«སྨན་རིའི་མཁན་ཆེན་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར»པར་དུ་བསྐྲུན་པ།

[ཟླ་ཚེས། 2020-06-03 13:13:26][རྩོམ་པ་པོ། དོན་གྲུབ་ལྷ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༧དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་བཞུགས།
གླེང་གཞི།

  གཡུང་དྲུང་བོན་གྱི་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་གར་སྟེགས་སྟེང་ཏུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་ལ་མཛད་པ་བསམ་གྱིས་མི་ཁྱབ་པ་སྐྱོང་མཁན་གྱི་སྐྱེས་བུ་དམ་པ་དུ་མ་ཞིག་བྱོན་པའི་ཁྲོད་ནས་ཉི་མ་བསྟན་འཛིན་ནི་གཙོ་ཆེ་བ་ཞིག་ཡིན། ཁོང་ནི་གཡུང་དྲུང་བོན་གྱི་གདན་ས་ཆེ་གསུམ་གྱི་དང་པོ་གཙང་ཐོབ་རྒྱལ་སྨན་རི་དགོན་གྱི་མཁན་རབས་ཉེར་གསུམ་པ་དེ་ཡིན། ཕྱི་རབས་པས་ཁོང་ལ་མཁན་ཆེན་ཉི་མ་ཞེས་འབོད་སྲོལ་ཆགས་ཡོད། དམ་པ་ཁོང་ནི་མདོ་སྨད་སྡེ་དགེའི་མངའ་ཁོངས་སུ་སྤྱི་ལོ༡༨༡༣ལོར་ཆུ་མོ་བྱ་ཡི་ལ་འོད་གསལ་ལྷ་ལས་ཆད་པའི་སྐམ་རིགས་ཀྱི་གདུང་ལ་སྐུ་འཁྲུངས་གསུངས། དགུང་ལོ་ཆུང་ངུའི་དུས་ནས་སྟོད་དབུས་གཙང་ཡུལ་ལ་ཕེབས་ནས་བོན་གྱི་གྲྭ་ས་ཆེ་ཁག་འགྲིམས་ཏེ་གཙང་མ་གཙུག་ཕུད་ཀྱི་ཁྲིམས་བཞེས་ནས་མཚན་ལ་ཉི་མ་བསྟན་འཛིན་དུ་གསོལ། བོན་གྱི་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ཐོས་བསམ་རྒྱ་ཆེན་མཛད་པ་མ་ཟད་བན་སྡེའི་དགོན་པ་འབྲས་ཡུལ་སྐྱེད་ཚལ་དུ་ལོ་ལྔ་ཙམ་བཞུགས་ནས་མཚན་ཉིད་ལ་སྦྱངས་བརྩོན་མཛད་ནས་མཁས་པའི་ཡང་རྩེར་སོན། མཐར་དགུང་ལོ་ལྔ་བཅུ་ཐམས་པ་ཆུ་ཁྱི་སྤྱི་ལོ་༡༨༦༢ལོར་སྐུ་ཞི་བར་གཤེགས་སོ།།

