«ཤེས་རིག་བདུད་རྩིའི་རྒྱ་མཚོ»སྤྱི་དེབ་དགུ་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2019-06-11 22:14:52][རྩོམ་པ་པོ། འདི་གའི་རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  •རྩོམ་སྒྲིག་པའི་ཞུ་མཆིད།

  དེང་སྐབས་བོད་ཀྱི་རྩོམ་རིག་གི་རྦ་རླབས་འཛམ་བུ་གླིང་དུ་འཕྱོས་དང་འཕྱོ་བཞིན་ཡོད་པ་དང་དེ་མཐུན་བོད་ཀྱི་རྩོམ་པ་པོ་ནི་དབྱར་ཁའི་སྤང་ལ་ཤ་མོ་བརྡོལ་བ་ལྟར་འཁྲུངས་དང་འཁྲུང་བཞིན་ཡོད་པ་ནི་ངོ་གནས་དགའ་འོས་ཤིང་སྐྱིད་དུ་བསྒོམ་ཆོག་པའི་གནས་ཚུལ་ཞིག་རེད། དེ་བཞིན་བོད་ཁམས་ཡོངས་ཀྱི་དགོན་སྡེ་དང་། སློབ་གྲྭའི་སྡེ། ཡང་ན་གྲོང་པའི་སྤྱི་ཚོགས་ནང་དུའང་ལོ་དེབ་དང་དུས་དེབ་སོགས་རང་ནུས་ཅི་འཇོན་གྱིས་རྩོམ་རྩལ་རིག་པའི་གཞུང་ལུགས་ལ་ཞབས་ཞུ་འདྲ་མིན་ཞུས་ཡོད། དེས་ན་ངེད«ཤེས་རིག་བདུད་རྩིའི་རྒྱ་མཚོ»འདི་ཡང་རིས་མེད་བོད་ཁམས་སུ་སྨྱུག་ཐོག་པ་རང་ཉིད་ཀྱི་ཤེས་འཇོན་ངོམ་སའི་གར་སྟེགས་གསོན་པོ་ཞིག་ཏུ་བརྩོན་བཞིན་ཡོད་པ་དང་འགྱུར་བའི་སེམས་འདུན་ཡང་དྲག་ཏུ་ལྡང་བཞིན་ཡོད། ད་ལན་སྤྱི་ཡི་འདོན་ཐེངས་དགུ་པ་འདི་ཉིད་ཤར་རིའི་ཕྲག་ནས་ཉི་འོད་སེར་པོའི་གསེར་ཞལ་འཛུམ་པ་བཞིན་རིས་སུ་མ་མཆིས་པའི་མཁའ་དབྱིངས་སུ་འགྲེམ་ཐུབ་པ་བྱུང་། སླར་བཀའ་དྲིན་ཞུ་འོས་པ་ནི། རྩོམ་རིག་གི་གཤོག་རྩལ་ཟུང་གཅིག་མུ་མེད་ཀྱི་དགུང་སྔོན་ཁམས་ནས་ཚོར་འདུ་ཡི་འགྱུར་འགྲོས་ཅི་དགར་རོལ་བའི་ངའི་སྨྱུག་ཐོག་པ་དང་། ངའི་འཇིག་རྟེན་ལ་རབ་འདེགས་ཀྱི་ཉི་འོད་ཀུན་ཏུ་འཕྲོ་བའི་ཕུ་ནུ་མིང་སྲིང་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ལྷག་དོན་དུ་ཐེངས་འདིར་མ་དངུལ་གྱི་རོགས་རམ་ཕྱག་ཟུང་ཡང་པོར་གནང་བའི་སྦྱིན་པའི་བདག་པོ། ཞུ་བླ་ཡེ་ཤེས་གོང་འཕེལ་ནས་སྒོར300 དབུ་རུ་བླ་ཆུང་འོད་ཟེར་མགོན་པོ་ནས་སྒོར100 མ་ཎི་རིན་ཆེན་བཟང་མོ་ནས་སྒོར1000 མ་ཎི་ཟླ་བ་སྒྲོལ་མ་ནས་སྒོར1000 མ་ཎི་བསོད་ནམས་དྲི་མེད་ཚང་ནས་སྒོར700 མ་ཎི་དར་འཕེལ་ཚང་ནས་སྒོར500 བོན་མཆོག་ཚང་ནས་སྒོར500 མ་ཎི་ཀུན་འགྲུབ་ཚང་ནས་སྒོར500 མ་ཎི་ཆུང་བདག་ནས་སྒོར500 མ་ཎི་སྤ་གེ་ཚང་ནས་སྒོར200 མ་ཎི་ཚེ་རིང་འཕེལ་སྐྱིད་ནས་སྒོར100 བཅས་ཞལ་འདེབས་སུ་བྱུང་བ་ལགས་ན་དགེ་འདིས་སྤྱིར་གྱི་སངས་རྒྱས་བསྟན་པའི་སོན་རྩ་དང་སྒོས་སུ་ཡུལ་ལུང་གང་འདིར་རྩོམ་རིག་གི་འཕེལ་ཁ་མྱུར་བ་དང་། བོད་ཀྱི་གཞུང་ལུགས་ལ་དུང་ཞེན་ཡོད་པའི་མི་བུ་རྣམས་ཀྱི་བཞེད་དོན་ལྷུན་འགྲུབ་དང་བསམ་དོན་གེགས་མེད་དུ་འགྲུབ་པའི་སྨོན་འདུན་ཞུ་བ་ལགས་སོ།། འདི་གའི་རྩོམ་སྒྲིག་པ་སྟོང་སྲས་ལྷ་བུས།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།