«བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2019-11-06 10:13:43][རྩོམ་པ་པོ། དབལ་གཤོག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
«བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།
ཉེ་ལམ་བོན་གྱི་གྲྭ་བཙུན་རྩོམ་པ་པོ་ཀ་ཤུལ་བསོད་རིན་ལགས་ཀྱིས་བརྩམས་པའི«བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་བྱས་པའི«བོན་དང་ཞང་ཞུང་ཞིབ་འཇུག་དཔེ་ཚོགས»ཞེས་པའི་ནང་བདམས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།
རིག་གཞུང་ཆེད་དེབ་འདི་ནི་རྩོམ་པོ་པོས་མཐོ་རིམ་རམས་འབྱམས་པའི་ཡོན་གནས་དཔྱད་རྩོམ་ཞིག་ཡིན་ལ། ཡིག་གྲངས་ཁྲི་ཉེར་བཞི་ལྷག་གིས་གྲུབ་པའི་བོན་གྱི་ལྷ་རབས་སྐོར་གྱི་དཔྱད་རྩོམ་རྒྱས་པ་ཞིག་ཡིན་པར་མ་ཟད། དེབ་འདིའི་སྔོན་གླེང་སྐབས་སུ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གསུངས་པ་ལྟར་རྩོམ་པ་པོས“དེང་རབས་ཞིབ་འཇུག་གི་ཐབས་ལམ་བེད་སྤྱད་ནས་ཞིབ་འཇུག་བྱས་ཡོད་པས། ཞིབ་འཇུག་གི་སྡོམ་ཚིག་རྣམས་ཀྱང་དོན་གནས་དང་ཁ་ཐག་ཤིན་ཏུ་ཉེ་བའི་དགེ་མཚན་ལྡན”ཞེས་བརྗོད་པར་ལྟར་ཀ་ཤུལ་དགེ་བཤེས་ཀྱིས་ཞིབ་འཇུག་བྱས་པའི་བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་འདི་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་ལ་ལྟ་སའི་སྐར་ཁུང་ཉག་གཅིག་ཡིན། དེ་ཡང་རྩོམ་པ་པོས་བརྗོད་པ་ལྟར་སྟོད་སྲིད་པའི་ལྷ་རབས་ནི་ལྷ་མང་གི་རབས་ཙམ་མ་ཡིན་པར་སྲིད་པའི་ལྷ་མང་ལས་ལྷ་མཐུ་བོ་ཆེ་དག་གི་སྒྲིག་རིམ་ནི་སྲིད་པ་ཆགས་ལུགས་ཀྱི་སྒྲིག་བཀོད་ལྟར་བཀོད་པ་སྟེ། དང་པོ་ཡེ་མེད་སྟོང་བ་ཆེན་པོའི་ཁམས་ཏེ་ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་ནས་རིམ་པར་སྲིད་པ་ཆ་ཚང་ཅན་དུ་འགྱུར་བའི་བར་དུ། སྟོད་སྲིད་པའི་ལྷ་མཐུ་བོ་ཅན་དག་གིས་མཚོན་པར་བྱས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དེ་ལས་གྲོལ་བར་བཤད་ཡོད་པས་ན། ང་ཚོས་བོན་གྱི་ལྷ་རབས་ལ་ཞིབ་འཇུག་བྱེད་པ་ནི་བོན་ལུགས་ཀྱིས་འདོད་པའི་སྲིད་པ་ཆགས་ལུགས་ཀྱི་ལྟ་བ་བྱེ་བྲག་པ་ཞིག་ལ་རྒྱུས་བླངས་པ་ཙམ་དུ་འདོད་མི་རུང་། དེ་ནི་བོད་ཀྱི་ལོ་རྒྱུས་སུ་སྟོད་ལྷ་རབས་ཀྱི་དུས། བར་མངའ་དར་གྱི་དུས། མཐའ་མ་སིལ་ཆད་ཀྱི་དུས་ཞེས་པའི་ནང་གི་སྟོད་ལྷ་རབས་དུས་ཀྱི་སྤྱི་ཚོགས་དང་། ཆོས་ལུགས། དད་མོས། དམངས་སྲོལ། ཆོ་ག རང་བྱུང་ཁམས་ལ་ཇི་ལྟར་ལྟ་བའི་ཤེས་རབ་སོགས་ལ་རྒྱུས་བླངས་པའམ་ཞིབ་འཇུག་བྱས་པ་རུ་འདོད་དགོས།
དེའི་ཕྱིར་སྟོད་ཀྱི་ལྷ་རབས་གླེང་བ་ནི་བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྔོན་གྱི་བོད་ཀྱི་གདོད་མའི་སྤྱི་ཚོགས་དང་། གདོད་མའི་རིག་གནས། གདོད་མའི་ཆོས་ལུགས། གདོད་མའི་དམངས་སྲོལ་རིག་གནས་ཀྱི་ངོ་བོ་སྟེ། མདོར་ན་སྤུ་རྒྱལ་དུས་རབས་དབུ་མ་ཚུགས་གོང་གི་གདོད་མའི་སྤྱི་ཚོགས་ཤིག་གི་གནས་སྟངས་དང་དེའི་འཕེལ་རིམ་སོགས་གླེང་བ་ཡིན་པས། བོན་གྱི་སྟོད་སྲིད་པའི་ལྷ་རབས་གླེང་བ་ནི་ལྷ་ཁོ་ན་ཙམ་ཞིག་གླེང་བ་མ་ཡིན་པར་དེ་ནི་གོང་དུ་བརྗོད་པ་བཞིན་བོན་གྱི་ལྷ་རབས་ལས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་གྲུབ་པའི་གོ་རིམ་ཆ་ཚང་བསྟན་ཡོད་པར་མ་ཟད། ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་ནས་སྤུ་རྒྱལ་དང་པོ་གཉའ་ཁྲི་བཙན་པོའི་བར་གྱི་མི་མཐུ་བོ་ཆེ་མང་པོ་ཞིག་གི་གནས་སྟངས་དང་། འབྱུང་ཁུངས་སོགས་བཤད་ཡོད་པ་ཞིག་ཡིན།
«བོན་གྱི་ལྷ་རབས་སྐོར་གྱི་དཔྱད་བརྗོད་སྲིད་པ་ལྷ་གྱེས་ཅན»འདི་ནི་རབ་བྱེད་ཆེན་པོ་བཞི་ཡི་བདག་ཉིད་དུ་བྱས་ཏེ་བོན་གྱི་ལྷ་རབས་ཀྱི་ལྟ་བ་དང་དེའི་བསམ་བློའི་ཁྱབ་ཁོངས་གཏན་ལ་ཕབ་ཡོད་ལ། དེའི་ནང་དུ་ལྷ་ཇི་ལྟར་གྲུབ་པ་དང་། ལྷ་རྣམས་ཇི་ལྟར་འཕེལ་བ། དོན་ཆེན་ཅིའི་ཕྱིར་འཕེལ་བ། བསམ་བློའི་ཡང་སྙིང་ཅི་ལྟ་བུའི་འོག་ནས་འཕེལ་བ། དེ་ལ་ང་ཚོས་ཇི་ལྟར་བལྟ་དགོས་པ། ང་ཚོས་ཇི་ལྟར་དཔྱད་དགོས་པ། ང་ཚོས་ཇི་ལྟར་འཚོལ་དགོས་པ། ང་ཚོས་བརྗོད་པའི་ལྷ་རྣམས་ཅི་ལྟ་བུ་ཞིག་ཡིན་པ། ང་ཚོས་བཙལ་བའི་ལྷ་ནི་ཡང་སྙིང་ག་འདྲ་ཞིག་ཏུ་རྟོགས་དགོས་པ། དེ་ལ་ཆོས་ལུགས་ཀྱི་རིན་ཐང་དང་། བརྗོད་བྱའི་རིན་ཐང་། དངོས་པོའི་རིན་ཐང་། རྩོམ་རིག་གི་རིན་ཐང་། ཚན་རིག་གི་རིན་ཐང་ག་འདྲ་ཡོད་པ་སོགས་དོན་གནད་དང་ཤིན་ཏུ་ཁ་ཐག་ཉེ་བའི་སྒོ་ནས་ཉམས་ཞིབ་བྱས་པའི་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བའི་བོན་རིག་པའི་དཔྱད་བརྗོད་ཁྱད་པར་བ་ཞིག་ཡིན་ཞེས་བརྗོད་ཆོག
ཀ་ཤུལ་བསོད་རིན། སྤྱི་ལོ༢༠༡༣ལོར་མདོ་སྨད་སྣང་ཞིག་དགོན་དུ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་དམ་བཅའ་བཞག སྤྱི་ལོ༢༠༡༦ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་མཐོ་རིམ་རབ་འབྱམས་པའི་ཡོན་གནས་ལག་འཁྱེར་ཐོབ། སྔ་གཞུག་ཏུ་བོད་ཁུལ་གྱི་དགོན་སྡེ་འགའ་ཤས་སུ་མཚན་ཉིད་དགེ་རྒན་གྱི་ལས་གནས་གཉེར་ཞིང་། ད་ལྟ་བོན་གྱི་ལོ་རྒྱུས་སྨྲ་བའི་སྐྱེས་བུ་ཆེན་པོ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གདན་ས་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་སྔར་བཞིན་གཉེར་དང་གཉེར་མུས་སུ་ཡོད།
ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ་སྙན་ངག་གི་དེབ«སྣང་སེམས་ཀྱི་བདེན་པ»དང«རྣམ་ཤེས་ཀྱི་ལས་རིམ» ད་དུང་པར་དུ་བསྐྲུན་རྒྱུ་ལྷག་པའི«མདོ་འདུས་སྔོན་པོ»སོགས་ཡོད། ལོ་རྒྱུས་ཀྱི་སྐོར་ལ«དམུ་དགེ་བླ་རི་དགོན་གྱི་ལོ་རྒྱུས་དང་འབྲེལ་ཏེ་གནའ་བོའི་ཞང་ཞུང་དང་དེ་ལས་མཆེད་པའི་མི་རབས་ཤིག་གི་བྱུང་བ་བརྗོད་པ»དང་། «ཚ་ལུང་རྣམ་རྒྱལ་བསམ་གཏན་གླིང་གི་གདན་རབས་ལྷ་ཡི་རྔ་ཆེན»སོགས་མདོ་ཁམས་ཀྱི་དགོན་སྡེ་བཅུ་ཕྲག་གཅིག་གི་ལོ་རྒྱུས་བྲིས་ཏེ་དགོན་སྡེ་སོ་སོ་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད། དཔྱད་ལྷུག་སྤེལ་མའི་སྐོར་ལ«ལོ་བརྒྱའི་སྣང་ཞིག1919-2018»ཅེས་པའི་དེབ་དེ་མདོ་སྨད་སྣང་ཞིག་དགོན་གཞུང་ནས་པར་སྐྲུན་བྱས་ཏེ། མདོ་སྨད་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་འཆད་ཉན་གྱི་དབུ་བརྙེས་ནས་ལོ་འཁོར་བརྒྱ་ཕྲག་གཅིག་འཁོར་བའི་མཛད་སྒོའི་ཚོམས་ཆེན་སྟེང་འགྲེམ་སྤེལ་བྱས། ལྷུག་རྩོམ་གྱི་སྐོར་ལ«གཙང་པོའི་ཕར་ཚུར»ཞེས་ལོ་མང་རིང་དུ་ཡུལ་སྐོར་དང་ལྗོངས་རྒྱུར་བསྐྱོད་པའི་རེག་ཟིག་དག་ལྷུག་རྩོམ་གྱི་ལམ་ནས་བྲིས་པའི་བསྡུས་དེབ་ཅིག་ད་ལྟ་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན།
བསླབ་དེབ་ཀྱི་སྐོར་ལ«ཀ་ཁ་ག་ང»ཞེས་པའི་དགོན་སྡེའི་རྨང་གཞིའི་བསླབ་དེབ་སྟེ་དེབ་དྲུག་གི་བདག་ཉིད་ཅན་ཞིག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུགས་བཀོད་འོག་བསྒྲིགས་ཏེ་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།
དཔྱད་རྩོམ་གྱི་སྐོར་ལ«གླང་དར་མ་དང་། ལྷ་ལུང་དཔལ་རྡོར»དང་། « སྲིད་པའི་རབས་བཤད»སོགས་ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་དང་འགྲེམ་སྤེལ་བྱས། ད་དུང་པར་དུ་བསྐྲུན་རྒྱུ་ལྷག་པའི་བོན་རིག་པའི་དཔྱད་བརྗོད་རིགས་མི་འདྲ་བ་དྲུག་ཅུ་ལྷག་དང་། «སྤྲོས་མེད་སྨྲ་བ་དང་དེའི་འཕེལ་འགྱུར»གྱིས་མཚོན་པའི་མཚན་ཉིད་སྐོར་གྱི་དཔྱད་བརྗོད་བཅུ་ཕྲག་ལྷག་པར་སྐྲུན་བྱ་རྒྱུར་ལྷག་ཡོད།
གཞན་གཞུང་དེབ་དང་། སྒེར་དེབ། ལོ་དེབ། འོད་སྡེར་སོགས་ཀྱི་སྔོན་གླེང་དང་ངོ་སྤྲོད་ཀྱི་རིགས་རྣམས་རྩོམ་བསྡུས་བྱས་པའི«ང་ཁྱོད་ཀྱི་ཉེ་ས་རུ་ཡོད»ཅེས་པ་པར་བསྐྲུན་བྱ་རྒྱུ་ལྷག་ཡོད།
ལོ་དེབ་ཀྱི་སྐོར་ལ་ཁོ་བོས་གཙོ་སྒྲུབ་བྱས་པའི«གཉའ་ཁྲི་བཙན་པོ»དང་། གཡུང་དྲུང་བོན་བཤད་སྒྲུབ་གླིང་གི་ལོ་དེབ«ཞང་བོད་རིག་སྒོ»སོགས་ཡོད། དེ་ལས«གཉའ་ཁྲི་བཙན་པོ»ནི་སྤྱིའི་དེབ་གྲངས་༢༡་ལ་ཐོན་ཡོད། སྔ་གཞུག་ཏུ«གངས་རྒྱན་མེ་ཏོག»གཙོ་ཡིན་པའི་གཞུང་སྒེར་མི་འདྲ་བ་ནས་པར་སྐྲུན་བྱས་པའི་དུས་དེབ་སོགས་སུ་རྩོམ་རིག་སྣ་ཚོགས་བརྒྱ་ལྷག་འགོད་མྱོང་ལ། དེ་ལས་རྩོམ་རིག་ཁ་ཤས་ཀྱིས་གྲུབ་འབྲས་ཡང་མི་དམན་པ་བླངས་ཡོད།