དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་ཀྱི་དཔྱད་དེབ་གསར་པ།

[ཟླ་ཚེས། 2019-01-29 19:25:18][རྩོམ་པ་པོ། རྫ་པ་ཚེ་རིང་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྫ་པ་ཚེ་རིང་འགྱུར་མེད་ཀྱིས་བརྩམས་པའིབོན་གྱི་ཆོས་དང་རིག་གནས་ཁམས་དཀར་མཛེས་ཕྱོགས་སུ་དར་འགྲིབ་བྱུང་ཚུལ་ལ་དཔྱད་པ་མེས་པོའི་ཞབས་རྗེསཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དཔར་དུབསྐྲུན་པ།

1548761151136264.jpg

   བོན་གྱི་ཆོས་དང་རིག་གནས་ནི་རང་རེ་དཀར་མཛེས་ཕྱོགས་འདིའི་རིག་གནས་སྤྱིའི་གྲུབ་ཆ་གལ་ཆེ་བ་ཞིག་ཏུ་གྱུར་ཡོད་ལ། ས་གནས་འདིའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྣང་ཚུལ་དང་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་མཚོན་བྱེད་ཅིག་ཡིན་ཞིང་། ཁམས་དཀར་མཛེས་ཡུལ་གྱི་ཡ་ཐོག་གི་རིག་གནས་དང་ཐོག་མའི་ལོ་རྒྱུས་སོགས་ཀྱི་འགོ་ཁུངས་སྟོན་བྱེད་ཀྱང་ཆགས་ཡོད། འདིར་ཁམས་དཀར་མཛེས་ཕྱོགས་སམ་ད་ལྟའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་ཡ་ཐོག་གདོད་མའི་བོན་དང་རིག་གནས། འཕྲུལ་ངག་གཡུང་དྲུང་གི་བོན་དང་རིག་གནས་སོགས་ཐོག་མར་དར་བའི་ཚུལ། བར་དུ་འཛིན་ཞིང་སྤེལ་བའི་ཚུལ། མཐའ་མར་དུས་འགྱུར་གྱི་འཇིག་པ་ལན་དུ་མར་ཕྲད་ནས་ཉམ་ཉེས་ཐེབས་པའི་ཚུལ་སོགས་ལ་ས་འོག་ནས་ཐོན་པའི་གནའ་རྫས་བརྟག་ཞིབ་ཀྱི་ཡིག་ཆ་དང་། དུས་རབས་བཅུ་པ་སྔོན་གྱི་ཏུན་ཧོང་ཤོག་དྲིལ། དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་བོན་བན་རིས་སུ་མ་ཆད་པའི་ལོ་རྒྱུས་ཡིག་ཚང་རྙིང་པ། དེང་གི་རིག་གཞུང་ཞིབ་འཇུག་པའི་གཟུར་གནས་དཔྱད་རྩོམ་ཚད་ལྡན་བཅས་ལ་ཁུངས་བཅོལ། ད་ལྟར་འཛམ་གླིང་གཙུག་ལག་སློབ་ཆེན་དང་ཚན་རིག་ཞིབ་འཇུག་སྡེ་ཁག་གི་སྤྱི་མཐུན་གྱིས་བེད་སྤྱོད་བཏང་དང་གཏོང་མུས་སུ་ཡོད་པའི་མིའི་རིགས་ཀྱི་རིག་པ་དང་། ཆོས་ལུགས་རིག་པ། མི་རིགས་རིག་པ། ཡིག་ཚང་རིག་པ། གནའ་ཤུལ་རྟོག་ཞིབ་རིག་པ་སོགས་ཀྱི་ཞིབ་འཇུག་རིགས་ལམ་བེད་སྤྱོད་བཏང་ནས་བདེན་པའི་ཞལ་ལ་རྫུན་མའི་སེང་རས་ཀྱིས་མི་གཡོགས་པར་ཐད་ཀར་ལྟ་བཟོད་པའི་སྤོབས་པ་དང་བཅས་བརྟག་ཞིབ་བྱས་ཁུལ་ཡིན། འདིས་རང་རེ་གཞོན་སྐྱེས་བློ་མིག་དྲང་ཞིང་ཐུགས་རྒྱ་ཡངས་པ་རྣམས་མི་རིགས་ཤིག་གི་མེས་པོའི་བགྲོད་ལམ་དང་། རིག་པའི་དཔལ་ཡོན་བསུས་པའི་གོ་རིམ། ཐུན་མོང་གི་བསམ་བློའི་འདུ་ཤེས་གྲུབ་པའི་རྒྱུ་རྐྱེན། ཐུང་མོང་གི་སྐད་ཡིག་དང་འཚོ་བར་རོལ་སྟངས་བྱུང་བའི་རིམ་པ་སོགས་ལ་བསམ་ཞིབ་གནང་བའི་ཚེ། བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་འབྱེད་བྱེད་དུ་འགྱུར་ངེས་སྙམ་སྟེ། རང་གི་སེམས་ཕུགས་ན་འཆང་བའི་རེ་སྨོན་འདི་ཇི་བཞིན་དོན་འབྲས་སྨིན་པར་ཤོག་ཅིག་གུ། བོད་རབ་རྒྱན་མེ་བྱ་ལོར་རྒྱ་ནག་ལྷོ་ནུབ་ཁྲིན་ཏུའུ་གྲོང་དུ་མཇུག་རྫོགས་པར་དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།