག་པ་སུ་ལ་བསྲིང་དགོས་པའང་ཤེས་གི་མེད་ཚོད་རེད། ཡིན་ཡང་ཀུན་ལ་རྩོལ་མེད་ཤུགས་འབྱུང་དུ་གྲུབ་པ་ནི་མི་ལོ་སྟོང་ལ་བསྙལ་པའི་གྲུབ་མཐའི་ཆགས་སྡང་གི་ནད་རོ་དེ་རེད། དེས་གལ་ལ་ཐུག་ན་རང་གི་བུ་བུ་མོ་ཡིན་ཡང་ཡན་པོར་མི་གཏོང་ན། མི་རིགས་ཟེར་བའི་འཛིན་མེད་རེག་མེད་ཀྱི་དོན་སྤྱི་ཞིག་ལ་ནི་ལྟ་ཅི་ཨང་།

  ང་ཚོས་བཙན་པོ་རྒྱལ་རབས་ཀྱི་མཇུག་ཙམ་ནས་ཆོས་ལུགས་གྲུབ་མཐའ་བརྩད་ནས་ཡོང་བ་རེད། དང་པོ་རྩོད་དུས་གྲུབ་མཐའ་ནི་ཆབ་སྲིད་ཀྱི་དགོས་མཁོ་བཞིན་དུ་བརྩད་པ་རེད། བར་དུ་གྲུབ་མཐའ་རྩོད་དུས་གཙོ་བོ་དགོན་པའི་ལྟོ་རྒྱབ་ཀྱི་ཐོན་ཁུངས་ལ་དམིགས་ནས་བརྩད་པ་རེད། མཐའ་མར་གྲུབ་མཐའ་རྩོད་དུས་ཆོས་ལུགས་སྒེར་གྱི་དབང་སྒྱུར་སྟོབས་ཤུགས་ལ་དམིགས་ནས་བརྩད་པ་རེད། དུས་སྐབས་ཤིན་ཏུ་མང་པོར་ཆོས་ལུགས་གྲུབ་མཐའ་ནི་མི་ཁ་ཅིག་གི་ཁེ་ཕན་དང་མངོན་འདོད་སྒྲུབ་བྱེད་དུ་གྱུར་ཅིང་། དྲིལ་སྒྲོག་གི་ར་བ་ཕྱི་རིམ་ནང་རིམ་མང་པོ་ཞིག་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་སུ་ཆགས་སྡང་གི་འཛིང་རགས་བཀན་མོ་རེ་བསྐྲུན་ཡོད། ཡིན་ཡང་མཐའ་མར་འཛིང་རགས་དེ་ནས་འཆི་དགོས་པ་ནི་མང་ཚོགས་རང་ཉིད་ཡིན་པ་ལས་གཞན་སུ་ཡང་མིན་ཏེ། གྲུབ་མཐའི་འཐེན་ཁྱེར་ཁ་དར་བའི་ལོ་ཟླ་གང་དུའང་ང་ཚོས་གཞན་གྱི་བརྙས་དམོད་དང་དབང་སྒྱུར་དང་དུ་བླངས་པ་ལས་རང་མགོ་ཐོན་པའི་སྐེ་བསྲིངས་མ་མྱོང་། བསྲིངས་མ་ཐུབ། བསྲིངས་མ་ཤེས། ཐ་ན་སྐེ་མདུན་དུ་བསྲིང་བའི་ནུས་པའང་ཡོངས་སུ་ཉམས་པར་གྱུར། འདི་ནི་ལོ་རྒྱུས་དང་དུས་ཚོད་ཀྱིས་ར་སྤྲོད་བྱས་དང་བྱེད་བཞིན་པ་འདི་རེད།

  དེ་བས་དུས་རབས་ཉེར་གཅིག་པའི་དུས་འདི་རུའང་ད་རུང་མི་མང་པོ་ཞིག་གིས་སྒེར་གྱི་ཆགས་སྡང་གྲུབ་མཐའི་ལ་རྒྱ་རུ་འདོད་ཀྱིན་ཡོད། ལ་རྒྱའི་ཆེད་དུ་ཆགས་སྡང་གི་གཡུལ་བཤམས་པ་ནི་མི་ཚེའི་འཕྲིན་ལས་སུ་འདོད་ཀྱིན་ཡོད། ཆགས་སྡང་དེས་ཐ་ན་རང་གི་བུ་བུ་མོ་ཡིན་ཡང་སྡུག་ལ་སྦྱོར་ཞིང་། གཞན་སུ་ཞིག་སྡུག་ལ་སྦྱོར་བ་ནི་དགེ་བ་མིན་པར་ཉེས་པ་ཡིན་པའང་གཏིང་ནས་བརྗེད་ཀྱིན་འདུག ཁོ་ཚོས་སྐབས་རེར་ལུང་བསྟན་གྱི་ཚུལ་དང་ལན་རེར་ཞལ་གདམས་ཀྱི་ཚུལ་གྱིས་ལྷ་སྡེ་ཕན་ཚུན་གཉེན་དུ་བསྡེབས་པའི་བར་བཅད་ནས་མི་རིགས་གཞན་འགྱུར་གྱི་ལམ་ཁ་ཞིག་ལ་མངོན་ལྐོག་གང་རུང་གིས་རྦད་ཀྱིན་ཡོད།