  དམ་པ་འདི་ཉིད་དགུང་ལོ་ཉེར་གསུམ་ཐོག་གཙང་སྨན་རི་དགོན་དུ་སྨན་རིའི་མཁན་རབས་ཉེར་གསུམ་པའི་མཚན་སྙན་ཐོབ་ནས་མཁས་གྲགས་པ་བོན་གྱི་ས་སྟེང་ཡོངས་སུ་ཁྱབ། མཁན་པོའི་གསེར་ཁྲིར་མཁོད་རྗེས་མཁན་པོའི་འགན་འཁྲི་ལེགས་སྒྲུབ་ཡོང་ཆེད་མ་དངུལ་གྲབས་གསོག་གི་ཆེད་དུ་ངལ་བ་ཚད་མེད་མ་བསྐུལ་དང་བླངས་གྱིས་བྱང་འབྲོག་ཁུལ་དང་མདོ་སྨད་ཡུལ་དུ་གདུལ་བྱ་ལ་ཐེངས་གཉིས་ཙམ་ཕེབས། ལམ་བར་དུ་སྡེ་བ་དང་ཚོ་བ་མང་པོས་རེ་སྐུལ་ལྟར་ཆོ་ག་ཕྱག་ལེན་གྱི་མཛད་པ་མང་པོ་བསྒྲུབས། དེའི་ནང་ནས་ཧོར་ཚོ་སོ་དགུའི་ནང་གསེས་བྱང་འབྲོག་རྫ་དམར་ཚོ་བའི་མངའ་ཁོངས་སུ་ཕེབས་སྐབས་ཚོ་དཔོན་སྦྱིན་པས་རེ་སྐུལ་ལྟར་ཚོ་བ་ཡོངས་ཀྱི་སྤྱི་ཡི་རིམ་འགྲོ་ལྟ་བུ་མཁའ་ཀློང་གསང་མདོས་ཀྱི་ཆོ་ག་རྒྱ་ཆེན་ཞིག་སྤེལ་བ་གནང་། ཁོང་གིས་སྨན་རི་དགོན་དུ་རྟེན་གསུམ་བཞེངས་པ་རྒྱ་ཆེན་མཛད་པ་མ་ཟད་སྨན་རི་དགོན་ལ་གསང་སྔགས་སྒྲུབ་ཆེན་གྱི་སྲོལ་བཙུགས་པ་དང་རུ་ལག་གཡུང་དྲུང་གླིང་དུ་མཚན་ཉིད་བསྡུད་གྲྭའི་སྲོལ་བཙུགས་པ་ནི་མཛད་པའི་ནང་གི་གལ་ཆེ་ཤོས་སུ་མངོན། དམ་པ་ཁོང་ལ་ཐོས་བསམ་རྒྱ་ཆེར་མཛད་པའི་འབྲས་བུ་གཡོར་དུ་ཟ་བ་སྨིན་པའི་རྟགས་སུ་གཡུང་དྲུང་བོན་གྱི་རིག་གཞུང་སྤྱི་དང་སྒོས་སུ་གསང་སྔགས་ཉམས་ལེན་དང་ཆོ་ག་ཕྱག་ལེན་གྱི་སྐོར་གྱི་ལྗགས་རྩོམ་བསམ་གྱིས་མི་ཁྱབ་པ་མཛད་ནས་གཡུང་དྲུང་བོན་གྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བའི་མཛད་རྗེས་བླ་ན་མེད་པར་བསྐྱངས་ཡོད། ཁོང་ནི་གཡུང་དྲུང་བོན་གྱི་བཅའ་འདོན་ཆོ་གའི་སྐོར་ལ་ཡང་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད་པ་སྟེ་བཅའ་འདོན་ཆོ་གའི་ཟིན་རིས་མང་པོ་བརྩམས་གནང་ནས་དུས་ཕྱིས་གྱི་གཡུང་དྲུང་བོན་ཉམས་ལེན་གནང་མཁན་གྱི་སྐྱེ་བོ་ཕལ་ཆེ་བས་མཁན་ཆེན་ཉི་མ་བསྟན་འཛིན་གྱི་བཅའ་འདོན་ཟིན་རིས་ལྟར་ལག་ལེན་བསྟར་གྱིནཡོད། ལྗགས་རྩོམ་གཙོ་བོ་མཚན་ཉིད་ཀྱི་སྐོར་ལ་མཚན་ཉིད་ཚིགས་བཀྲའི་རིམ་པ་རབ་དཀར་པད་མོའི་འཕྲེང་བ་དང་། ཐུན་མོང་བསྡུད་གྲྭའི་རྣམ་བཤད་རྨོངས་པའི་བློ་སྒོ་འབྱེད་པའི་ལྡེ་མིག དེ་བཞིན་ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་གླེགས་བམ་དང་པོ་གཉིས་པ་བཅས་དང་དེ་བཞིན་སྤྱི་སྤུངས་ཞི་ཁྲོའི་ཟིན་རིས་རབ་གསལ་སྒྲོན་མེ། རིག་གནས་ཀྱི་སྐོར་ལ་རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག གསེར་གདུང་བཀྲ་ཤིས་སྒོ་མང་གི་དཀར་ཆག་དང་། སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ། བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད། དེ་བཞིན་ཆོ་ག་ཕྱག་ལེན་གྱི་སྐོར་ལ་མཁའ་ཀློང་གསང་བའི་མདོས་ཆེན་གྱི་བཅའ་ཐབས་གསལ་བྱེད་ཉི་འོད། མཁའ་ཀློང་གསང་བའི་མདོས་ཆེན་གྱི་ཟིན་རིས་ཉུང་འདུས་གསལ་བྱེད་མེ་ལོང་། མཁའ་ཀློང་གསང་བའི་མདོས་ཆེན་གྱི་བཅའ་ཐབས་དགེ་སྤྱོད། ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་བསྲེག་འབུལ་ཐབས། ཚེ་ཆོག་ཕྱག་རྒྱ་ཁ་བསྐོང་དད་པའི་པེ་བེའུ་གཞོན་ནུ། ཚེ་ཆོག་འཆི་མེད་གཏེར་གྱི་བུམ་བཟང་། དེའི་ཉེར་མཁོ་དགེ་སྤྱོད་ཡན་ལག་བརྒྱད་ལྡན། དེ་བཞིན་ཙཀླི་རྒྱབ་ཡིག་དང་བོན་སྐྱོངས་སྤྱི་ཡི་བསང་མཆོད་ཨུད་དཔལ་རྒྱས་པའི་ཕྲེང་བ་དང་སྤྱི་བསང་ཨུད་འབར་རྒྱས་འཕྲེང་གི་ཉེར་མཁོའི་ཆ་ལག་ཟུར་བཀོད་བཅས་སོ།།

  ཁོང་གིས་བརྩམས་གནངས་བའི་ལྗགས་རྩོམ་དེ་དག་གཡུང་དྲུང་བོན་གྱི་བསྟན་པ་འཛིན་མཁན་གྱི་ཕྱི་རབས་པ་རྣམས་ལ་ཕན་ཐོག་ཆེན་པོ་བྱུང་བ་མ་ཟད། བོད་ཀྱི་རིག་གཞུང་སྤྱི་ལ་ཞིབ་འཇུག་གནང་མཁན་གྱི་ཤེས་ལྡན་མི་སྣ་རྣམས་ལ་ཡང་དཔྱད་ཡིག་རིན་ཐང་བྲལ་བ་མཁོ་འདོན་གནངས་ཡོད། ཁོང་གི་སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་པ་གཡུང་དྲུང་བོན་གྱི་བསྟན་རྩིས་རྒྱས་པ་དེ་ནི། བོན་བསྟན་སྤྱི་ཡི་ལོ་རྩིས་ལ་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཡོད་པ་དང་། དེ་བཞིན་བཀའ་དང་བཀའ་བརྟེན་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་པ་དེ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་རྣམས་སྡེ་ཚན་བསྒྲིག་རྒྱུར་གཞི་འཛིན་སའི་དཔྱད་ཡིག་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྗགས་རྩོམ་དེ་གཉིས་ཀ་དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་ནང་དུ་ཡུ་རོབ་བོད་རིག་པའི་མཁས་དབང་ཕེར་ཁེ་ཝེར་ན་ཡིས་དབྱིན་ཡིག་ཏུ་བསྒྱུར་ནས་མཆན་འགྲེལ་ཞིབ་ཕྲ་བཀོད་ནས་ཞིབ་འཇུག་གནངས་ཡོད་པས། ཕྱི་གླིང་ཕྱོགས་ལ་གཡུང་དྲུང་བོན་དང་དེའི་རིག་གནས་ཞིབ་འཇུག་གི་གོམས་སྟབས་གསར་པ་ཞིག་སྤོ་ཐུབ་པར་ཕན་འབྲས་ཆེན་པོ་ཐོན་ཡོད།

  མཁན་ཆེན་༧ཉི་མ་བསྟན་འཛིན་མཆོག་ཕྱི་ནང་རིག་གནས་ཀུན་ལ་མཁས་པའི་རྩེར་སོན་ཞིང་། དེ་ལ་དཔག་པའི་ལྗགས་རྩོམ་མང་པོ་ཕྱི་རབས་པའི་རིག་པའི་གསོས་སུ་བཞག་གནངས་ཡོད། དེས་མ་ཟད་ཁོང་གིས་སྐུ་ཚེའི་མཛད་པ་གང་འདྲ་གནངས་ཡོད་མེད་གསལ་པའི་རྣམ་ཐར་ཞིག་རང་རྣམ་གྱི་ཚུལ་དུ་བཀོད་ཡོད་པས་དེ་བས་རིན་ཐང་ཆེན་པོ་མཐོང་། ཁོང་གི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན་ཞེས་པ་དེ་ཉིན་ཐོའི་ཟིན་རིས་ཀྱི་ཚུལ་དུ་བཀོད་ཡོད་པས་རྣམ་ཐར་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་མང་པོ་མངོན། ལྷག་པར་དུ་རྣམ་ཐར་འདི་ཉིད་ཉིན་ཐོའི་ཟིན་རིས་ཀྱི་ཚུལ་དུ་བཀོད་ཡོད་པས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་ཐག་ཉེ་པོ་ཡོད་པའི་སྣང་ཚུལ་ཡོད་ལ་རང་རྣམ་ཡིན་པའི་ཆ་ནས་འུད་བསྟོད་ཀྱི་སྣང་ཚུལ་ཤིན་ཏུ་དཀོན་པོ་ཡིན་པས་དཔྱད་གཞིའི་རིན་ཐང་གཞན་ལས་ཆེ་བར་མངོན། རྣམ་ཐར་འདིའི་ནང་དུ་དུས་རབས་བཅུ་དགུ་པའི་དུས་དཀྱིལ་གྱི་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་། དམངས་ཁྲོད་རིག་གནས་ཀྱི་སྐོར་ལ་དཔྱད་གཞི་རིན་ཐང་བྲལ་བ་མང་པོ་མཁོ་འདོན་གནངས་འདུག་སྙམ།

