《གནའ་རབས་བོད་ཀྱི་ཕྱག་རྒྱུན་རྩལ་ཆེན་ཁྱུང་གི་སྨྱུག་འགྲོས》ཞེས་པ་པར་དུ་བསྐྲུན་པ།
[ཟླ་ཚེས། 2018-12-08 23:34:17][རྩོམ་པ་པོ། ཆུང་རྒྱུད་ཚེ་དབང་མཐར་ཕྱིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བསྐལ་བ་ཡ་ཐོག་གདོད་མའི་གདོད་མ་རུ།།
དཔའ་བོ་འབྲུ་ལྔ་ལས་བྱུང་ཡི་གེའི་གཟུགས།།
འཕྲུལ་ཆེན་བཞི་བཅུ་གཉེར་དུ་གཏད་མཛད་པའི།།
སངས་རྒྱས་སེམས་དཔའི་ཚོགས་ལ་གུས་པས་འདུད།།
སྔ་དར་བཟོ་མཁས་གར་མ་ལི་ཤོ་དང་།།
གཏེར་སྟོན་སྤྲུལ་སྐུ་བློ་ལྡན་སྙིང་པོའི་མཚན།།
ཁྱུང་པོ་གཡུ་ཁྲི་འབར་གྱི་སོར་རྒྱུན་སོགས།།
མ་མཉམ་སྲིད་རྩེར་འཕྱོ་བ་སྤྲོ་བས་བལྟས།།
མདོ་དབུས་མཐོ་སྒང་དུ་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ཁྱབ་ཁོངས་སུ་མ་འདུས་པའི་བོད་ཀྱི་སྤྱི་འགྲོས་རིག་གནས་ཤིག་མེད་ཟེར་ན་མི་ཆོག་རྒྱུ་མེད་པ་ལྟ་བུ་ཞིག་སྣང་། ལྷག་པར་དུ་བོད་ཀྱི་བཟོ་རིག་པ་ནི་གནའ་དེང་གི་སྒྱུ་རྩལ་རིག་གནས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་བོད་ཀྱི་རིག་གནས་འགངས་ཆེན་ཞིག་ཏུ་ཆགས། ལྷག་པར་དུ་ཡིག་གཟུགས་སྒྱུ་རྩལ་ནི་བོད་ཀྱི་གདོད་མ་ནས་རིག་གནས་ཀུན་གྱི་སྲོག་ཤིང་ལྟ་བུ་ཡིན་པར། སྔོན་བསྐལ་བ་རྫོགས་ལྡན་གི་དུས་སུ་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སྟོན་པ་གཤེན་རབ་དང་སངས་པོ་འབུམ་ཁྲི་གཉིས་ཀྱི་ཐབས་ཤེས་ཟུང་དུ་འབྲེལ་ཏེ་གཤེན་གྱི་ལོ་མཛོད་བཅུ་གཉིས་ཀྱི་སྐབས་སུ་དག་པ་ལྷའི་ཡི་གེས་འཕྲིན་ལས་མཛད་པར་གྲགས། དེ་ནས་དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་ཏེ་སྟོན་པའི་གཏོ་སྒྲོམ་མེ་ལ་བསྲེགས་ནའང་། “དཔའ་བོ་འབྲུ་ལྔ་མ་ཚིག་ན། ཡིག་འབྲུ་ཁྲི་འབུམ་བཟོད་ཙམ་རྒྱུ།”ཅེས་སྟོན་པས་ཞལ་ནས་གསུངས་པ་བཞིན། དཔེར་ན་མདོ་སྡེ་དང་རྒྱུད་སྡེ་འབུམ་སྡེ་ལ་སོགས་རྒྱལ་བའི་བཀའ་དང་བཀའ་བརྟེན་གང་ཡོད་པ་དེ་དག་འབྲི་བ་ཡི་གེའི་གཟུགས་སུ་བཀོད་ནས་མི་རབས་ནས་མི་རབས་བརྒྱུད་དེ་སྟོན་པ་གཤེན་རབ་ཀྱི་སྐུ་དུས་ནས་ད་ལྟའི་བར་དུ་རིམ་པར་བརྒྱུད་པའི་ནང་བསྟན་གྱི་གཞུང་ལུགས་གྱུར་ཅོག་ཡོད་པ་འདི་དག་གོ། དེ་དང་དེ་མཚུངས་སུ་སྟོན་པ་གཤེན་རབ་ལ་ཞལ་མཇལ་མྱོང་བར་གྲགས་པའི་བཟོ་རྒྱལ་གར་མ་ལི་ཤོ་ལ་སྟོན་པས་ཡིག་བྲིས་གཉེར་གཏད་བྱས་ཏེ་རིམ་པར་བརྒྱུད་པའི་ཡིག་སྣ་མང་པོ་ལས་ཁྱུང་པོ་གཡུ་ཁྲིའི་ལུགས་ཀྱི་དབུ་ཅན་དང་། མ་ནིའི་ཁམས་ཀྱི་འབྲུ་མའི་ཡིག་གཟུགས་འདི་གཉིས་ལ་ཡོངས་གྲགས་སུ་ཁྱུང་བྲིས་ཅེས་འབོད་སྲོལ་ཡོད་པ་ནི། ཁྱུང་པོའི་ཡུལ་གྲུ་ཀུན་ཏུ་ཡི་གེ་འདི་གཉིས་ལ་དོ་སྣང་ཆེན་པོ་བྱས་ཏེ་བྲིས་རྒྱུན་མ་ཆད་པར་དུས་ད་ལྟའི་བར་དུ་རུས་དང་ཁྱིམ་རྒྱུད་ཀྱིས་བཟུངས་ཡོད་པའི་འབྲས་བུ་ཉག་གཅིག་གོ། རེབ་འདིར་ཆུང་རྒྱུད་ཚང་གི་བྲིས་རྒྱུན་འཛིན་པའི་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་དང་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་གཉིས་ཀྱིས་བརྩམས་གནང་མཛད་པའི《གནའ་རབས་བོད་ཀྱི་ཕྱག་རྒྱུན་རྩལ་ཆེན་ཁྱུང་གི་སྨྱུག་འགྲོས》ཅེས་པའི་དེབ་གཟུགས་འདིའི་ནང་དུ་དག་པ་ལྷའི་ཡི་གེ། སྟག་གཟིགས་ཀྱི་ཡི་གེ་སྤུངས་སོ་ཆེ་ཆུང་གཉིས། ཞང་ཞུང་གི་ཡི་གེ་སྨར་ཆེ་ཆུང་གཉིས། ལྷ་བབ་ཡི་གེ། གཟི་ཡིག དབུ་ཅན་དང་འབྲུ་མ་ལ་སོགས་ཡོད་པའི་ཡིག་གཟུགས་དཔེ་དེབ་འདི་ནི། བོད་ཀྱི་མི་རིགས་ལ་དགའ་ཞིང་རིག་གནས་ལ་དུང་བའི་སྤུན་ཟླ་ཡོངས་ལ་ལེགས་སྐྱེས་ཞིག་གི་ཚབ་ཏུ་ད་ལོ་གསར་དུ་པར་བསྐྲུན་བྱས་ཡོད། དེ་དང་དེར་བསྟེན་དཔེ་དེབ་འདི་ལ་སྤྱི་མགོན་རྒྱལ་བ་གཤེན་སྲས་རིན་པོ་ཆེ་དང་། སྨན་རིའི་དཔོན་སློབ་རིན་པོ་ཆེ། གཡུང་དྲུང་གླིང་གི་མཁན་ཆེན། སྣང་ཞིག་སྐྱབས་མགོན་རིན་པོ་ཆེ། གཡུང་དྲུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་སོགས་བོན་གྱི་གཙོ་བོའི་བླ་ཆེན་རྣམས་དང་། མཁས་དབང་སྟོང་སྐོར་ཚེ་རིང་ཐར་དང་། མཁས་དབང་ཐུབ་བསྟན་ཕུན་ཚོགས། པེ་ཅིང་སློབ་ཆེན་གྱི་དགེ་རྒན་གངས་མཚོ་སོགས་མཁས་དབང་རྣམས་ཀྱིས་ཤིས་ཚིག་དང་བསྟོད་བསྔགས་མང་ཙམ་གནང་། ཁྱད་ནོར་རིག་གནས་ཀུན་གྱི་གཞི་མ་འདིས་གནའ་རབས་ཞང་བོད་ཀྱི་སྲོལ་རྒྱུན་རིག་གནས་མ་མཉམ་སླར་གསོ་བྱས་ཤིང་། དེང་རབས་རིག་གནས་ཀྱི་མཛེས་པ་དང་སྒྱུ་རྩལ་མངོན་དུ་དོད་ཡོད། མཐར་གྲོགས་ཀྱི་ཡིག་གཟུགས་དཔེ་དེབ་འདི་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་ཏུ་ཕྱག་ལས་མངོན་པར་མཐོ་བའི་སྨོན་ལམ་དང་བཅས་བསྐུལ་ངོ་མ་ལྡོག་ཙམ་དུ།
སྤྱི་ལོ༢༠༡༨ཟླ༡༢ཚེས༦ལ་བློན་ཚང་བསྟན་ཁོས་སྣང་ཞིག་དགོན་ཆེན་ནས་བྲིས།