འཇིག་རྟེན་ལ་སྒོ་མེད། ཉི་མ་ལ་མིག་མེད་ཅེས་པའི་རྩོམ་དེབ།

[ཟླ་ཚེས། 2019-05-12 21:15:15][རྩོམ་པ་པོ། དཀའ་སྤྱད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རང་ཉིད་གླེང་བ།
མང་པོ་མི་གླེང་། མདོར་ན། ཁྱིམ་ཚང་ཕལ་བ་ཞིག་ཚང་དུ་སྐྱེས་པའི་ང་ནི། ལོ་རྒྱུས་ཁུངས་བཙན་གྱི་ཁྱིམ་ཚང་མིན་ལ། རིགས་རུས་གདུང་རྒྱུད་ཅན་གྱི་མི་ཡང་མ་ཡིན། ང་ནི་ཕལ་བའི་མི་ཞིག་ཡིན་ལ། ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་མྱི་ཉམ་ཆུང་ཞིག་དང་། གཡུང་དྲུང་བོན་གྱི་གྲུབ་མཐའ་ལ་ཞུགས་པའི་གྲྭ་བ་མིང་ཙམ་འཛིན་པ་ཞིག་ཡིན་པ་ཙམ་ལས་ཅི་ཡང་མིན། ད་ཐེངས་བདག་གི་དཔེ་ཆ༼འཇིག་རྟེན་ལ་སྒོ་མེད། ཉི་མ་ལ་མིག་མེད༽ཅེས་པ་འདི་ནི་མཁས་པ་གོང་མ་ཅན་ལ་འགྲན་སེམས་དང་ཕྲག་དོག་གི་ཚིག་དང་། དམན་པ་འོག་མ་དག་ལ་སྨོད་ཚིག་སོགས་གང་ཡང་མིན་པས། སེམས་ཀྱིས་བསྐྲུན་པའི་སེམས་ཅན་ལ། སེམས་ལ་བྱུང་བའི་རང་གི་ཉམས་མྱོང་ཙམ་དང་། ཚོར་བའི་བྱུང་རིམ་ཙམ་བཀོད་ཡོད་པས། ཁྱེད་ཚོ་ཡིད་ཚིམས་པར་སྨོན།
རྩོམ་པ་པོ་ནས།