  ད་རེས་མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཡབ་ཡུལ་ནས་ཡིན་པའི་དགེ་འདུན་པ་འགའ་ཞིག་གིས་གཞོན་ཁྱུའི་རིག་གནས་མིང་དུ་བྱས་པའི་གནའ་རྩོམ་བསྡུ་སྒྲིག་ཚོགས་ཆུང་ཞིག་གིས་༧མཁན་ཆེན་གྱི་རང་རྣམ་འདི་ཉིད་དཔེ་སྐྲུན་བྱེད་རྩིས་འདུག་པར་ཤིན་ཏུ་ནས་དོན་སྙིང་ཆེ་བའི་བྱ་བ་ཞིག་རེད་འདུག་སྙམ། མ་གཞི་བྱས་ན་རྣམ་ཐར་འདི་དེ་སྔོན་དཔེ་སྐྲུན་ཐེངས་གཉིས་ཙམ་གནང་མྱོང་ཡོད་ཀྱང་དེ་དག་ལ་ཆ་རྒྱུས་ཡོད་མེད་དབང་གིས་ས་མིང་འབྲི་ནོར་ཤོར་བ་དང་ཞུས་དག་ཞིབ་ཕྲ་མ་བྱུང་བའི་རྐྱེན་གྱིས་བརྡ་དག་གི་འགྲོས་དང་མི་འཚམས་པ། དེ་བཞིན་ཤོག་ལྷེབ་གོང་འོག་འཁྲུགས་ནས་དཔེ་དེབ་ལ་དཀར་ཆག་ཁ་གསལ་མེད་པ་དང་། དཔེ་ཀློག་སྟབས་བདེ་མེད་པ་སོགས་ཀྱི་སྐྱོན་ཆ་མི་ཉུང་བ་ལྷག་པས། རིན་ཐང་ཆེ་བའི་རང་རྣམ་འདི་ཉིད་ནོར་བ་དང་འཁྲུལ་བ་མེད་པའི་སྒོ་ནས་བལྟ་ཀློག་སྟབས་བདེ་ཡོང་བའི་ངང་ནས་ཀློག་པ་པོའི་སྤྱན་ལམ་དུ་འདྲེན་ཐུབ་ན་ཕན་པ་མི་དམན་པ་ཡོང་ངེས་རེད་འདུག་སྙམ། དེར་བརྟེན་ད་ཐེངས་གཞོན་ཁྱུའི་རིག་གནས་དཔེ་སྒྲིག་ཚོགས་ཆུང་གིས་ངལ་བ་གྲངས་མེད་ཁྱད་དུ་བསད་དེ་འགྲོ་གྲོན་དང་ངལ་ནུས་ཤུགས་ཆེན་བཏང་ནས་རྣམ་ཐར་འདི་ཉིད་ཡང་བསྐྱར་ཞུས་དག་ལེགས་པར་བཏང་ཞིང་། དཔེ་སྐྲུན་སྤུས་ལེགས་ཤིག་བྱེད་པར་སྤྱིར་ན་བོད་མི་རིགས་ཀྱི་ཤུལ་བཞག་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་མཛད་པ་རླབས་པོ་ཆེ་ཡིན་ལ། ཡང་སྒོས་སུ་གཡུང་དྲུང་བོན་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གྱི་བྱ་བར་ལེགས་སྐྱེས་བླ་མེད་ཕུལ་བ་ཞིག་ཡིན་པ་སྨོས་མེད་རེད། དེ་ཡང་གཙོ་སྒྲིག་ཚོགས་ཆུང་གིས་ངེད་ཀྱིས་དཔེ་སྐྲུན་གླེང་གཞི་ཞིག་འབྲི་རོགས་ཞེས་བསྐུལ་བར་ངོ་ཟློག་མ་ནུས་ནས་ཡིག་ཆུང་འདི་ཉིད་གླེང་གཞིའི་ཚུལ་དུ་ཕུལ་བའོ།།

ཞེས་དོན་གྲུབ་ལྷ་རྒྱལ་གྱིས་སྤྱི་ལོ་༢༠༡༩ལོ་དཔྱིད་དཔལ་བཞད་པའི་དུས་སུ་ལྷ་ལྡན་གཞུང་དུ་སྦྱར་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།