《གནའ་བོའི་གཉའ་གླུའི་ཡིག་ཆ་ཕྱོགས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2018-09-01 12:08:23][རྩོམ་པ་པོ། ཚུལ་ཁྲིམས་ཕུན་ཚོགས་][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཉའ་རབས་གླུ་གཞུང་གི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་བའི་གླེང་གཞི་མདོར་བསྡུས།
དང་པོ་ལོ་རྒྱུས་ཀྱི་ཁོག་དབུབ་པ་ནི། གཞུང་གང་ཞིག་ཡིན་རུང་ལོ་རྒྱུས་ཀྱི་ཁོག་དབུབ་དགོས་པ་ནང་བཞིན་འདིར་<<སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ།>>དང་<<དབུ་ནག་མིའུ་འདྲ་ཆགས>>ཞེས་པའི་དཔེ་ཆ་གཉིས་པོ་གཙུག་ལག་མི་ཆོས་ཀྱི་གཞུང་ངམ་རྒྱུད་དུ་གཏོགས་པ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་དང་འདྲ་པོ་འདུག་པས། ལོ་རྒྱུས་ཀྱི་ཁོག་དབུབ་ནི་དབུ་ནག་མི་བུ་འདྲ་ཆགས་ཀྱི་ལོ་རྒྱུས་ཁོག་དབུབ་ལས་དྲངས་ནས་བཤད་དེ། ཇི་སྐད་དུ། ཡིག་ཚང་བཤད་པ་ལ། ལོ་རྒྱུས་རྣམས་སྒྲ་ཕྱི་ཁོག་དབུབ་དགོས་ཏེ། གཡུང་དྲུང་བོན་གྱི་ལོ་རྒྱུས། རྒྱལ་པོ་ཁྲིམས་ཀྱི་ལོ་རྒྱུས། རང་རང་སྒོས་ཀྱི་ལོ་རྒྱུས་དང་གསུམ་སྟེ། གཡུང་དྲུང་གི་བོན་རིན་པོ་ཆེ་འདི། དང་པོ་བྱུང་བའི་ཕུག་བཙུན། བར་དུ་འཇུག་པའི་ལམ་བཟང་། ཐ་མར་སྒྲུབ་པའི་དོན་ཆེ་སྟེ། དེ་ཡང་དང་པོ་བྱུང་བའི་ཕུག་ནི། སྟོང་ཞིང་བདག་མེད་པ་ལས་བྱུང་། བར་དུ་འཇུག་པའི་ལམ་ནི། ཕ་རོལ་ཕྱིན་པ་བཅུ་སྤྱོད། ཐ་མར་གྲུབ་པའི་འབྲས་བུ་ནི། བོན་ཉིད་ཀྱི་དབྱིངས་སུ་མངོན་སངས་རྒྱས་པའོ། རྒྱལ་པོ་ཁྲིམས་ཀྱི་ལོ་རྒྱུས་ནི། དང་པོ་བྱུང་བའི་ཕུག་བཙུན། བར་དུ་བརྟེན་པའི་གནས་བཟང་། ཐ་མར་བསག་པའི་དོན་ཆེ་སྟེ། དང་པོ་བྱུང་བའི་ཕུག་ནི། རྒྱལ་རིགས་དྲ་མ་ཆེན་པོ་ལས་བྱུང་། བར་དུ་བརྟེན་པའི་གནས་ནི། རྒྱལ་པོའི་ཁྲིམས་ལ་བརྟེན་པས། རྒྱལ་ཁམས་བདེ་ལ་བཀོད། ཐ་མར་བསོག་པའི་དོན་ནི། བསོད་ནམས་བསགས་པའི་འབྲས་བུ་སྨིན་ཏེ། དགེ་བའི་དེད་དཔོན་ཆེན་པོ་གྱུར་པ་ལགས། ད་རང་རང་སྒོས་ཀྱི་ལོ་རྒྱུས་གང་ཞེ་ན། རང་རེ་དབུ་ནག་གི་མི་ཞེས་པ་འདི། དང་པོ་བྱུང་བའི་ཕུག་བཙུན་སྟེ། འོད་གསལ་ལྷའི་གདུང་ལས་གྲོལ། བར་དུ་སྲིད་པའི་བརྒྱུད་འཕེལ་སྟེ། ཕྱྭ་དམུ་གཙུག་གསུམ་གཉན་དང་བཞི། ཡེ་ངམ་གཉིས་དང་དྲུག་དུ་སྲིད། ཐ་མར་བཅད་པའི་ས་བཟང་སྟེ། དབུ་ནག་མིའུ་གདུང་དྲུག་ལ། ཁ་ཁར་རྩིས་ན་སོ་སོར་ཆེ། བྱས་པ་སྟོང་(མ)ཀུན་ལ་ཡོད། བོད་ལ་ཡིག་ཚང་བདུན་ཡོད་པ། ཞེས་གསུངས་པར་འདི་ལོ་རྒྱུས་ཁོག་དབུབ་ཀྱི་ས་བཅད་མ་སྟོང་ཙམ་དུ་བྲིས་པ་ཡིན།
གཉིས་པ་རྩིས་འགོ་རྣམ་པ་ལྔ་ཡི་སྒོ་ནས་གཏན་ལ་དབབ་པ་ནི། འདིར་བཤད་བྱ་སྐབས་སུ་བབས་པ་ནི་གཙུག་ལག་གམ་སྐྱེ་བོ་མི་ཆོས་ཀྱི་རིག་གནས་ཀྱི་གཞུང་ལུགས་ཀྱི་སྐོར་ཡིན་པས། བཀའ་དང་བཀའ་བསྟེན་དག་ལ་ཕུན་སུམ་ཚོགས་པ་ལྔའམ་རྩིས་འགོ་རྣམ་པ་བདུན་གྱི་སྒོ་ནས་འཆད་སྲོལ་ཡོད་པ་ནང་བཞིན། འདིར་གཙུག་ལག་མི་ཆོས་ཀྱི་གཞུང་ལུགས་གང་ལ་ཡང་རྩིས་འགོ་རྣམ་པ་ལྔ་ཡི་སྒོ་ནས་འཆད་སྲོལ་བྱུང་ཡོད་པར་འདུག་སྟེ། དབུ་ནག་མིའུ་འདྲ་ཆགས་ལས། ཡིག་ཚང་དེ་རྣམས་སློབ་དཔོན་གང་གིས་མཛད་པ་དང་གཅིག དོན་ཆེད་ཅིའི་ཕྱིར་དུ་མཛད་པ་དང་གཉིས། ཕྱོགས་གར་གཏོགས་པ་དང་གསུམ། རྒྱུད་གང་ལ་བཏུས་པ་དང་བཞི། དབུ་ཞབས་སུ་དོན་བསྡུས་པ་ལྔའོ། ཞེས་གསུངས་པས། འདིར་གཉའ་རབས་གླུ་གཞུང་ལ་དེ་ལྟར་རྩིས་འགོ་ལྔ་ཡི་སྒོ་ནས་གཏན་ལ་འབེབ་ཅིང་གླེང་བར་བྱས་ཏེ།
དང་པོ་གཉའ་རབས་གླུ་གཞུང་གི་མཛད་པ་པོ་ནི། དབུ་ལྡེབ་ལས། དོག་ལྷ་མགོན་པོའི་གསུང་ཁྲུལ་མེད། ཅེས་དང་ཡང་གཞུང་ལས། སྟོན་པ་བཤེན་རབས་མེ་མོ་བྱ་ལོ་ལ་བྱོན། དོག་ལྷ་མགོན་པོ་བསྟན་པ་བར་མ་ལ་བྱོན། སྲིད་པའི་གཞུང་སྟག་གི་ལོ་ལ་གསུངས། ཞེས་གསུངས་པར་གཞིག་ནས་གཉའ་རབས་གླུ་གཞུང་འདིའི་མཛད་པ་པོའམ་གསུངས་མཁན་ནི་དོག་ལྷ་མགོན་པོ་ཡིན་པའི་ཚུལ་གསལ་བར་གསུངས་པ་དང་། དོག་ལྷ་མགོན་པོ་ཞེས་པ་ནི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ཞིང་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་ས་བླ་མགོན་བུའམ་དོག་ལྷ་མགོན་བུའམ་དོག་ལྷ་(ས་བླའམ་མགོན་ཤེས་ལྷ་བོན)བོན་པོ་ཞེས་མིང་འབྲི་སྟངས་མི་འདྲ་འགའ་ཞིག་འདུག་པར་འདི་ནི་དེ་དང་གཅིག་པ་ཡིན་པའི་ངོས་འཛིན་བྱས་ན་ཆོག་སྙམ། རྒྱུ་མཚན་ནི་གཉའ་རབས་གླུ་གཞུང་འདི་ཡི་ནང་ནས་དམུ་ཡི་རྗེ་རྒྱལ་ཞེས་དང་ཡེ་དང་སྐོས་ཆ་(ཕྱྭ)དང་རྨུ་རུ་གཉེན། ཞེས་པའིབཤད་སྲོལ་ལྟར་ན་ཡེ་གེ་ལྷ་གྱེས་ཅན་ནམ་སྟོད་ལྷ་རབས་ཅན་སོགས་གོང་གི་མི་སྣ་དང་འབྲེལ་བའི་ལོ་རྒྱུས་ཡིག་རྙིང་ཁག་གི་བཤད་ཚུལ་དང་འདྲ་པོ་འདུག་པས་སོ། ཁོང་བྱོན་པའི་དུས་ཚིགས་ནི་བོན་གྱི་ལོ་རྒྱུས་ཁག་གི་ནང་དུ་བཤད་སྲོལ་ལྟར་ན། སྟོན་པ་གཤེན་རབ་མི་བོའི་སྐུ་ཚེ་གང་བོའི་རིང་དུ་