ཤིས་ཚིག
ད་ཐེངས་བོད་ཀྱི་ན་གཞོན་རྩོམ་པ་པོ་དཀའ་སྤྱད་པ་ལགས་ཀྱིས་ལུགས་གཉིས་དང་འབྲེལ་བའི་བརྩམས་ཆོས་ལེགས་འགྲུབ་བྱུང་བར་སྙིང་ནས་རྟེན་འབྲེལ་གྲངས་མེད་ཞུ་བ་དང་འབྲེལ། ཁྱེད་ཀྱི་ཐུགས་ལས་འཁྲུངས་བའི་བསམ་བློའི་བརྩམས་ཆོས་འདི་བོད་ཀྱི་རིག་གཞུང་གི་བྱིན་རླབས་ལས་བྱུང་བའི་དངོས་གྲུབ་ཅིག་ཡིན་ལ། འདི་ནི་ང་ཚོ་བོད་པ་ཙམ་མ་ཡིན་པར་མི་རིགས་གཞན་གྱིས་ཀྱང་སེམས་ཀྱི་ལོངས་སྤྱོད་ཀྱི་གསོ་སྨན་གལ་འགང་ཅན་ཞིག་ཡིན་པར་ཡིད་ཆེས་ཡང་གཏིང་ཟབ་མོ་ཡོད་སོང་། ལྷག་པར་དུ་བོད་ཀྱི་ན་གཞོན་ཕོ་མོ་མང་པོ་ལ་བོད་ཀྱི་ཆོས་དང་རིག་གཞུང་ཐུན་མིན་གྱི་ཁྱད་ཆོས་དེ་ཡང་མཐོང་བཅུག་ངེས། མི་ལ་ཤེས་ཡོན་དང་ཀུན་སྤྱོད་བཟང་ན་མི་ཚེའི་རྒྱན་ཆ་ཡག་ཤོས་དེ་ཡིན་པ་རྟོགས་བཅུག་ནས་ཤེས་ཡོན་ལ་འབད་འབུངས་བྱེད་དགོས་པའི་བསམ་བློ་དེ་ཡང་ཡར་རྒྱས་སུ་འགྲོ་བཅུག་ངེས། ད་དུང་མི་རིགས་ཤིག་གི་ཆོས་དང་རིག་གཞུང་སྔོན་ཐོན་གྲལ་དུ་འགྲོ་ཐུབ་དགོས་ན་ལྷག་བསམ་དང་ཤེས་ཡོན་ཀུན་སྤྱོད་སོགས་རྩ་དོན་དུ་གྱུར་བའི་ཉིང་བཅུད་རྣམས་གཞན་མི་རིགས་མང་པོ་དང་མཉམ་དུ་ལོངས་སྤྱོད་དང་བརྒྱུད་སྤྲོད་བྱ་དགོས་པའི་དགེ་མཚན་སོགས་རྟོགས་བཅུག་ངེས། མདོར་ན་ད་ཐེངས་ཀྱི་བརྩམས་ཆོས་འདི་ལ་ཞིབ་ཏུ་གཟིགས་མཁན་ཡོངས་ལ་དམིགས་བསལ་གྱི་ཚོར་སྣང་དང་གོ་རྟོགས་བཟང་པོའི་འབྲས་བུ་རེ་སྨིན་སྲིད་པ་ཁོ་བོའི་ཉམས་མྱོང་གི་སྐད་ཆ་ཡིན། མ་ཟད་ད་ཐེངས་ཀྱི་བརྩམས་ཆོས་འདི་ཙམ་མ་ཡིན་པ་མུ་མཐུད་ནས་ཕན་འབྲས་ཅན་གྱི་ལྗགས་རྩོམ་མང་དུ་གནང་ནས་མིའི་རིགས་སྤྱི་དང་དགོས་སུ་གངས་ཅན་ལྗོངས་ཀྱི་སྤུན་ཟླ་མིང་སྲིང་ཡོངས་ལ་ལེགས་སྐྱེས་གྱ་ནོམ་པ་རེ་གནང་བའི་རེ་བསྐུལ་ཡང་ཡང་ཞུ་བ་ཡིན།
༢༠༡༩ལོར་ཟླ་༥པའི་ཚེས་༩ཉིན་རྫ་ས་སྐྱ་སྤྲུལ་སྐུ་བཀྲ་ཤིས་མགོན་པོ་འབོད་པ་དེས་ཕུལ།
ཤིས་ཚིག
གཏན་ཚིགས་རིག་པའི་འཁྲི་ཤིང་རྒྱས་པའི་རྩེར། ། ལེགས་བཤད་གཏམ་གྱི་བྱུ་རུ་མེ་ཏོག་ཕྲེང་། ། སློབ་གསོ་གསེར་གྱི་སྐུད་པ་ལ་རྒྱུས་ཏེ། ། གངས་ཅན་སྒེག་མོའི་རྒྱན་དུ་བཏགས་པ་མཛེས། །
༢༠༡༩ལོར་ཟླ་༥པའི་ཚེས་༩ཉིན་འབའ་སྲས་ནས་ཕུལ།
དཀའ་བ་སྤྱད་དེ་དེབ་ཅིག་བྲིས་པར་རྟེན་འབྲེལ་ཞུ།

