སྨན་རིའི་དབུ་ཟུར་ཞིག་གི་གདངས་ཀྱི་ང་རོ།
[ཟླ་ཚེས། 2019-07-28 22:22:13][རྩོམ་པ་པོ། ཁྲི་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྨན་རིའི་དབུ་ཟུར་ཞིག་གི་གདངས་ཀྱི་ང་རོ།
དེ་ཡང་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡངས་བའི་ས་ཆེན་འཁྱོན་ལ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཁྱབ་བདལ་སོགས་ཕྱིན་པའི་མཐར་བྲུ་ཞུ་སྤ་རྨེའུ་གཤེན་སོགས་གལ་ཆེའི་གདུང་རྒྱུད་ཆེ་བ་ཁག་ལྔར་རང་རང་ལུགས་ཀྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་མཛད་བཟང་སྤེལ་བའི་སྲོལ་བྱུང་སྟེ་ཁྱད་པར་དུ་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་དཔལ་རྗེ་རྒྱལ་བ་མཉམ་མེད་པ་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱིས་རྒྱལ་རིགས་བྲུའི་ལུགས་ཀྱི་ཞན་ཆར་ཁ་སྐོང་བགྱིས་ཏེ་ཕྱི་རབས་རྗེས་ཤུལ་འཛིན་པའི་སྐལ་ལྡན་སྐྱེས་བུའི་ཚོགས་ཀྱིས་ཡིད་དུ་བརྣག་དགོས་པའི་མཐར་ཐུག་གི་ནོར་གྱི་གྲངས་ནི་ཁོ་བོས་འདི་ལས་ཡོད་ཚད་བགྲངས་ཐུབ་པ་ཞིག་ལར་ནས་མིན་ན་ཡང་། བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་གཞི་མ་དབྱར་གྱི་མཚོ་མོ་བཞིན་རྒྱས་པའི་རྩོད་ལྡན་གྱི་དུས་རབས་འདི་ལ་ང་ཚོས་སྔར་བྱུང་གི་རིག་པའི་ཚན་ཁག་གཅིག་ཡིན་རུང་ཕྱིའི་སྣོད་དང་ནང་གི་བཅུད་སོགས་མ་འཇིག་བར་དུ་གནས་ཐབས་ཞིག་བཙལ་ན་རབ་ལ།
དེ་ལྟར་མ་བྱུང་ནའང་དུས་དང་བསྟུན་པའི་གློག་འཕྲུལ་དང་འོད་སྡེར་བཅས་ལ་མི་འཇིག་པའི་སྐྱབས་བཅོལ་ན་ཡང་མ་འགྲིག་པ་ཞིག་ཅི་ལ་མེད་སྙམ་པས་རེབ་འདིར་ཡང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་པའི་རྒྱལ་བ་མཉམ་མེད་པ་ཆེན་པོའི་ཕྱག་རྗེས་སླད་མ་ཐེབས་པ་ཞིག་མུ་ནས་མུ་རུ་གནས་པའི་དམིགས་འབེན་བཅང་སྟེ་གྲྭ་ས་སྨན་རིའི་ཚོགས་ཆེན་དབུ་མཛད་ཟུར་པ་མཁའ་སྣ་ཚང་དགེ་བཤེས་ཟླ་བ་རྣམ་རྒྱལ་ལགས་ཀྱིས་རྒྱལ་བའི་འཕྲིན་ལས་བོན་སྐྱོང་མ་བདུད་བཙན་གསུམ་དང་ཁྲོ་ཕུར་གཉིས་ཀྱི་གདངས་དབྱངས་ཀྱི་ང་རོ་གསོན་པོ་ཞིག་འཇར་མན་སྒྱུ་རྩལ་མཐོ་སློབ་ཀྱི་སྒྲ་དཔྱད་རིག་པའི་མཐུན་སྦྱོར་གཞོགས་འདེགས་ཀྱི་རྐྱེན་བྱས་ནས་དེང་གི་རོལ་དབྱངས་དང་སྦྲགས་ཏེ་འོད་ཀྱི་གོར་མོ་༼ ཟེར་སྡེར ༽ ཞིག་གི་ནང་དུ་ཕབ་འཇུག་བྱས་འདུག་པར་མ་ཟད་ཁྲོ་ཕུར་གཉིས་ཀྱི་གདངས་ཡིག་འབྲུག་ལྡིར་ལས་གལ་ཆེའི་རིགས་དག་བགོ་འགྲེམས་བཅུ་གཉིས་སུ་དབྱེ་འདུག་པས།
༡ ༽ ཁྲོ་བོའི་ཕྱི་མཚམས་ཤར་ཕྱོགས། ༢༽ ཕུར་བའི་ཕྱི་མཚམས་ཤར་ཕྱོགས། ༣ ༽ ཕུར་བའི་བར་མཚམས་བར་མ། ༤ ༽ ཁྲོ་བོའི་བར་མཚམས་བར་མ། ༥༽ ཁྲོ་བོའི་བར་མཚམས་ཕྱི་མ།༦༽ ཞི་བའི་གསོལ་འདེབས། ༧༽ ཕུར་བའི་བཞེངས་གསོལ། ༨༽ ཕུར་བའི་ཕྱག་རྒྱ་འཇིགས་ཚོགས། ༩༽ ཕུར་བའི་སྨན་མཆོད། ༡༠༽ ཁྲོ་བོའི་མཆོད་པ། ༡༡༽ སྤྱི་སྤུངས་ཚོགས་བསྐང་། ༡༢༽ ཕུར་བའི་ཁྱད་པར་བསྐང་བ་བཅས་དབྱེ་དཀར་བཅུ་གཉིས་སུ་བསྡུས་ཐུབ་གནང་འདུག་ལ།
བོན་སྐྱོང་མ་བདུད་བཙན་གསུམ་དང་ཁྲོ་ཕུར་དམར་ལམ་དབྱར་གྱི་རྔ་སྒྲ་ལ་བགོ་འགྲེམ་ལྔ་རུ་འདུས་ཐབས་གནང་འདུག ༡༽ སྲིད་པ་རྒྱལ་མོའི་སྤྱན་འདྲེན། ༢༽ མི་བདུད་ཀྱི་སྤྱན་འདྲེན། ༣༽ མི་བདུད། ༤༽ དམར་ལམ་འོག་མ་ཀ་དྲ་དམར་ནག ༥༽ སྤྱི་སྤུངས་བྲོ་རྡུང་བཅས་དྲིལ་ན་བགོ་འགྲེམས་བཅུ་བདུན་ནང་རང་རང་ལུགས་ཀྱི་གདངས་སོགས་དེང་རབས་རོལ་མོ་དང་སྦྲགས་འདུག་པས་ཕྱོགས་བརྒྱའི་གདངས་དབྱངས་ལ་སྤྲོ་བ་ཟབ་ཅིང་རྒྱལ་བ་གོང་མའི་གདངས་ངག་ལ་དཔྱད་ཞིབ་མོས་པའི་སྐྱེས་བོ་ཀུན་ལ་འགྲེམས་བརྡའི་ཆེ་ལོང་འདི་ཕུལ་བ་ལགས་སོ།།