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་བ་དང་། ཡང་ན་ཁོང་གིས་བསྟན་པའི་གནས་ཚད་ནི་སྐུ་གསུང་ཐུགས་ཀྱི་བསྟན་པ་རིམ་བཞིན་འབྱུང་བའི་ཚུལ་དབྱེ་རྒྱུ་ཡོད་པས། འདིར་བསྟན་པ་བར་མ་བྱོན་ཞེས་པའི་ཚིག་འདི་ལ་ལྟས་ནས་བཀའ་འཁོར་བར་པའི་སྐབས་སུ་ཡིན་པའི་བཟོ་ཞིག་འདུག་ཀྱང་། དོག་ལྷ་མགོན་པོའམ་ས་བླ་མགོན་བུ་ནི་རྗེ་གཉའ་ཁྲི་བཙན་པོའི་སྤུན་མཆེད་དམ་གཉེན་ཉེ་ཡིན་པའི་ལོ་རྒྱུས་ཡོད་པ་་གཤམ་གསལ་ལྟར་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ས་བླ་བོན་པོ་ལ་སོགས་ཤེས་པ་ཅན་བཅུ་གཉིས་ཀྱིས། ཞེས་གསུངས་པས་སྤུ་རྒྱལ་གཉའ་ཁྲི་བཙན་པོ་གདན་འདྲེན་གནང་མཁན་གྱི་མི་སྣ་ཤེས་པ་བཅུ་གཉིས་ཀྱི་ཡ་གྱལ་ས་བླ་བོན་པོ(མགོན་ཤེས་ལྷ་བོན་)ཞེས་ཡོད་པར་གསུངས། དེ་ལྟར་བསྟན་པ་བར་མ་བྱོན་ཞེས་གསུངས་པ་དེ་དོན་དངོས་སུ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ནི་སྟོན་པ་གཤེན་རབ་ཀྱིས་གསུང་གི་བསྟན་པའི་སྐབས་སུ་བྱོན་པའི་ལོ་རྒྱུས་ཡོད་པས་དེ་ལྟར་འཐད་སྙམ། དེའང་དོག་ལྷ་མགོན་པོའམ་ས་བླ་མགོན་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་འབྲེལ་བའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཁག་ལས་འཁོད་པ་འགའ་ཞིག་ལུང་འདྲེན་བྱས་ན། ལྡེའུ་རྒྱ་བོད་ཆོས་འབྱུང་ལས། གཅེན་ཡབ་ལྷ་བརྡལ་དྲུག་དེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད། མཐོ་ལ་ཡོགས་ཀྱི་མངའ་བདག སྨ<དམའ>བྱིངས་ཀྱི་རྒྱན་རྐྱེན། ཟ་མ་ཕུད་ཀྱི་མངའ་བདག་གོ། དེ་དང་ཡུམ་རྨུ་བཙུན་གྲི་སྨན་དུ་བཤོས་པའི་སྲས། ལྕམ་སྲིང་བརྒྱད་ལ། ཡར་གྱི་གཅེན་གསུམ། རོང་རོང་རྩོལ་པོ། ཁྲི་རྒ་སྟག་གཟིགས། ཐན་ཚོ་ཟོ་འབྲང་ངོ། མར་གྱི་གཅུང་གསུམ་ལ་ལྷེ་རྗེ་གུང་རྩན། ལྷེ་རྗེ་ཐོག་རྩན། ལྷེ་རྗེ་ཟིན་གདགས་སོ། ཁྲི་བར་གྱི་བདུན་ཚིགས་དང་བདུན་ནོ། སྲིང་མོ་ཐ་ང་ལྷ་མོ་དང་བརྒྱད་དོ། ཞེས་དང་། ལྷེ་རྗེ་ཟིན་བདགས་དང་གསལ་འཇོན་མ་བཤོས་པའི་སྲས། ཞིང་ལྷ་ཚངས་པ། ཆུ་ལྷ་བྱང་ཡུག དོག་ལྷ་མོན་(མགོན)བུ། ཀ་ཡ་རྩན་པོའི་ནང་ལྷ། མུ་ཡ་བཙན་མོའི་ནང་ལྷ། ཚེས་ལྷ་སྨང་པོའི་བུ་ལྷའོ། དེ་ལྟར་དྲུག་གི་དཔོན་གྱི་སྐབས་ན་སྦལ་དྲུག་ཏུ་འདྲེན་ནོ། ཞེས་དང་། བར་གྱི་བདུན་ཚིགས་ཏེ་རྨུ་ཡུལ་[དུ]བཤུགས་ཏེ་སྲས་ནི་གཉའ་ཁྲི་གར་<བར>གྱི་བདུན་ཏེ། ཞེས་དང་། ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལས། ཕུ་མོ་དྲེ་རྨུ་དྲེ་བཙན་མོ་དང་ཁྲི་ན་གར(བར)གྱི་བདུན་ཚིག་བཤོས་པའི་སྲས་དེས་ཡུམ་གྱི་ལྷུམས་ནས་གསོལ་པ། ཀྱེ་ཡུམ་གཅིག་ཡར་གཤེགས་ན་ནི་ཡུམ་གྲོངས་འགྲོ། མར་གཤེགས་ན་ནི་སྲས་མནོལ་བས་སྒལ་པའི་མཁར་གཅིག་དབྱེ་བར་གསོལ་བྱས་ནས། སོག་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས། མཚན་ཡང་གཉའ་ཁྲི་བཙན་པོར་བཏགས་སོ། འབྲིང་མོ་དྲེ་བཙུན་མོ་དང་མི་བོན་ལྷ་བོན་དང་རྒྱ་འབྲོང་ཏམ་ཆེན་པོ་བཤོས་པའི་སྲས་འཆི་མེད་གཤེན་གྱི་རྨུ་རྒྱལ་ཚ་དང་། ཅེའུ་གཤེན་གྱི་ཕྱག་དཀར་ཚ་གཉིས་སོ། ཐ་ཆུང་དྲེ་རྨུ་དྲེ་དང་། སྟངས་ས་བླ་མགོན་བུ་བཤོས་པའི་སྲས་ཀྱིས་ཀྱང་ཡུམ་གྱི་ལྷུམས་ནས་གསོལ་པ། ཡར་འགྲོར་ཡུམ་འགྲོངས། མར་འགྲོར་སྲས་གཙོགས་པས་རྩིབ་མའི་གོ་བར་དབྱེ་བར་གསོལ་བྱས་པས། རྩིབ་མའི་གོ་བར་ནས་བལྟམས་པས་མཚན་ཡང་རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེར་བཏགས་སོ། ཞེས་སོགས་གསུངས། དེ་ལྟར་དོག་ལྷ་མགོན་པོའམ་ས་བླ་མགོན་བུའི་སྐོར་ལ་ཞིབ་ཕྲའི་ལོ་རྒྱུས་དང་མཛད་རྗེས་ཀྱི་སྐོར་ཁ་གསལ་ཞིག་འཁོད་པ་མ་མཐོང་མོད། ལོ་རྒྱུས་ཀྱི་ཡིག་རྙིང་ཁག་ལས་འདིའི་མཚན་དང་ལོ་རྒྱུས་ཐར་ཐོར་གང་སར་བཞུགས་འདུག་པར་ཡོད་ཚད་ལུང་དུ་དྲངས་ནས་ཡིག་ཚོགས་མང་བར་དོག་ཅིང་དོན་མདོར་བསྡུས་ཏེ་བཤད་ན། དོག་ལྷ་མགོན་པོའམ་ས་བླ་མགོན་བུ་ཞེས་མིང་གི་རྣམ་གྲངས་ཡིན་པ་ནི། ལྡེའུ་རྒྱ་བོད་ཆོས་འབྱུང་ལས། དོག་ལྷ་མོན་(མགོན)བུ་ཞེས་དང་སྟངས་ས་བླ་མགོན་བུ་ཞེས་སོགས་གསུངས་པ་དང་། འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། ས་བླ་མགོན་བུ་དང་རྒྱལ་བུ་འཐིང་གེ་གཉིས་པོ་མི་གཅིག་ཡིན་པ་དང་དེ་དང་གཉའ་ཁྲི་བཙན་པོ་གཉིས་པོ་བུ་སྤུན་ཡིན་ཚུལ་བཤད་ཅིང་ལོ་རྒྱུས་འདི་ཡི་རིགས་ཕྱོགས་ཙམ་འདྲ་བར་འདུག་ཅིང་། བཤད་སྲོལ་འདི་ཡི་རིགས་སྲིད་པ་གྲོལ་ཁུངས་ནི་ཡི་གེ་ལྷ་གྱེས་ཅན་ནམ་སྟོད་ལྷ་རབས་ཀྱི་བཤད་སྲོལ་གྱི་རིགས་ཡིན། དེའང་ཡབ་སྲིད་པ་སངས་པོ་འབུམ་ཁྲིའམ་ཁྲི་རྒྱལ་ཁུག་པ་དང་ཡུམ་ཆུ་ལྕམ་རྒྱལ་མོ་དང་གཉིས་ལས་གྲོལ་བའི་སྲིད་པ་ཡོད་ཀྱི་ཁ་འཛིན་ཏེ། ལྷ་དང་མི་ཡི་མྱེས་པོ་ཕྱྭ་དམུ་གཙུག་གསུམ་གྱེས་པ་དང་དེ་ཚོ་ནི་ཞང་ཞུང་ངམ་མཐོ་སྒང་གངས་ཅན་བསིམ་མོའི་ལྗོངས་ཀྱི་ཐོག་མའི་རྒྱལ་བརྒྱུད་ཀྱི་རིགས་ཡིན། དེ་ནས་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་བརྒྱུད་པ་ཡར་གྱི་གཅེན་གསུམ་ནི་རོང་རོང་རྩོལ་པོ་དང་། ཁྲི་ཁ་སྟག་གཟིག ཐན་ཚོ་ཟོ་འབྲང་ངོ། མར་གྱི་གཅུང་གསུམ་ནི་ལྷེ་རྗེ་གུང་བཙན། ལྷེ་རྗེ་ཐོག་བཙན། ལྷེ་རྗེ་ཟིན་གདགས། ཁྲི་བར་བདུན་ཚིགས་བཅས་བུ་སྤུན་བདུན་དང་སྲིང་མོ་ཐང་ང་ལྷ་མོ་བཅས་མིང་སྲིང་བརྒྱད་ཡོད་པའི་ནང་ནས་ཐ་ཆུང་ལྷེ་རྗེ་ཟིན་བདགས་དང་གསལ་མཇོན་མ་གཉིས་ཀྱིས་སྲས་དྲུག་ཡོད་པའི་ནང་ནས་དོག་ལྷ་མགོན་བུ་ནི་སྲས་གསུམ་པ་དེ་ཡིན་པ་དང་། ཞང་དམུ་ཡུལ་གྱི་ཐང་ཐང་ལ་སྲས་མོ་མཆེད་གསུམ་ཡོད་ཅིང་ཕུ་མོའམ་གཅེན་མོ་དྲེ་དམུ་དྲེ་བཙན་མོ་དང་ཁྲི་བར་བདུན་ཚིགས་ཀྱིས་སྲས་སུ་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན་པ་དང་། དམུ་ཟ་འབྲིང་མོ་དྲེ་བཙུན་རྨུག་མོ་དང་། མི་བོན་ལྷ་བོན་རྒྱ་འབྲོང་ཏམ་ཆེན་པོ་གཉིས་ཀྱི་སྲས་སུ་མཚེ་མི་དམུ་རྒྱལ་ཚ་དང་། གཅོའུ་ཕྱ་དཀར་གཉིས། དམུ་ཟ་ཐ་ཆུང་དྲེ་དམུ་དྲེ་དང་སྟངས་ས་བླ་མགོན་བུའམ་དོག་ལྷ་མགོན་བུ་གཉིས་ཀྱི་སྲས་རྩིབ་ཀྱི་ལྷ་སྐར་མ་ཡོ་ལྡེར་ཡིན་པར་བཤད་པས། ཁོ་ཚོ་ཚང་མ་སྤུན་ནམ་གཉེན་ཚན་ཤ་དག་ཡིན་པར་འདུག་ཅིང་། མ་ཟད་གཉའ་ཁྲི་བཙན་པོ་ཞང་པོ་དམུ་ཡི་ཡུལ་ངམ་འབྲང་ལྕང་འབྲང་ངམ་དམུ་ཡི་རྗེ་རྒྱལ་གྱི་ཡུལ་སྟེ་ཞང་ཞུང་གི་ཡུལ་ནས། བོད་ཁམས་གཡག་དྲུག་གམ་ལ་ག་གླིང་དོག་ས་མ་གི་ཞེས་བོད་དབུས་གཙང་རུ་བཞི་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྲིད་མ་ཐེག་པར། སྤུ་རྒྱལ་གཉའ་ཁྲི་བཙན་པོ་སྤྱན་འདྲེན་པའི་སྐབས་སུ་ས་བླ་མགོན་བུའི་སྲས་རྩིབ་ཀྱི་སྐར་མ་ཡོལ་ལྡེའི་སྐོར་ལྡེའུ་རྒྱ་བོད་ཆོས་འབྱུང་ལས་གསུངས་པ་འདི་ལྟར་ཏེ། ཀ་ཡེ་བོད་འབངས་ཕ་དགུ་སུས་ཀྱང་སྤྱན་འདྲོང་སྟེ། ས་བླ་མགོན་བུའི་སྲས་རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེ་ལ་ཞུས་དང་ཟེར་ནས། དེ་ལ་ཞུས་པས། རྩིབས་ཀྱི་ལྷ་སྐར་མ་ཡོལ་ལྡེས་རྗེ་གཉའ་ཁྲི་བཙན་པོ་ལ་ཞུས་པ། ཀྱེ་རྗེ་གཉའ་ཁྲི་བཙན་པོ་ལགས། ཡུལ་ལ་ག་གླིང་དོག་ས་མ་གི་ན། བོད་འབངས་ཕ་དགུ་ལ་ཡུལ་ན་ནི་རྗེ་མི་བཞུགས། ཁ་ཐོགས་ཀུན་ནི་རྗེ། གནམ་ལ་གཡག་གམ་མ་མཆིས་རུ་རིང་ཀུན་ཀྱང་གཡག དོག་ལ་ཆབ་མ་མཆིས། སྦུར་དང་ལོང་ངེ་ལོང་། རྟ་ལ་རྐྱེན་མ་མཆིས་ངམ་གྲོག་ཆོད་དེ་ཆོད། མི་རྗེ་མེད་ཀྱི་རྗེར་གཤེགས། གཡག་བདག་མེད་ཀྱི་བདག་ཏུ་གཤེགས། དུད་རྐྱེན་མེད་ཀྱི་རྐྱེན་དུ་གཤེགས་ཞུས་པས། རྗེ་གཉའ་ཁྲི་བཙན་པོའི་ཞལ་ནས། ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད། དུག་ཡོད། སྡང་ཡོད། དགྲ་ཡོད། གདོན་ཡོད། རྫུན་ཡོད། སྲི་ཡོད། ཅན་ཡོད། བྱད་ལྟེམས་ཡོད། གཡོ་ཡོད། ང་མི་འགྲོ་གསུངས་མ་གནང་ངོ། ཡང་བསྐྱར་ཏེ་ཞུས་པ། རྐུ་ལ་ལན་མཆིས། སྡང་ལ་བྱམས་མཆིས། དུག་ལ་སྨན་མཆིས། བྱད་ལྟེམས་ལ་བསྒྲལ་ཐབས་མཆིས། གཡོ་ལ་དྲང་མཆིས། གཡག་ལ་ནི་མཚོན་མཆིས། འོ་སྐོལ་གཉིས་ཀྱང་མིའུ་ཉེ། ཤིང་སེ་བ་བཞེན། ཤ་རུས་ཐོགས་ཞིམ། གོས་གཡང་བལ་དྲོ། མི་རྗེ་མེད་ཀྱི་རྗེ་དང་གཡག་བདག་མེད་ཀྱི་བདག་ཏུ་ཅིས་ཀྱང་གཤེགས་འཚལ་ཞུས་པས། གནང་ནས་ཡབ་ཀྱིས་དཀོར་བྱིན་པ། སྐུ་ལ་རི་རྫི་མགོན་བུ། ལྷ་སྟག་གཡག་གསེར་གྱི་ལྷ་སྲས་དང་བཅས་པ། སྐུ་སྲུང་ལྷེའུ་རིན་ཆེན་བདུན། ལྷེ་གླང་རུ་དཀར་དང་བཅས་པ་གནང་ངོ། ཞེས་གསུངས་པ་དང་ད་དུང་མཚེ་མི་དམུ་རྒྱལ་ཚ་དང་། གཅོའུ་ཕྱ་དཀར་གཉིས་ནི་གཉའ་ཁྲི་བཙན་པོའི་སྐུ་གཤེན་ཡིན་པས། མདོར་ན་རྗེ་གཉའ་ཁྲི་བཙན་པོ་ཞང་ཞུང་གི་ཡུལ་ནས་མར་ཕེབས་སྐབས་སུ་ཁོང་གི་གཉེན་ཚན་གཙོ་བོ་བྱས་པའི་འཁོར་དང་བཅས་པ་མཉམ་དུ་དབུས་གཙང་གི་ཡུལ་དུ་ཕེབས་ཡོད་པའི་ཚུལ་ནི་དེ་ལྟར་གསལ་བོར་བསྟན། སྤྱིར་བོད་ཀྱི་ལོ་རྒྱུས་ཁག་ཏུ་གཉའ་ཁྲི་བཙན་པོའི་གདུང་ཁུངས་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཅིང་། ལྡེའུ་རྒྱ་བོད་ཆོས་འབྱུང་ལས་གསུངས་པ་འདི་ཡི་ཁུངས་ནི་ཡི་གེའམ་ཡོ་ག་ལྷ་གྱེས་ཅན་ཞེས་པ་དེ་ཡིན་པར་གསུངས། འདི་ནི་ཆེས་གནའ་བོའི་དུས་སུ་བོད་ཀྱི་ལོ་རྒྱུས་ཀྱི་བཤད་ཚུལ་ཞིག་ཡིན་ལ་དེ་དང་གཉའ་རབས་གླུ་གཞུང་འདི་ཡི་བཤད་ཚུལ་དང་ཕྱོགས་མཐུན་ཡོད་པ་མ་ཟད་ཡིག་རྙིང་ཁག་ལ་འདི་དང་ཆ་འདྲ་བའི་གཉའ་ཁྲི་བཙན་པོ་དང་ས་བླ་མགོན་བུའི་སྐོར་མང་དག་ཅིག་འདུག་ཅིང་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་བ་ཡིན་ནོ།།
