མེ་མོ་རི་ཁྲོད་ཡང་དབེན་སྨིན་གྲོལ་གླིང་གི་ལོ་དེབ《 ཞང་བོད་ཤེས་རིག་རདྞའི་བང་མཛོད་》ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2019-09-03 18:50:19][རྩོམ་པ་པོ། ལམ་འགྲོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཧོར་སྦྲ་ཆེན་རྫོང་བོན་ཐ་ཤང་མེ་མོ་རི་ཁྲོད་ཡང་དབེན་སྨིན་གྲོལ་གླིང་གི་དུས་དེབ་ཐོག་མ《 ཞང་བོད་ཤེས་རིག་རདྞའི་བང་མཛོད་》ལེགས་གྲུབ་བྱུང་བ།

  དེ་ཡང་ཞང་ཞུང་སྒོ་པའི་ས་ཆ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི་འདབས་རོལ། ཧོར་ཚོ་པ་སོ་དགུའི་ནང་ཚན། གནས་རྒན་མེ་མོ་ཁྱུང་ཁྲའི་མངའ་ཁོངས། དཔལ་སྦྲ་ཆེན་གསེར་ལུང་ཕྱུག་མོའི་ཁོར་ཡུག་ལ། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁོངས་གཏོགས་རི་སྐྱེས་སྲོག་ཆགས་མང་ཞིང་། རྟ་ནོར་ལུག་ར་བཅས་འགྲོ་བ་མིའི་སྒོ་ཕྱུགས་འབེལ་བ། ནོར་རྫས་དབྱར་རྩྭ་དགུན་འབུའི་གཙོས་པའི་གཏེར་ནོར་ཕུན་སུམ་ཚོགས་པ་སོགས། འཚོ་བའི་མཐུན་རྐྱེན་རབ་ཏུ་བཟང་ཤིང་ཡིད་ཅན་ལོངས་སྤྱོད་རྣམ་སྲས་མཛོད་དང་མཉམ་པ། སྟོབས་འབྱོར་སྙན་གྲགས་ཀྱི་གཡུ་འབྲུག་ཀུན་ཏུ་ལྡིར་ཞིང་། དགེ་བཅུའི་དཔལ་གྱིས་སྤུད་པའི་འགྲོ་བ་མི་ཡི་ཞིང་ཁམས་འདྲ། ཅེས། ཤེས་ལྡན་དུ་མས་ཡང་ཡང་བསྔག་གནས་ཡིན་ནོ།།

  ཁྱད་པར་སྡེ་བཞིའི་འབྱོར་བས་ལྷག་ཏུ་ཕྱུག་ཅིང་སྙན་གྲགས་དུང་སྒྲ་ཡང་ཡང་སྒྲོག་པའི་བོན་ཐ་ནི། སྔ་གཞུག་ཀུན་ཡོན་ཏན་ལ་གཞན་དྲིན་མི་འཇོག་པའི་བཤེས་གཉེན་དུ་མའི་འཁྲུངས་གཞིས་དང་། བྱ་རིམ་འཆར་གཞི་སྒམ་པའི་རྒན་རབས། དཔའ་བཙན་བློ་རྒྱ་ཆེ་བའི་སྟག་ཤར། ཕྱྭ་བསོད་ལག་ཏུ་འཁྱིལ་བའི་འཛངས་མ། ཤེས་རབ་རིག་པ་རྣོ་བའི་ན་གཞོན། སོགས་སྣོད་བཅུད་གཉིས་ལ་ཤེས་དཔལ་གྱི་དགེ་མཚན་དཀར་ཕྱོགས་དགེ་བའི་ཟླ་བཞིན་རྒྱས་པའི་གཡང་གི་ར་བ་འོ།།

  དེ་ལ་རྒྱལ་བ་སྨན་རིའི་༧དཔོན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེའི་བཞུགས་གནས་མེ་མོ་ཡང་དབེན་སྨིན་གྲོལ་གླིང་ནི། ཕྱི་ནང་རྟེན་དང་བརྟེན་པའི་བཞེངས་བཀོད་རབ་ཏུ་བཟང་ཞིང་། བག་ཡངས་ལ། ཉམས་དགའ་བ། གང་མཇལ་སྐྱེ་བོ་ཀུན་གྱིས་མགྲིན་སྐད་འདེགས་ནས་སྔག་པའི་སློབ་གླིང་དང་འབྲེལ་བའི་ལོ་དེབ། 《ཞང་བོད་ཤེས་རིག་རདྞའི་བང་མཛོད》ནི། ལོ་རྒྱུས་གསང་བའི་ཕུག་རིང་དང་། དཔྱད་རྩོམ་གཟི་ཡི་དོ་ཤལ། བསླབ་བྱ་བགྲེས་པོའི་ཞལ་ཏ། རྩོམ་རིག་ངག་གི་ལང་ཚོ། གནས་ཚུལ་བོན་ཆུའི་རླབས་ཕྲེང་བཅས་ཚན་པ་ལྔའི་བདག་ཉིད་ཅན། འདོན་ཐེངས་ཐོག་མ་རིས་མེད་གཟིགས་མཁན་རྣམ་པའི་མིག་སྔར་བསྟར་ཡང་། ད་ལན་གཙོ་གཉེར་ཚན་པ་མི་སྒེར་ཡིན་སྟབས་དུས་དེབ་འདིའི་ནང་། བྱ་རིམ་དུ་མའི་དབང་གིས་ཐག་གཅོད་མ་ཐུབ་པའི་སྐྱོན་ཆ་ཇི་སྙེད་མཆིས་སྲིད་པས། དེའི་ཐད་དཔྱོད་ལྡན་མི་བུ་ཡོངས་ཀྱིས། ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་ཆར་བཞིན་བསྙིལ་པར་རེ་སྒུག་བྱེད་བཞིན་ལགས།

  འབྱུང་འགྱུར་ཡང་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་། བྱེ་བྲག་ཡུལ་འདིའི་དགོན་སྡེ་གཉིས་ཀྱི་བསྟན་དོན་མཛད་པའི་ཕྲིན་ལས་ལ། རམ་འདེགས་ཡོང་བའི་ཆེད་དུ་ལོ་རེར་སྤུས་གཙང་ངམ་ཡར་རྒྱས་ཅན་རྒྱུན་མཐུད་འདོན་སྤེལ་ཞུ་རྒྱུ་ཡིན་ན། སྟོན་པ་དང་བསྟན་པའི་ཐ་ཚིག་གཅིག་པའི་གཡུང་དྲུང་སྤུན་མཆེད་དང་། ཕུགས་བསམ་གྱི་ལམ་ཁ་གཅིག་ཏུ་ཕྱོགས་པའི་རྒྱ་ཆེའི་མཁས་དབང་རྣམ་པས། རྩོམ་ཡིག་དགོད་རྒྱུ་ལ་གཟིགས་པ་བདག་རྐྱེན་མི་དམན་པ་གནང་རོགས་ཞུ་བ་ཡིན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།