ལེགས་རྗེས་འདི་ཐོག་མར་སྤྱི་ལོ་༢༠༡༧ ལོའི་ཟླ་༤པའི་ནང་རྗེ་རྒྱལ་བ་གསུམ་པ་སྐྱབས་མཆོག་སྨན་རིའི་ཁྲི་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ་< folkwang University of the Arts > སློབ་ཆེན་གྱི་སྒྲ་དཔྱད་རིག་པའི་ཆེད་མཁས་མ་< Christiane Strothmann > ཁོ་མོས་དར་དཀར་ལྷ་རྫས་ལྷ་ཕྱག་དང་བཅས་པ་སྔོན་འབུལ་ཐོག་སྐྱབས་རྗེ་ཞིང་ཁམས་པ་གང་དེར་བོན་རིང་ལུགས་ཀྱི་ཐུན་མིན་<< ཁྲོ་ཕུར་གཉིས་ཀྱི་གདངས་ཡིག >> འདི་ཉིད་ལ་དཔྱད་ཞིབ་བྱ་འདོད་ཡོད་སྐོར་གྱི་སྙན་གསེང་ཞུས་དོན་བཞིན་རིན་པོ་ཆེ་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོའི་ངང་བཀའ་འཁྲོལ་ཟབ་མོ་ཐོབ་ཏེ་ལས་གཞི་འདིའི་ཐོག་མཐའ་བར་གསུམ་གྱི་ལེགས་འབྲས་གཡུར་ཟ་སྨིན་པའི་གནད་ཀྱི་བཀའ་སློབ་བསྩལ་བ་གཞིར་བཟུང་ཐོག མཐར་གྲྭ་སའི་སྨན་རིའི་དབུ་མཛད་ཟུར་པ་མཁའ་སྣ་དགེ་བཤེས་ཟླ་བ་རྣམ་རྒྱལ་ལགས་སྒྲ་དཔྱད་རིག་པའི་ཁ་ཕྱོགས་འདིའི་རྒྱུ་ཆའི་སྙིང་པོ་ལྟ་བུ་ཞིག་ཏུ་འོས་སྦྱོར་བྱས་པ་ནས་དཔྱད་ཞིབ་ཀྱི་མདོ་ཚུགས་པ་ཞིག་རེད་འདུག
ཉམས་མྱོང་གིས་ཕྱུག་པའི་བཤེས་གཉེན་ཁོང་གིས་གྲྭ་སའི་དབུ་མཛད་ཆེ་ཆུང་མི་ལོ་དྲུག་ལྷག་ལ་གནང་བར་མ་ཟད་དུས་དེའི་དཀའ་སྤྱད་དང་འབད་འབུངས་ཀྱི་གསེབ་ནས་གྲྭ་སའི་དགེ་འདུན་པ་ཡོངས་དང་། བཙུན་དགོན་རདྣ་སྨན་གླིང་གི་བཙུན་མའི་སྡེ་དང་། དེ་བཞིན་དབྱངས་ཀྱི་འདེགས་འཇོག་ལ་སྤྲོ་བ་ཟབ་པའི་བོན་ཕྲུག་སློབ་བུ་ཀུན་ལའང་གྱེར་ངག་གི་ས་ལམ་ཟིན་པའི་ལམ་སྟོན་དགེ་རྒན་ཡང་ལོ་ངོ་དུ་མར་གནང་འདུག
མཐར་གྲྭ་ས་སྨན་རིའི་དབུ་མཛད་ཟུར་པ་མཁའ་སྣའི་དགེ་མིང་བ་ཟླ་བ་རྣམ་རྒྱལ་མཆོག་གི་སྐུ་ཚེ་སྟོད་ཀྱི་མཛད་བཟང་ཕལ་མོ་ཆེ་ནི་ཞིབ་པར་མཁྱེན་འདོད་ཡོད་ཚེ་དགེ་བའི་བཤེས་གཉེན་ཁོང་སྒེར་གྱི་དྲ་བྱང་< Kharnatsang.come > འདི་ལ་འཇུག་པར་བྱོས་དང་མཁྱེན་ཐུབ་ལ། འདི་ནས་སླར་ཡང་བཤེས་གཉེན་ཁོང་གི་མཛད་རྣམ་བསྐྱར་བཟློས་སུ་མ་བཀོད་པས་གསལ་འདེབས་ཞུ་རྒྱུ་དང་། དེ་མིན་རེབ་འདིའི་མཛད་བཟང་གདངས་ཀྱི་ང་རོ་འདི་ལ་ལན་ཅིག་གསན་བསམ་འདོད་པ་དག་གིས་གཤམ་གྱི་དྲ་བྱང་།