གཉིས་པ་དོན་ཆེད་ཅིའི་ཕྱིར་དུ་མཛད་པ་ནི། གཙུག་ལག་གམ་སྐྱེ་བོ་མི་ཆོས་ཀྱི་རིག་གཞུང་ནི་གནའ་བོའི་དུས་སུ་རྩ་ཆེན་རྩི་སྲོལ་བྱུང་ཡོད་པར་འདུག་ཅིང་བྱེད་སྒོའི་རྣམ་གྲངས་ཀྱང་མི་འདྲ་བ་མང་པོ་ཡོད། དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ་མཛད་སྒོ་གལ་ཆེ་ཤོས་ནི་གླུ་གར་བརྩེ་འཇོ་དང་རྟ་རྒྱུག་མདའ་འཕེན་སོགས་འདི་ལྟ་བུའི་རིགས་བོད་ཡུལ་དུ་ཆེས་གནའ་བོའི་སྐབས་སུ་དར་སྲོལ་ཡོད་པ་བཞིན་དེའི་ནང་ནས། འདིར་མི་ཚེའི་གཏན་གྱི་མདུན་མ་བག་སྟོན་གྱི་སྐབས་སུ་ཕྱི་ནང་གི་གཉའ་བོ་ཕན་ཚུན་གྱིས། སྔོན་འབྱུང་གི་ལོ་རྒྱུས་དང་། ཆོས་ལུགས། སྒྲུང་སོགས་ཀྱི་ནང་དོན་ལ་བེད་སྤྱད་དེ་ལྡེའུ་གཏམ་ཐབས་ཀྱི་ཚུལ་དུའམ་ཡང་ན་གླུ་ཤག་ལྟ་བུའི་མངའ་རིས་ཁ་སྐད་དུ་ལྐོག་གམ་གྱེར་དབྱངས་ཀྱིས་ལམ་ནས་དྲི་བ་དང་དྲི་ལན་བྱེད་པར་འདུག ལྷག་ཏུ་འདི་ལས་དོན་སྙིང་གལ་ཆེན་ལྡན་པ་ཞིག་ནི་འདིར་གཉའ་རབས་གླུ་གཞུང་ལས། ནང་མ་བ། བཀའ་ལ་འཕྲིན་བཅོལ་ནས། བཀའ་ཕྲིན་ཐེང་མ་ཐེང། འགྱོགས་ལ་སྤུ་བསྡུ་ནས། བང་བཙལ་ཆད་མ་ཆོད། ཤ་ཁྲག་གཉེན་འབྲེལ་ནས། གཉེན་འབྲེལ་ཆད་མ་ཆོད། གདུང་རོག་ཟུང་སྡེབ་ནས། ཟུང་སྡེབ་ཆད་མ་ཆོད། སྲིད་པ་དང་པོ་ལ། སུ་དང་སུ་རུ་གཉེན། འཕྲིན་ལན་གང་གི་བསྟོད། སྲིད་པ་དབུ་མ་རུ། སུ་དང་སུ་རུ་གཉེན། འཕྲིན་ལན་གང་གི་བསྟོད། སྲིད་པ་ཐ་མ་རུ། སུ་དང་སུ་རུ་གཉེན། འཕྲིན་ལན་གང་གི་བསྟོད། ལེགསཾ། ࿑ ཕྱི་མ་བ། བཀའ་འི་ནན་བོར་ནས། ཕྱིད་ཀྱི་གཉེན་མི་ཁུག། སྤྱིར་ཅི་ཅིར་མ་མཆིས། སྔོན་ཚེ་དང་པོ་ལ། གཉེན་དང་འབྲེལ་བ་མེད། འགྲོ་བ་རིགས་ཀྱང་མེད། ཆགས་པའི་གནས་ཀྱང་མེད། སྲིད་པ་དང་པོ་ལ། ཡེ་དང་སྐོ(སྐོས)སུ་གཉེན། ཕྲིན་ལན་ཡིད་ཀྱི་བསྟོད། སྲིད་པ་དབུ་མ་ལ། མུ་དང་ཆུ་ར(དམུ་དང་ཕྱྭ་རུ)གཉེན། ཕྲིན་ལན་སླད་ཀྱི་སྟོད། སྲིད་པ་ཐ་མ་ལ། རྒྱ་དང་བོད་དུ་གཉེན། ཕྲིན་ལན་ཁྱེན་ཀྱི་སྟོད། ལེགསཾ། ࿑ ནང་མ་བ། ཀྱེ་ལེགསོ། ཁྱེན་རབས་སྟོབས་པོ་ཆེ། སྲིད་པའི་གཞུང་ན་ཤོད། བཀའ་དང་གསུང་གསུང་ན། ཐུགས་ཀྱི་མདུད་པ་ཁྲོལ། ཕྲིན་མགོ་གང་དུ་འབྱེད། ཕྲིན་བརྡ་གང་དུ་འཛུགས། ཕྲིན་ཟབ་གང་དུ་ཀྱེལ(སྐྱེལ)། ཁྱེན་ཆེན་སྨྲ་བའི་བདག། དོན་དེ་བདག་ལ་གསུངས། ལེགསཾ། ࿑ ཕྱི་མ་བ། ཀྱེ་ལེགསོ། ཁྱེན་ཆེན་སྨྲ་བའི་བློན། ཕྲིན་མགོ་སྡེབ་པ་ནི། ཞལ་མཆུ་སྒོ་ཡང་ཕྱེ། ཕྲིན་ཟབ་སྡེབ་པ་ནི། ལེབ་རྒན་ལྗགས་ཀྱི་སྐྱངས། ཕྲིན་ལེན་ཟབ་མོ་ནི། ཚངས་པའི་དབྱངས་ཀྱི་དཀྲོལ། ཁྱེན་པའི་ཕྲིན་མེ་བློན། ཕྲིན་ལན་སྤོངས་པ་ལེགས། བཀའ་ཕྱིད་ཏུན་(སྟུན)ཚལ་ལོ། ཐུན་པའི་ཕྲིན་ཅིག་ཚལ། གཉེན་འབྲི་ཆམ་ཅིག་ཚལ། ལེགསཾ། ཞེས་གསུངས་པས་གནའ་རབས་སུ་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སམ་སྐྱེ་བོ་མི་ཆོས་ཀྱི་ནང་དུ་གལ་ཆེ་ཤོས་ཤིག་ནི། སྐྱེས་པ་ལ་འོས་པའི་ལུས་ངག་ཡིད་གསུམ་གྱི་རྩལ་སྣ་དགུའམ་ཕོ་རྩལ་སྣ་དགུ་སྟེ། མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་འདྲ་བ་སྟེ་ལུས་ཀྱི་རྩལ་གསུམ་དང་། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། ཤགས་ཀྱིས་ཕ་རོལ་ནོན་པ་སྟེ་ངག་གི་རྩལ་གསུམ་དང་། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་བཅས་དགུ་དང་། བུད་མེད་ལ་འོས་པའི་མཛངས་མའི་ཡོན་ཏན་བརྒྱད་དེ། ༡ སྐྱེས་པ་མེད་ཀྱང་ཉོན་མོངས་ཀྱི་དབང་དུ་མི་འགྲོ་བ། ༢ ཁྱིམ་ཐབ་ལ་སྙིང་ཉེ་བ། ༣ བུ་མང་དུ་བཙའ་བ། ༤ ལུས་ཚུགས་ཐུབ་པ། ༥ སྨྲ་བ་མང་པོ་མེད་པ། ༦ སེམས་དྲང་པ། ༧ ཕྱི་ཐག་རིང་བ། ༨ ལས་ལ་ཡང་ཞིང་ལག་འབྲས་གཙང་བ་བཅས་བརྒྱད་བཅས་གལ་ཆེན་དུ་བརྩི་སྲོལ་ཡོད་པས། གཉའ་རབས་གླུ་གཞུང་འདི་ནི་ཕོ་རྩལ་སྣ་དགུ་ནང་ནས་ངག་རྩལ་དང་བློའམ་ཡིད་ཀྱི་རྩལ་སྒོ་འབྱེད་པའི་ལྡེའུ་མིག་ལྟ་བུ་ཡིན་འདུག་པས་སོ། །
གསུམ་པ་ཕྱོགས་གར་གཏོགས་པ་ནི། བོད་ཀྱི་ལོ་རྒྱུས་ཁག་གི་ནང་ནས་གངས་ཅན་བསིལ་མོའི་ལྗོངས་འདིར་ཆེས་གནའ་བོའི་དུས་སུ་ཆབ་སྲིད་བོན་དང་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་བའི་ཚུལ་གསུངས་པ་དང་། གཉའ་རབས་གླུ་གཞུང་འདི་ལས། དམ་པ་ལྷ་ཆོས་དང་། གཡུང་དྲུང་བོན་དང་། གཙུག་ལག་གམ་སྐྱེ་བོ་མི་ཆོས་ཞེས་གསུམ་དུ་དབྱེ་འདུག་པས། གནའ་བོའི་དུས་སུ་བོད་ཡུལ་དུ་རིག་གཞུང་གི་མ་ལག་གྲུབ་ཆ་གཙོ་བོ་གསུམ་སྟེ། དམ་པའི་ལྷ་ཆོས་དངj། གཡུང་དྲུང་བོན་དང་། གཙུག་ལག་མི་ཆོས་ཀྱི་རིག་གཞུང་བཅས་ཀྱི་རྩི་སྲོལ་བྱུང་ཡོད། སྤྱི་ལོའི་དུས་རབས་བདུན་པའམ་བརྒྱད་པ་ནས་ད་ལྟའི་བར་བོད་ཡུལ་དུ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆོས་དར་བས་དམ་པའི་ལྷ་ཆོས་ཞེས་ཐུབ་བསྟན་ལ་གོ་བ་ཡིན་པ་ཀུན་གྱི་མཁྱེན་གསལ་ལྟར་རེད། དེ་ལྟར་གཉའ་རབས་གླུ་གཞུང་འདི་ནི་དེ་ལྟ་བུའི་རིག་གཞུང་ཆེན་པོ་གསུམ་གྱི་ནང་ཚན་གཙུག་ལག་མི་ཆོས་ཀྱི་གཞུང་ལུགས་ཀྱི་ཁོངས་སུ་གཏོགས་པ་དང་། གཙུག་ལག་མི་ཆོས་ཀྱི་སྐོར་ལའང་རྒྱལ་ཁམས་སྤྱི་ལ་དགོས་པའི་རྒྱལ་ཁྲིམས་སམ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་དང་། དམག་དོན། སྒྱུ་རྩལ། གླུ་གར། བརྩེ་འཇོ། རྟ་རྒྱུག