ཁ་སང་དྲ་གྲོགས་དཀའ་སྤྱད་པས།  འཇིག་རྟེན་ལ་སྒོ་མེད། ཉི་མ་ལ་མིག་མེད།  ཅེས་པའི་སྙན་དེབ་ཅིག་གི་པར་རིས་བསྐུར་ནས་ཤིས་ཚིག་ཅིག་བསླངས་སོང་། འཇིག་རྟེན་ཀུན་ཁྱབ་ཀྱི་མཚན་ཉིད་རིག་པའི་མ་ལག་བྱམས་བརྩེ་དང་རྟེན་འབྱུང་གི་ཕྱི་ནང་སྔོག་པའི་སྨྲ་ལྕེ་མཆོག་ཏུ་གྱུར་པ། བོད་ཀྱི་དབྱངས་གསལ་སོ་བཞིས་དེབ་ཆུང་ཞིག་འབྲི་ཐུབ་པ་དེ་ལས་གཞན་གྱི་བཀྲ་ཤིས་པ་གཞན་མེད་པས། སྨྱོན་པ་སྨྱོ་ནག་ངའི་ཁ་ཡག་ཅིག་གིས་ཅི་བྱེད་སྙམ་མོད། དྲ་གྲོགས་ཀྱི་རེ་བ་རེད། དྲ་གྲོགས་སུ་གྱུར་ནས་ཡུན་རིང་ཡང་འགོར་ཡོད་སྙམ། ལྷག་པར་བར་སྟོང་ལ་བོད་ཡིག་གི་ནས་འབྲུ་གཏོར་མཁན་གྱི་དྲ་གྲོགས་དག་གི་གྲས་ཡིན་པས། ང་ཁོང་ཚོར་ཧ་ཅང་རྩིས་འདང་ཆེ། ཡིན་ནའང་། ངས་ཁོ་སྐྱ་སེར་གང་ཡིན་དང་ལུང་པ་གང་གི་ཡིན་པ་ཙམ་ཡང་ངོ་མི་ཤེས། འོན་ཏེ། དགོས་མེད་དེ་དག་ཤེས་འདོད་ཀྱི་རེ་བའང་མེད། རེ་བ་ཞིག་ཡོད་པ་ནི་དེབ་དེ་ཆ་ཚང་ཞིག་བམ་ཀློག་ཅིག་བྱེད་འདོད་པ་དེ་ཡིན་པས། དེབ་ནང་གི་ལེགས་རྩོམ་འགའ་དང་མགོ་མཇུག་གི་གཏམ་སྐུར་བར་བསྐུལ་ཡང་མགོ་འཇུག་གི་གཏམ་མེད། ཅེས་ཤོག་ངོས་འགའ་བསྐུར་སོང་། དེ་དག་ལས་སྙན་ངག་ལྟ་བུ། ལེགས་བཤད་ཚིག་དུམ་ལྟ་བུ་རེ་མཐོང་། སྤྱིར་ན་དེབ་ཀྱི་ཇུས་འགོད་ལེགས་ཤིང་། རྩོམ་པ་པོའི་ཤེས་རབ་ལས་བསམ་གཞིག་གི་ཞབས་རྗེས་རེའང་མཐོང་བར་གྱུར། འཇིག་རྟེན་ལ་སྒོ་མེད་པས་གཤིན་རྗེའི་ལག་བསྙབ་རེ་རེས། ། ཆེས་ཡིད་དུ་འོང་བ་དག་གཏན་དུ་མི་མཐོང་བར་གྱུར། ། ཉི་མ་ལ་མིག་མེད་པས་ཉི་མའི་གཡུ་སྦྲ་སྨུག་པོ། ། རླུང་དམར་གྱིས་རལ་སོང་བཅད་སོང་ཕྱོགས་ཀུན་ལ་སྤུར་སོང་། ། གང་ལྟར་འདི་འདྲ་ཞིག་འབུལ་བར་འདོད། མཐར་རྩོམ་པ་པོའི་སྐུ་ཚེ་བརྟན་ཅིང་རྩོམ་ཡིག་གི་འཕྲིན་ལས་དར་བའི་རྟེན་ཙམ་དུ།