  བདེན་ཏེ། བོད་ཀྱི་ལན་ཆགས་དེས་དེད་པས། ཁྲི་ཀའི་ཡུལ་གྱི་ཁྲི་སྲས་དང་མགོ་ལོག་ཁུལ་གྱི་ལྷ་སྲས་ཟེར་བའི་ན་གཞོན་ཕོ་མོ་འདི་གཉིས་ཀྱི་ཆེས་སྤྱིར་བཏང་གི་བརྩེ་བའི་རོལ་མཚོ་ལ་ཞུགས་ཆོག་པའི་འཚོ་བ་དེའང་། གས་ཆག་ཤོར་བའི་རྨི་ལམ་འབའ་ཞིག་ཏུ་བསྒྱུར་ཅིང་། ལྷ་སྲས་ལྷ་སྲས་དང་ཁྲི་སྲས་ཁྲི་སྲས་སུ་གྱུར་ཏེ། དང་པོ་དགའ་ཞིང་བགད་མྱོང་བའི་འདུ་བྱེད་མཐའ་དག་ཀྱང་སྐྱོ་གར་ཚན་པ་ཞིག་ཏུ་བསྒྱུར་སོང་། ད་ནི་སྐྱོ་གར་དེ་བྱུང་ནས་མི་ལོ་མང་པོ་འཁོར་ཞིང་། ཐ་ན་བརྩེ་བས་ཕྱི་ནང་བརླན་མྱོང་བའི་སེམས་པ་སྙི་མོ་དེ་གཉིས་ཆོས་ཉིད་ཀྱི་དྲག་རླུང་གིས་སྟོང་བའི་དབྱིངས་སུ་བདས་ནས་ཀྱང་ལོ་ཟླ་མང་པོ་ཞིག་ཕྱིན་འདུག ཕར་ནང་གན་ཡིན་ནམ་སྙམ་པའི། གནམ་མཐའ་དེ་ཡིན་ཡང་སྲིད་པའི་འཇིག་རྟེན་ཕ་རོལ་དེ་ནས། ཁོང་གཉིས་དང་མ་ལྟར། ཤ་མཆིན་གྱི་སྟེང་འོག་བརྗེ་བཞིན། སྙིང་ཆུང་ལྟིག་ལྟིག་གིས། མཆུ་སྒྲོས་འདར་འདར་ངང་། མིག་ཟུང་རབ་རིབ་ཀྱི་བར་ནས་ཕན་ཚུན་ཐུག་འཕྲད་བྱུང་ཡོད་སྲིད་དམ།

  ཀྱེ་མ། ཆར་ཞོད་བསྟུད་མར་འབབ་པའི་ནམ་ཟླ་འདི་དང་། དྭངས་གཙང་རྨང་ནས་བརླགས་པའི་དགུ་ཆུ་འདི། ཡང་ན་སྟག་ལུང་གི་མགོ་བོ་བཏུམས་བྱེད་ཀྱི་སྨུག་པ་དག ག་དུས་ཤིག་ལ་མ་བཅོས་གཉུག་མའི་རང་བཞིན་དུ་འཆར་སྲིད་དམ།

  ཡང་ན་ཁྲི་ཀར་འགྲམ་པ་གླན་པའི་རྨ་ཆུ་དང་། རྨ་ཆུའི་མ་ཡུམ་དུ་གྱུར་པའི་མགོ་ལོག མགོ་ལོག་གི་རྨ་ཆེན་གངས་རིའི་དྭངས་གཙང་སྣོག་མཁན་གྱི་ཁྲམ་པ་དེའང་། ཡང་སྙིང་སུ་ཞིག་ཡིན་ནམ།

2020/6/17ཉིན་རོང་བོ་ནས་རྫོགས་པར་བྲིས།


ཁྲི་སྲས་དྲུག་འགྱུར་གྱི་རྩོམ་ཡིག་བདམས་བསྒྲིགས«སྨྱུག་རྩེ་ནས་མཆེད་པའི་མེ་སྟག»ཅེས་པ་ལེགས་འགྲུབ་བྱུང་བའི་མཛད་སྒོའི་ཡུལ་དངོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།