མདའ་འཕེན་ལ་སོགས་པའི་རྒྱལ་བློན་འབངས་གསུམ་རྣམས་ཀྱི་གཞུང་ངམ། ཡང་ན་སྐྱེ་བོ་སོ་སོར་སྒེར་དུ་དགོས་པའང་བྱིས་པའི་བཙས་སྟོན་ནས་བཟུང་མི་ཚེ་གཅིག་གི་རིང་ལ་བྱ་བ་ལས་ཀ་ཡོ་དོ་ཅོག་ནས། མཐར་འཇུག་གི་གཤིན་པོར་འདས་མཆོད་དང་དུར་སྦས་སྐོར་ཀྱི་བར་དུ་བྱ་བ་ལས་ཀའི་བྱེད་སྒོ་གང་ཞིག་ཡིན་ཡང་། སོ་སོར་གཞུང་ལུགས་ཀྱི་རང་བཞིན་ལྡན་པའམ་ཡང་ན་རྒྱུན་སྲོལ་གྱི་གོམ་གཤིས་བཅས་བྱེད་སྒོ་མི་འདྲ་བ་མང་པོ་ཡོད་པར་འདུག་པའི་ནང་ནས། འདི་ནི་སོ་སོར་སྒེར་གྱི་མི་ཚེའི་བྱ་བར་བག་སྟོན་བྱེད་སྒོའི་སྐབས་སུ་འཁོ་བའི་གཉའ་རབས་གླུ་གཞུང་གི་ཕྱོགས་སུ་གཏོགས་པ་ཡིན་པས། དེ་ལྟར་གཉའ་རབས་གླུ་གཞུང་འདི་ལས་སྔོན་གྱི་གཞུང་ལུགས་འགའ་ཞིག་གི་མཚན་འཁོད་པ་ནི་འདི་ལྟར་ཏེ། ནང་མ་བ། ཀྱེ་ལེགསོ། ཞང་ཞུང་ཡུལ་ཆེན་གཞུང་དང་། ལྟེ་བ་འབུམ་སྐོར་དང་། གཡུ་སྒོང་བར་ཆེན་གསུམ། སུ་དང་སུ་ཡི་གཞུང་། དམ་པའི་ཆོས་འབྱུང་དང་། གཡུང་རུང་(དྲུང)བོན་ཆོས་དང་། ར་ཙ་སྦ་ལྕག་གསུམ། སུ་དང་སུ་ཡི་གཞུང། གྲོ་ཤོད་གླུ་ཕྲན་དང་། ཝ་མའི་ཁྱུག་ཆེན་དང་། གྲ་ལོ་ཁར་པ་གསུམ། སུ་དང་སུ་ཡི་གཞུང། ཕྱི་བ་ལག་སེར་དང་། བྱི་ཆུང་སྐྱ་མོ་དང། ཟུར་མའི་བྱི་ཆུང་གསུམ། སུ་དང་སུ་ཡི་གཞུང། ལེགསཾ་དབང་གི་གཉའོ། ࿑ ཕྱི་མ་བ། ཀྱེ་ལེགསོ། ཞང་ཞུང་ཡུལ་ཆེན་གཞུང་དང་།། ལྟེ་བ་འབུམ་སྐོར་དང་། གཡུ་སྒོང་བར་ཆེན་གསུམ། རྒྱལ་བློན་རྣམས་ཀྱི་གཞུང་། དམ་པའི་ཆོས་འབྱུང་དང་། གཡུང་རུང་བོན་ཆོས་དང་། ར་ཙ་སྦ་ལྕག་གསུམ། བན་བོན་རྣམས་ཀྱི་གཞུང། གྲོ་ཤོད་གླུ་ཕྲན་དང་། ཝ་མའི་ཁྱུག་(ཁྱུང)ཆེན་དང་། གྲ་ལོ་ཁར་པ་གསུམ། དགའ་སྟོན་རྣམས་ཀྱི་གཞུང། ཕྱི་བ་ལག་སེར་དང་། བྱི་ཆུང་སྐྱ་མོ་དང། ཟུར་མའི་བྱི་ཆུང་གསུམ། མགར་སྤག་རྣམས་ཀྱི་གཞུང། དེ་གཞུང་འདིར་མ་མཆིས། དུས་གསུམ་དེ་རིང་འདིར། ཝ་མའི་ཁྱུག་ཆེན་གྱི་གཞུང་ནས་ཟུར་ཙམ་སྟོན་འཚལ། ལགསཾ་དབང་གི་གཉའོ། ཞེས་གསུངས་པས་གཞུང་ལུགས་མང་པོ་ཡོད་པའི་ནང་ནས་གླུ་གཞུང་འདི་ཝ་མའི་ཁྱུག་(ཁྱུང)ཆེན་གྱི་གཞུང་ཡིན་པར་བསྟན་པ་དང་། དེ་བཞིན་གཞན་དུ་ན་གླུ་གཞུང་གི་གྲངས་ནི་དེ་ནས། ནང་མ་བ། སྟེང་ཁྲི་གདུགས་ཉི་མ་ཤར་བའི་གཙུག་ལགས་ཁང་གི་འོག་ནས། སྲིད་པ་གཉའ་རབས་ལ་གཞུང་རྒྱས་པར་བྱེད་ན་ཙམ་ཡོད། འབྲིང་པ་བྱེད་ནས་ཙམ་ཡོད། བསྡུ་པར་བྱེད་ནས་ཙམ་ཡོད། ལེགསཾ། ࿑ ཕྱི་མ་བ། སྟེང་ཁྲི་གདུགས་ཉི་མ་ཤར་བའི་གཙུག་ལག་ཁང་གི་འོག་ནས། སྲིད་པ་གཉའ་རབས་ལ་གཞུང་རྒྱས་པར་བྱེད་ན་བཅོ་བརྒྱད། འབྲིང་པོར་བྱེད་ན་བཅུ་གཉིས། བསྡུ་པར་བྱེད་ནས་དགུ་མཆིས་ལགས། ཞེས་གསུངས་པ་དང་། དེ་ལྟར་སྔོན་གྱི་དུས་སུ་མངའ་རིས་ཀྱི་ཡུལ་འདིར་བན་བོན་གྱི་གཞུང་དང་རྒྱལ་བློན་རྣམས་ཀྱི་གཞུང་། དགའ་སྟོན་སྐབས་ཀྱི་གཞུང་། མགར་སྤག་རྣམས་ཀྱི་གཞུང་ཞེས་མེས་པོ་ཚོའི་བཤད་སྲོལ་ལྟར་ན་དེ་ལྟར་གླུ་གཞུང་དེ་རྣམས་འཐོབ་དང་གོ་སའི་ངོས་ནས་ཁྱད་ཆེ་བ་རིམ་པ་མི་འདྲ་བ་དབྱེ་སྲོལ་བྱུང་འདུག་ཅིང་། རྒྱུན་ལྡན་ནམ་ཡོངས་གྲགས་སུ་ཁ་འབབ་བཞི་ཡི་བཞུར་རྒྱུན་ལ་གཉའ་རབས་ཀྱི་གཞུང་གླུ་བཞི་སྟེ། དེའང་རྟ་མཆོག་ཁ་འབབ་ཀྱི་གཞུར་རྒྱུན་དུ་གྲོ་ཤོད་གླུ་ཕྲེང་གི་གཞུང་གླུ་དང་། སེང་གེ་ཁ་འབབ་བཞུར་རྒྱུན་དུ་ལ་དྭགས་ཀྱི(ཁ་སྐྱ་རུ་རིང་།)གཞུང་གླུ། གླང་ཆེན་ཁ་འབབ་ཀྱི་བཞུར་རྒྱུན་ལ་གུ་གེའི་ཝ་མའི་ཁྱུག་(ཁྱུང་)ཆེན་གཞུང་གླུ། རྨ་བྱ་ཁ་འབབ་ཀྱི་བཞུར་རྒྱུན་ལ་སྤུ་རང་གི་གཡུ་སྒོང་བར་ཆེན་གྱི་གཞུང་གླུ་བཅས་གླུ་གཞུང་བཞི་ཡོད་པས། མིག་སྔར་མཐོང་ཐོས་སུ་དཔེ་རྙིང་གཞུང་གླུ་ཆ་ཚང་ལུས་ཡོད་པ་ནི་འདི་གཅིག་བུ་བཟོ་འདུག གུ་གེ་གཞུང་གླུ་ཝ་མའི་འཁྱུག་(ཆེན)ཆེན་གྱི་གཞུང་སྟེ་<<སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ།>>ཞེས་པ་འདི་ནི་གཞུང་གླུ་བཞི་ཡི་ནང་གི་རྩ་ཆེ་ཤོས་དེ་ཡིན་པར་བཤད་བཞིན་འདུག་གོ །
བཞི་པ་རྒྱུད་གང་ལ་བཏུས་པ་ནི། དེ་ལྟར་གཞུང་ལུགས་གང་ཞིག་ཡིན་ཡང་དེའི་ཕུགས་གཏུག་ས་ནི་རྒྱུད་ཅེས་བྱ་ཞིང་། གཡུང་དྲུང་བོན་དང་། དམ་པ་ཆོས། གཙུག་ལག་མི་ཆོས་བཅས་གསུམ་དེ་རེ་རེ་ལའང་གཞུང་ལུགས་མང་པོ་ཡོད་པ་ནང་བཞིན། གཞུང་ལུགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ན་སོ་སོར་ཕུག་གཏུག་སའི་རྒྱུད་ནི་ཡོད། གླུ་གཞུང་འདི་ནི་གཙུག་ལག་གམ་སྐྱེ་བོ་མི་ཆོས་ཀྱི་གཞུང་ཞིག་ཡིན་པས་ཕུགས་གཏུག་ས་གཙོ་བོ་ནི་གཙུག་ལག་མི་ཆོས་ཀྱི་རྒྱུད་ལ་གཏུག་ངེས། གཙུག་ལག་ཅེས་པའི་ཚིག་དེ་སྤྱིར་རིག་པའི་གནས་ལ་ཐམས་ཅད་ལ་གོ་ཞིང་བྱེ་བྲག་ཏུ་སྐྱེ་བོ་མི་ཆོས་ཞེས་ཚེ་འདིར་གཙོ་བོར་བྱས་པའི་རིག་གནས་ལ་གོ་བ་ཡིན། དེའང་རིག་པའི་གནས་ནི་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་ཚད་རིག་པ། ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེ་བ་ལྔ་ཡི་རྒྱུད་དང་གཞུང་ལུགས་གངས་ཅན་བསིམ་མོ་ལྗོངས་སུ་ཆེས་གནའ་བོའི་སྐབས་སུ་དར་ཡོད་པ་དང་། གཡུང་དྲུང་བོན་དང་དམ་པ་ཆོས་གཙུག་ལག་མི་ཆོས་གསུམ་ནི་གཅིག་ལ་གཅིག་བརྟེན་གྱི་་ཚུལ་དུ་ཕན་ཚུན་གྱི་འབྲེལ་བ་དམ་ཟབ་ཡོད་པ་ཡིན་པས། དེང་སྐབས་ཀྱི་བོད་རིག་པའི་ཞིབ་འཇུག་བྱེད་མཁན་ཕྱི་གླིང་བ་འགའ་ཞིག་གིས། ཏུང་ཧོང་ཡིག་རྙིང་ཁག་ལས། བོན་དང་གཙུག་ལག་ཅེས་འཁོད་པ་ལས་གཡུང་དྲུང་བོན་ཞེས་མཐོང་རྒྱུ་མི་འདུག་པར། བོད་ཡུལ་འདིར་གནའ་བོའི་དུས་སུ་བོན་པོའི་ཆོས་ལ་གཙུག་ལག་ཅེས་བརྗོད་པ་ལས་གཡུང་དྲུང་བོན་ཞེས་མི་བརྗོད་པའི་ཚུལ་གསུངས་མཁན་ཡོད་པར་འདུག་ཀྱང་། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྒོ་ཙམ་མཐོང་བ་ནས་སྤེལ་བའི་གཏམ་ཞིག་ལས་ཆ་རྒྱུས་ཡོད་པའི་དཔྱད་གཏམ་ཞིག་ག་ལ་ཡིན་སྲིད་དེ། ཏུང་ཧོང་ཡིག་རྙིང་ནི་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཆོས་ལུགས་བཅས་ཀྱི་དཔྱད་གཞིའི་ཡིག་རྙིང་གལ་ཆེན་ཞིག་ཡིན་པ་མjགཏོགས། དེའི་ནང་དུ་བོད་ཀྱི་ལོ་རྒྱུས་དང་ཆོས་གཞུང་ཤེས་རིག་གི་བརྡ་དོན་ཡོད་ཚད་འདུས་ཡོད་པའི་ངེས་པ་མེད། བོད་ཡིག་ལ་ཡིག་རྨོངས་མིན་པའི་མི་སུ་ཞིག་ཡིན་ཡང་ཚིག་ཐག་གཅོད་དེ་ཤོད་ནུས་པ་ཡིན། འདིར་གཉའ་རབས་གླུ་གཞུང་ལས། ཀྱེ་ལགསོ། བདག་དམ་པའི་ཆོས་ལ་ཡང་མ་ཡིན། གཡུང་རུང་བོན་ལ་རྟེན་པ་ཡང་མ་ཡིན། སྐྱེ་བོ་མི་ཆོས་ལས་རྟེན་པ་ཡང་མ་ཡིན། འོན་ཀྱང་ཟུར་ཙམ་ཅིག་ཞུས་ལགས། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་འཇིག་རྟེན་མི་ཡུལ་དུ་བྱོན་ནས་། དགོངས་ལོ་བརྒྱད་བཅུ་མཛད། ཉི་ཤུ་རྩ་ལྔ་ལ་རབ་ཏུ་བྱུང་། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང། དགོངས་ལོ་སུམ་བཅུ་སོ་ལྔ་ན་བརྒྱད་བཅུའི་བར་དུ་གསུངས། མདོ་སྡེ་བཅུ་གཉིསུ་བསྡུད་མཁན་དེ། ཕྱག་ན་རྡོ་རྗེ་དང་འཕགས་པ་འཇམ་དཔལ་ཡིན། མཛོད་སྒོ་ཤའི་སྒོ་རབས་འབྱེད་མཁན་དེ། འཕགས་པ་ཐོགས་མེད་ཡིན། གཟུངས་ཀྱི་གྲངས་མང་པོ་སེམས་ཅན་པ་ཕན་པའི་དོན་དུ་བྱིན་གྱི་བརླབས་མཁན་དེ། སངས་རྒྱས་རབས་བདུན་ཡིན། འབུམ་ཊཱི་ཀ་ཡང་སྙིང་དུ་བསྡུད་མཁན་དེ། སློབ་དཔོན་བྷི་མ་ལ་མི་ཏྲ་ཡིན། ཡོ་ག་ཙནྜ་བསྟན་(གཏན)པ་ལ་འབེབས་མཁན་དེ། སློབ་དཔོན་ཙནྜ་གཱོ་མི་ཡིན། ཆོས་མངོན་པའི་མཆོག་རྒྱས་པ་སྟོན་མཁན་དེ། སློབ་དཔོན་དབྱིག་གཉེན་ཡིན། དབུ་མ་ལྟ་བའི་ས་རྒྱས་བཅོད་མཁན་དེ། སློབ་དཔོན་ཀླུ་སྒྲུབ་ཡིན། མུ་སྟེག་གྱི་སྟོན་པ་དྲུག་འདུལ་པའི་མཚན་མ་བཀྲམ་པ་ནི། སློབ་དཔོན་དྷརྨ་ཀིར་ཏི་ཡིན། བོན་ལ་བོན་རིགས་དུས་ཡོད་ཟེར་ན། བོན་ལ་བོན་རིགས་དགུ་ཡོད། སྣང་བཤེན་(མཆན། འདི་སྣང་གཤེན་ཞེས་སྣང་གཤེན་གྱི་བོན་དང་དེ་ཉམས་སུ་ལེན་མཁན་གྱི་གང་ཟག་ལ་གོ། )དང་གྲུབ་བཤེན(མཆན། གྲུབ་གཤེན་ཞེས་རིག་འཛིན་གྲུབ་ཆེན་བརྒྱད་ཅུ་ལྟ་བུ་འབྲས་བུ་བོན་ཉམས་སུ་ལེན་པའི་གང་ཟག་ལ་གོ)། རྒྱས་པར་བྱེད་ན། འབྲས་བུའི་བོན་རིགས་ལྔ་ནི། གཡུང་རུང་ཐེག་པ(མཆན། ཐུགས་རྗེ་སེམས་དཔའི་ཐེག་པ)། གཡུང་རུང་བདེ་བྱེད(མཆན།གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པ)། གཡུང་རུང་ཡུར་བ(མཆན།གསང་སྔགས་ཕྱི་ཡི་ཐེག་པ་སྟེ་བྱ་བ་གཙང་སྤྱོད་དང་རྣམ་པ་ཀུན་ལྡན་དང་གཉིས་སོ།)། གཡུང་རུང་བསེ་བ(མཆན།སྔགས་ནང་གི་ཐེག་པ་ཏེ་དངོས་བསྐྱེད་རོལ་པ་དང་དོན་ལྡན་ཀུན་རྫོགས་དང་གཉིས་སོ། )། གཡུང་རུང་བླ་མེད་(མཆན།ཡེ་ན་བླ་མེད་རྫོགས་ཆེན་གྱི་ཐེག་པ་)དང་ལྔ། རྒྱུ་ཡི་བོན་རིགས་བཞི་ནི། སྣང་བཤེན་(གཤེན)བལ་ཐོད་ཅན། འཕྲུལ་བཤེན་(གཤེན)བལ་མཚོན་ཅན། འཇུ་བཤེན་བལ་ཐིག་ཅན། འདུར་བཤེན་(འདུར་གཤེན་ནམ་སྲིད་གཤེན)བལ་ཚོན་ཅན་དང་དགུ་ལགས། གཙུག་ལགས་(ལག)མི་ཆོས་ལ་གཞུང་ཇི་ཙམ་ཡོད་ཟེར་ན། གཙུག་ལག་མི་ཆོས་ལ་གཞུང་དགུ་ཡོད་ལགས། དམ་པ་ཆོས་འབྱུང་དང་གཅིག། ལྟེ་བ་འབུམ་བསྐོར་དང་གཉིས། ཝ་མའི་འཁྱུགས་ཆེན་དང་གསུམ། བྱི་ཆུང་སྐྱ་མོ་དང་བཞི། ཕྱི་བ་ལག་སེར་དང་ལྔ། གྲོ་ཤོད་གླུ་ཕྲང་དང་དྲུག། གཡུ་སྒོང་བར་ཆེན་དང་བདུན། ར་ཙ་སྦ་ལྕག་དང་བརྒྱད། ཟུར་མའི་བྱི་ཆུང་དང་དགུ། གཞུང་དགུ་པོ་དེ་དང་དེ་ལགས། སྟོན་པ་བཤེན་རབས་མེ་མོ་བྱ་ལོ་ལ་བྱོན། དོག་ལྷ་མགོན་པོ་བསྟན་པ་བར་མ་ལ་བྱོན། སྲིད་པའི་གཞུང་སྟག་གི་ལོ་ལ་གསུངས། ལགསཾ། ཞེས་གསུངས་པས་འདིར་དམ་པའི་ལྷ་ཆོས་དང་། གཡུང་དྲུང་བོན། གཙུག་ལག་མི་ཆོས་བཅས་དབྱེ་བ་གསུམ་དུ་ཕྱེས་འདུག་པས། དེ་ལྟར་གནའ་བོའི་དུས་སུ་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བོན་གྱི་མིང་ཆ་ཚང་ནི་གཡུང་དྲུང་བོན་ཞེས་དང་བོན་ལ་ཐེག་པ་རིམ་དགུ་ཡོད་པའི་ཚུལ་ནི་གླུ་གཞུང་འདིར་ལས་ཀྱང་ཞལ་གསལ་བར་གསུངས་འདུག་པས་འདི་ཙམ་གྱིས་གོ་ནུས་པ་ཡིན། དེས་ན་གླུ་གཞུང་འདིའི་ཚིག་འགྲོས་སོགས་གང་ས་ཅིའི་ཐད་ལ་བལྟས་ནས་ཆེས་གནའ་བོའི་དུས་སུ་གཡུང་དྲུང་བོན་དང་གཙུག་ལག་མི་ཆོས་ཀྱི་རྒྱུད་གཞུང་དང་སྒྲུང་ལྡེའུ་བཅས་ཡོད་པ་ནི་ཡོངས་གྲགས་སུ་ཡིན་པས་རྒྱུད་སྡེ་དེ་ཚོ་ལས་བཏུས་ཤིང་ཕྱོགས་གཅིག་ཏུ་བཀོད་ཡོད་པ་ནི་གསལ་པོ་ཡིན་ངེས་ཀྱང་། ཕྱིས་སུ་རྒྱལ་བ་ཐུབ་པའི་དབང་པོའི་བསྟན་པ་བོད་དུ་དར་ཞིང་ལྷག་ཏུ་མངའ་རིས་ཀྱི་ཁུལ་འདིར་གུ་གེའི་རྒྱལ་རབས་རྣམས་ཀྱི་སྐབས་སུ་ཐུབ་བསྟན་ཤིན་ཏུ་དར་བས་དེའི་རིང་དུ། གཉའ་རབས་གླུ་གཞུང་འདི་ལའང་ཐུབ་བསྟན་གྱི་གཞུང་ལུགས་མཐུན་པའི་ཚིག་ཚོགས་བཅོས་ཏེ་(མཆན། དཔེར་ན། རིགས་ལྔའི་ལྷ། དབུས་སུ་ཀུན་སྣང་ཁྱབ་པ། ཤར་དུ་གསལ་བ་རང་འབྱུང་། བྱང་དུ་དགེ་ལྷ་གར་ཕྱུགས། ནུབ་ཏུ་བྱེ་བྲག་དངོས་མེད། ལྷོ་རུ་དགའ་བ་དོན་གྲུབ། བཅས་དང་ལྔ་ལ་དབུས་སུ་རྣམ་པར་སྣང་མཛད། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོ་རུ་རིན་ཆེན་འབྱུང་ལྡན། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་གྲུབ་པ་པ་བཅས་ལྔ་ལྟ་བུ་དང་། འབྱུང་བའི་ལྷ་མོ་ལྔ་ནི། ནམ་མཁའི་ལྷ་མོ་མཁའ་ཡངས་གདོས་བྲལ་མ། ས་ཡི་ལྷ་མོ་ཀུན་བསྐྱེད་གཞི་འཛིན་མ། རླུང་གི་ལྷ་མོ་ཀུན་སྒྲོལ་མ། མེ་ཡི་ལྷ་མོ་བཀྲག་གསལ་མདངས་ལྡན་མ། ཆུ་ཡི་ལྷ་མོ་བདུད་རྩི་ཀུན་གསོ་མ་བཅས་ལྔ་ལ། མེ་ཡི་ལྷ་མོ་གོས་དཀར་མ། ཆུ་ཡི་ལྷ་མོ་མ་མ་ཀཱི། ས་ཡི་ལྷ་མོ་དམ་ཚིག་སྒྲོལ། རླུང་གི་ལྷ་མོ་མ་མ་ཀཱི་མ་ལྟ་བུའོ།)ཁ་སྣོན་མཛད་ཡོད་པ་ནི་གླུ་གཞུང་འདི་ལ་བལྟས་ན་ཤེས་ནུས་པར་འདུག་གོ།
ལྔ་པ་དབུ་ཞབས་སུ་དོན་བསྡུས་པ་ནི། དེ་ལྟར་དབུ་ཞབས་སུ་དོན་བསྡུ་བའི་ཚུལ་ནི་<<སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ།>>དང་<<ཟུར་བཀོལ་གླུ་གཞུང་ཕྱོགས་བསྒྲིགས>>གཉིས་ཀྱི་བྱེད་སྒོའི་གོང་རིམ་ལྟར་གཤམ་དུ་<<གཉའ་རབས་གླུ་གཞུང་གི་ལག་ལེན་དངུལ་དཀར་མེ་ལོང་།>>ཞེས་པ་བྲིས་ཡོད་པ་དེ་ལྟ་བུ་ཞིག་ཡིན་མོད། འདིར་ཞར་བྱུང་དཔེ་རྙིང་འདི་ཡི་མཚམས་སྦྱོར་རོམ་ཙམ་ཞུས་ནས། གཉའ་རབས་ཡིག་རྙིང་འདིའི་མ་དཔེ་ནི་མངའ་རིས་ཁུལ་སྒར་རྫོང་མོན་འཚེར་ནས་ཡིན་པའི་མེས་བསོད་ནམས་དབང་གྲགས་ཀྱི་ཡིན་ཞིང་ཁོང་ནི་ད་ལོར་དགུང་ལོ་བརྒྱད་ཅུ་གྱ་ལྔ་རུ་སླེབ། ཁོང་གི་མེས་པོ་སྔགས་པ་ཚེ་རིང་དང་། ཨ་ཕ་ཉི་མ་ནོར་བུ་སོགས་ཡབ་མེས་གོང་མ་རྣམས་ནི་གཉའ་རབས་ཀྱི་གླུ་ལེན་མཁན་གྱི་གཉའ་རྒན་ཤ་དག་ཡིན་པ་དང་། དེ་བཞིན་ཁོང་དང་ཁོང་གི་གཅེན་པོ་འདས་པོ་མིག་དམར་གཉིས་ནི་གཉའ་རབས་གླུ་གཞུང་གི་གཉའ་རྒན་ཡིན་ཞིང་། ཁོང་སྤུན་གཉིས་ཀར་གཉའ་གླུ་ལ་ཤིན་ཏུ་དགའ་པོ་ཡོད་པས་རིག་གསར་སྐབས་སུ་ཆོས་དཔེ་རྩ་ཆེན་མང་པོ་གཞན་ལག་ཤོར་ཞིང་མེར་བསྲེགས་གཏོང་དགོས་བྱུང་མོད། གཉའ་རབས་གླུ་གཞུང་འདི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་སྦས་བསྐུངས་དང་བདག་གཅེས་ཉར་ཚག་བྱས་ཏེ་མ་ཤོར་པ་ཙམ་ཞིག་བྱུང་འདུག གཞན་ད་ཆ་མངའ་རིས་ཁུལ་དུ་གཉའ་རྒན་ཚོས་ལེན་བཞིན་པའི་སྔོན་གྱི་གཉའ་རབས་གླུ་གཞུང་ནང་ནས་བློ་ལ་ངེས་པ་ཡོད་པ་དག་ཡིག་ཐོག་ཏུ་ཕབས་བཞག་པ་དེ་མ་གཏོགས་པའི། གཉའ་རབས་གླུ་གཞུང་ཆ་ཚང་དང་སྔོན་གྱི་དཔེ་རྙིང་ལུས་བསྡད་པ་ནི་གཞན་དག་ནི་ང་ཚོས་མཐོང་ཐོས་དབེན་པས་འདི་གཅིག་བུ་ཡིན་པའི་བཟོ་ཞིག་འདུག དེ་ལྟར་ཡིག་རྙིང་འདི་ལྟ་བུའི་རིགས་ནི་དེང་དུས་སུ་ཤིན་ཏུ་དཀོན་པས་བོད་ཀྱི་དམངས་སྲོལ་གྱི་རིག་གནས་ཁྲོད་དུ་གལ་ཆེའི་རང་བཞིན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་དང། བོད་ཀྱི་ལོ་རྒྱུས་ལ་དཔྱད་གཞིའི་ཡིག་ཆ་རིན་ཐང་ཧ་ཀྱང་ཆེ་བ་ཡིན་པས་ཡབ་མེས་གོང་མའི་སྲོལ་བཟང་འདི་ལྟ་བུའི་རིགས་ནི། ང་ཚོ་རྗེས་རབས་པ་ཚོས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོངས་མ་ཐུབ་ཚེ་རིམ་བཞིན་ཉམས་རྒྱུད་དུ་གྱུར་ཏེ་མཐར་རྩ་སྟོང་འགྲོ་བའི་ཉེན་ཁ་ཆེ་བ་དང་ཤིན་ཏུ་འཕང་བ་ཞིག་ཡིན། དེས་ནས་མོན་མཚེར་གྲོང་ཚོས་གཉའ་རབས་གླུ་གཞུང་འདི་དང་འདི་ཡི་བྱེད་སྒོ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུའི་ཚོགས་ཆུང་ཞིག་བཙུགས་པ་དུས་མཚུངས། ཁོ་བོས་སྲིད་པ་གཉའ་རབས་ཀྱི་ཡིག་རྙིང་རྩ་ཆེན་འདི་མཐོང་བྱུང་བས། ཀུན་བཟང་རྒྱལ་པོ་སོགས་ལ་གཡར་ཐབས་བྱེད་རོགས་ཞེས་ཞུས་ཤིང་གཡར་པོ་བྱུང་ནས་དཔེ་བཤུ་བྱེད་རྒྱུ་ཁས་བླངས་པས། ཁོ་ཚོས་དེ་སྔོན་དུ་གཉའ་གླུའི་དཔེ་རྙིང་འདི་དཔེ་བཤུ་བྱེད་པར་གལ་ཆེན་སྙམ་མོད་ད་བར་དུ་དཔེ་བཤུ་བྱེད་མཁན་མ་ཐོབ་པར་ལུས་པས། ཕབ་ཐུབ་ནས་ང་ཚོ་ལ་ཕན་ཐོག་རྒྱ་ཆེན་ཡོང་བས་བཀའ་དྲིན་ཆེ་ཞེས་ལབ་ཅིང་གཡར་ཞིང་ཁོ་བོ་དང་གྲྭ་སློབ་ཚུལ་ཁྲིམས་གཙུག་ཕུད་གཉིས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་འབད་བརྩོན་བྱས་ཏེ<<སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ།>>ཞེས་པའི་གཉའ་དཔེ་གླུ་གཞུང་འདི་ཡི་མ་དཔེ་ཧ་ཀྱང་རྙིང་དྲགས་པའི་ལག་བྲིས་མ་དེབ་འགོ་བཙེམས་ཤིག་ཡིན་པ་དང་། དབུ་ལྡེབ་མ་གཏོགས་དེ་རྗེས་ཤོག་ལྡེབ་ཡ་ཟུང་ཆད་འདུག་ཅིང་བར་བར་དུ་རལ་རུལ་མང་དྲགས་པས་དཔེ་བཤུ་བྱེད་པར་དཀའ་ལས་ཏོག་ཙམ་བྱུང་། ཤོག་བུ་ཧ་ཀྱང་རལ་ཞིང་ཆད་པ་དག་གཉའ་རྒན་ཚོར་འདྲི་བཞིན་རྩ་བ་ནས་མེད་པ་མ་གཏོགས་འདིར་བཤུས་པ་ཚང་མ་མ་དཔེ་ཇི་མ་ཇི་བཞིན་ཡིན་ཚོད་ཡོད། དེ་བཞིན་<<ཟུར་བཀོལ་གླུ་གཞུང་ཕྱོགས་སྒྲིག་>>གི་ནང་དུ་སྲིད་པའི་རུས་སྦལ་འབྱོན་ཁུངས་དང་། གཉའ་བོའི་ཆས་གླུ། སྣ་ཁྲིད་མདའ་གླུ། འབྲུ་བཤད། རབ་བཤད། ཚེར་ཤིང་ལྡན་པ། ཐོ་རབས། ཐོ་མོ་ཆེ་ཡི་བཤད་པ། ནམ་མཁའ་རྒྱང་བུ། ཤིང་སྐུལ་ཤིང་བྱ་སྐད་སྙན་གསུམ་ཀྱི་གླུ་བཅས་ནི་མ་དཔེ་ནི་ཧ་ཀྱང་རྙིང་དྲགས་པའི་ལག་བྲིས་མ་དེབ་ཆུང་འགོ་བཙེམས་ཤིག་ལ་འགྲེས་བསྐུངས་དང་ཡིག་ནོར་ཤིན་ཏུ་མང་བས། དེར་དག་བཅོས་བྱས་མོད་མངའ་རིས་མོན་མཚེར་ཡུལ་སྐད་དམ་བརྡ་རྙིང་རྣམས་སོར་གཞག་བྱས་ཡོད། གཞན་བསུ་གླུ་ལ་སོགས་ཀྱི་གླུ་མང་པོ་ཞིག་ནི་གཉའ་རྒན་ཚོའི་ངག་ཐོག་ནས་བཤད་ཅིང་ང་ཚོས་ཡིག་ཐོག་ཏུ་ཕབ་སྟེ་མ་ཚང་བ་རྣམས་ཁ་གསབ་རྒྱབ་པ་ཡིན། དེ་ལྟར་གླུ་གཞུང་དང་ཟུར་བཀོལ་རྣམས་ཞུ་དག་ལན་གསུམ་ཙམ་བྱས་དང་ཐོག་གླུ་གཞུང་མ་དཔེ་ངོས་བཤུས་མ་ལྟར་ཤོག་ལྷེའི་ཐིག་འཕྲེང་དང་ཉིན་སྲིབ་དང་བཅས་བཀོད་ཡོད། དེ་ནས་ཡང་བསྐྱར་དུ་གླུ་གཞུང་བུ་དཔེ་ཚར་གཅིག་དང་ཟུར་བཀོལ་དང་བཅས་ཆ་ཚང་དག་བཅོས་བྱས་ཏེ་བཞག་ཡོད་པ་ཡིན། སྤྱིར་ན་དཔེ་རྙིང་འདི་ལོ་རྒྱུས་ཡུན་རིང་ཞིང་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་བས་དཔྱད་རྩོམ་གླེང་གཞི་འདི་ལས་རྒྱས་ཙམ་ཞིག་འབྲི་ཐུབ་ན་བསམ་མོད་ཀྱང་། ཁོ་བོ་ཤེས་རྒྱ་མཐོང་རྒྱ་སོགས་ཀྱི་ཚད་བཀག་དབང་གིས་རེ་ཞིག་འབྲི་ཐབས་བྲལ། དག་གཅོས་ཀྱི་ངོས་ལ་བཤད་ན་མ་དཔེ་སོར་བཞག་གི་གཤམ་དུ་མཆན་བཅུག་སྟེ་ཚིག་འགྲེལ་ཁ་གསལ་ཞིག་བརྒྱབ་ཐུབ་ནས་ཡག་པོ་ཡོང་ས་འདུག་མོད། འོན་ཀྱང་མཆན་དང་ཚིག་འགྲེལ་མང་དྲགས་ནས་གཉའ་གླུ་ལེན་མཁན་ཚོས་ཀློག་སྟབས་མི་བདེ་བ་ཡོང་གི་འདུག་ཅེས་གསུངས་ཀྱིན་འདུག་པས། དེ་ལྟར་མང་ཚོགས་ཁོ་ཚོའི་བསམ་འཆར་དང་བསྟུན་ཏེ་་ཀློག་སྟབས་ཅི་བདེ་རུ་གཏོངས་བ་ཡིན། དེའང་གཉའ་རབས་གླུ་གཞུང་དང་ཟུར་བཀོལ་གཉིས་ཀ་ལ་འགྲེས་རྐང་དང་བསྐུངས་ཡིག་མང་པོ་འདུག་པ་རྣམས་བཀྲལ་བ་དང་། ཡིག་ནོར་ཡིན་ངེས་པ་རྣམས་དག་བཅོས་བྱས་ཤིང་འོན་ཀྱང་བརྡ་རྙིང་དང་མངའ་རིས་ཁ་སྐད་རྣམས་རང་སོར་བཞག་ཡོད། གལ་ཆེའི་ཚིག་ཡ་ཟུང་ལ་གུག་རྟགས་()འདིའི་ནང་དང་མཆན་འགྲེལ་འགའ་ཞིག་ཡོད་པར་རྟགས་དེ་ལྟར་ཡིན། ཚིག་གྲོགས་ཆད་པ་རྣམས་གུག་རྟགས་[]འདིའི་ནང་དུ་བསབ་ཡོད། གླུ་གཞུང་འདི་ལ་ཚིག་འགྲེལ་ཉུང་དྲགས་པ་དང་དག་བཅོས་ཡང་དག་པ་ཞིག་མ་ཐོབ་པ་སོགས་སྐྱོན་དང་ནོར་འཁྲུལ་བྱུང་ཡོད་རིགས་རྣམས་ནི་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ལ་བཤགས་ཤིང་། འདི་ཡིས་དགེ་བས་བོད་རིག་པའི་ཞིབ་འཇུག་པ་རྣམ་པའི་སྤྱན་ལམ་དུ་དཔྱད་གཞིའི་ཡིག་ཆ་མཁོ་འདོན་ནུས་ཤིང་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་པའི་ཐུགས་འདོད་ཀྱི་རེ་བ་ཡོངས་སུ་བསྐང་སྟེ་བོད་ཀྱི་གནའ་བོའི་དམངས་སྲོལ་གྱི་རིག་གནས་མི་ཉམས་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག། ཐ་ཚན་མུ་ཙུག་སྨར་རོ།། འདིར་ཆེད་དུ་ཞུ་དགོས་པ་ཞིག་ནི་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གི་རྒན་བསོད་ནམས་བཀྲ་ཤིས་ལགས་ནས་དཔེ་སྐྲུན་ཐད་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན།
ཞེས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་གི་བླ་མ་གོང་མའི་བརྒྱུད་འཛིན་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་༢༠༡༧/༡༠/༡༠ཉིན་ཕུལ།
དཔྱད་གཞིའི་ཡིག་རིགས།
སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ལེགསོ། གླུ་གཞུང་འདི་ཡི་མ་དཔེ་རྙིང་པ་ལག་བྲིས་དེབ་འགོ་བཙེམས་མ།
དབུ་ནག་མིའུ་འདྲ་ཆགས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས་པའི་འཕྲུལ་དེབ་ཁུ་བྱུག་སྔོན་མོའི་གསུང་སྙན།
གླེང་གཞི་བསྟན་པའི་འབྱུང་ཁུངས། ཁྱུང་པོ་བློ་གྲོས་རྒྱལ་མཚན། བོན་གྱི་བརྟེན་འགྱུར་འཕྲུལ་པར།
མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
ཁྲོ་བོ་དབང་ཆེན་གྱི་གཞུང་། གཤེན་ཆེན་ཀླུ་དགའི་གཏེར་མ། བོན་གྱི་བརྟེན་འགྱུར་འཕྲུལ་པར།
འདུར་རྒྱུད་ཕྱར་བ་ཐང་ཆེན་ལས་དམུ་སྲས་ནེའུ་གཞོན་གྱི་ལེའུ། དམུ་རྒྱལ་ཇུ་ཉེ་ནམ་མཁའ་དང་ར་ལྗགས་གཤེན་བཙུན་ནམ་མཁའ་གཉིས་ཀྱིས། སྒོ་བཞི་མཛོད་ལྔའི་དཔེ་ཚོགས་འཕྲུལ་པར།