༢༠༡༩ལོའི་ཟླ་༠༥ཚེས་༨ཉིན་ཤེད་བུའམ་བོན་རྒྱ་བསྟན་འཛིན་རབ་རྒྱས་སུ་འབོད་པས།

ཕ་རེ་སིའི་ལྷ་ཞལ་དཔལ་གྱི་ཇ་ཁང་ཞིག་ཏུ་བཏེགས།

རྟེན་འབྲེལ་གྱི་གུས་པ།

 ན་གཞོན་རྩོམ་པ་པོ་དཀའ་སྤྱད་པ་ལགས་ཀྱིས་མི་ལོ་ཁ་ཤས་ཀྱི་རྔུལ་ཆུའི་སྲོག་རྩའམ། ལོ་ངོ་མང་བོ་ཞིག་ལ་མིའི་རིགས་ཀྱི་བདེ་སྡུག་གི་ཁ་ཕོ་དག་ལ་ནན་དུ་ཐོས་བསམ་གནང་སྟེ་འུ་ཚོ་ལ་འཚོ་བའི་ལམ་ལུགས་གསར་མ་ཞིག《འཇིག་རྟེན་ལ་སྒོ་མེད། ཉི་མ་ལ་མིག་མེད》ཅེས་པ་ལེགས་འགྲུབ་བྱུང་བ་ལ་རྟེན་འབྲེལ་ཞུ། ལོ་རྒྱུས་ཀྱི་སྨྱུག་མིང་འཛིན་པ་ཙམ་ཁྲོ་གཙུག་རྒྱན་ཉི་མས། རྟེན་འབྲེལ་ཞུ། དཀའ་སྤྱད་པས་བརྩོན་འགྲུས་ཀྱི་རྟ་ཕོར་བཅིབས་ཏེ། ཤེས་རིག་གི་མེ་ལྕེའི་ཁུད་ནས། ༼འཇིག་རྟེན་ལ་སྒོ་མེད། ཉི་མ་ལ་མིག་མེད༽ཅེས་པའི་སྙན་ཚིག་གིས་ཕྱུག་པའི་ཐོག་མའི་ལག་དེབ་འདི་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་གྲངས་མེད་ཞུ། དེབ་འདི་ལག་ཏུ་འབྱོར་མ་ཐག་བཀླགས་ཡོད། ཚིག་གི་སྙན་ཆ་རེ་རེ་དང་གཏིང་ཟབ་པའི་བརྗོད་བྱ་རེ་རེས་མིག་དབང་བཀུག་སོང་། ཡིད་སེམས་འཕྲོག་སོང་། ཁྱེད་ཀྱི་སྨྱུག་རྩེ་ལས་འབར་བའི་ཡིག་འབྲུ་རེ་རེས་མྱི་སེམས་མོད་པོ་ཞིག་ལ་བྲོ་བ་མངར་མོ་རེ་སྟེར་གྱིན་པས་ལག་དེབ་གཉིས་པ་དང་གསུམ་པ་སོགས་ལ་རེ་ཡོད། ཁམས་རྫོགས་ཆེན་སྤྱི་ཚོགས་སློབ་གྲྭ་དགེ་རྒན་གྱི་མི་ཐོགས་པ་དབང་ལྡན་དཔལ་མོས། རྟེན་འབྲེལ་ཞུ། དུས་རབས་ཀྱི་བསམ་བློའི་གོམ་ཁ་མྱུར་ཞིང་རྣམ་དཔྱོད་ཀྱི་རིག་པའི་བང་རྩལ་རྒོད་པའི་ན་གཞོན་རྩོམ་པ་པོ་དཀའ་སྤྱད་པ་ལགས་ཀྱི་རྩོམ་དེབ་ཐོག་མ་སྟེ{འཇིག་རྟེན་ལ་སྒོ་མེད། ཉི་མ་ལ་མིག་མེད}ཅེས་པ་འདི་ཉིད་ལེགས་གྲུབ་བྱུང་ནས་ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་བཞིན་པའི་དུས་འདིར་དགའ་དད་སྤྲོ་གསུམ་གྱི་རྟེན་འབྲེལ་གྲངས་མེད་ཞུ་བ་དང་ཆབ་གཅིག་ཏུ་འབྱུང་འགྱུར་གྱི་མི་ཚེའི་མདུན་ལམ་རིང་ཞིང་ཕུགས་བསམ་གྱི་དམིགས་ཡུལ་ཟབ་མོ་འགྲུབ་པའི་སྨོན་འདུན་བཅས།

དབྲ་དཀར་གཞན་ཕན་ཤེས་རབ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།