«བརྡ་འགྲེལ་བློ་གསར་འཇུག་པའི་ལམ་བཟང»པར་སྐྲུན་ལེགས་གྲུབ་བྱུང་བ།
[ཟླ་ཚེས། 2017-04-06 15:17:58][རྩོམ་པ་པོ། ཁྱུང་གསེར་ཞུན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གླེང་གཞི།
ཞང་ཞུང་སྐད་དུ། གུ་གེ་སྨར་ལ་ཨེ་མ་ཧོ།
བོད་སྐད་དུ། ཡི་གེ་བཟང་པོའི་དོན་ངེས་ཚིག་ཏུ་བསྟན་པའོ། །
གང་དག་རྨུགས་པ་ཁ་འབྱེད་འཕྲུལ་གྱི་དུམ་བུ་དག ། མ་རིག་མུན་སེལ་སྒྲོན་མར་གསལ་བ་སྟེ། །
སྟོན་པའི་གསུང་མཆོག་གྲག་པའི་ཡང་རབ་ལྷ། ། ས་བོན་བཟང་སྐྱེད་བོན་ལ་ཕྱག་འཚལ་ལོ། །
ཞེས་ཕྱི་ཚིག་གི་བྱིན་རླབས་ཚན་ཁ་འབར་ཞིང་ནང་དོན་གྱི་བརྗོད་བྱ་ཟབ་པའི་སྟོན་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་འཕྲུལ་གྱི་ཡི་གེ་བསྟོད་པའི་མདོ་ལུང་ལྟར་སྐབས་དོན་དང་འབྲེལ་བའི་བསྟོད་ཕྱག་སྔོན་དུ་བཏང་སྟེ། གང་ཞིག་གླེང་བར་བྱ་བ་ཡང་། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཏེ། ཆེན་པོ་ལུགས་གཉིས་ཀྱི་དཔལ་དང་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་པའི་ས་སྒང་རིལ་མོ་འདི་ཡི་ཐོག་ཏུ། བྱེ་བྲག་ལོ་རྒྱུས་ཀྱི་འགོ་ཁུངས་རིང་ཐུང་དང་། ཤེས་ཡོན་གྱི་ཟབ་ཚད་མཐུག་མིན། རང་རྐྱ་བའི་སྐད་ཡིག་བརྡ་སྦྱོར་སོགས་ཐུན་མིན་ཁྱད་ལྡན་གྱི་ནོམ་པ་བདོག་དང་བདོག་མིན་ཅི་རིགས་ཤིག་བྱུང་དང་འབྱུང་མུས་སུ་ལགས་ནའང་། རི་མཐོ་ཞིང་ས་གཙང་བའི་ཞང་བོད་སྲིད་པའི་ལྗོངས་ཆེན་མོ་འདི་ལ་མཚོན་ན། གདོད་མའི་སེམས་ཅན་གང་ཞིག་ལས་རིམ་པས་ཤེས་ལྡན་མི་ཡི་འགྲོ་བ་བྱུང་ཞིང་། དེ་དག་འཚོ་གནས་དང་ཐར་འཁོར་གྱི་རྣམ་བཞག་སྟོན་པ་ལ་སྐབས་དང་དུས་ཀྱི་འཕེལ་རིམ་ལ་བལྟོས་པའི་བརྡ་སྦྱོར་རིག་པའི་གཞུང་ལུགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གོང་འཕེལ་དུ་སོང་བའི་བརྒྱུད་རིམ་ཁྲོད། ལྷར་བཅས་འགྲོ་བའི་འདྲེན་པ་བསྐལ་ཆེན་སྟོན་པ་རྒྱལ་བ་གཤེན་ཆེན་པོ་དེ་ཉིད། འགྲོ་བ་རང་མཐུན་དུ་སྐུ་སྐྱེ་བ་མི་རུ་བཞེས་པ་ནས་བཟུང་། རིམ་བཞིན་བསྟན་པ་ཆགས་པའི་རྨང་གཞི་བཟོ་རིག་པ་ནས་བརྩམས་ཏེ་རིག་པའི་གནས་ཆེན་པོ་ལྔ་གཏན་ལ་ཕབ་ཅིང་། སྐབས་དོན་ཡི་གེའི་ཁུངས་སམ་བརྡ་སྤྲོད་གཞུང་ལུགས་གཏན་ལ་ཇི་ལྟར་ཕབ་པའི་ཚུལ་ཡང་། «བརྡ་དག་བློ་གསལ་འཇུག་ངོགས»ཀྱི་གླེང་གཞི་ལས། “འདི་དུས་ལྷ་སྲས་གར་མ་ལི་ཤོ་ལ། །སྐུ་གསུང་ཐུགས་སོགས་བཟོ་ཡི་རིག་གནས་བསྟན། །སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་། །ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ། །འཕྲུལ་ཆེན་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས། །ཡི་གེའི་བྱུང་ཁུངས་ཐོག་མ་དེ་ནས་བྱུང་། །དགུང་ལོ་དགུའི་བར་ཐེག་པ་རིམ་དགུ་གསུངས། །དགུང་བཅུའི་སྟེང་ན་སངས་པོའི་ཐུགས་སྤྲུལ་གྱི། །བྱ་ཁྱུང་ཀ་རུ་ཊ་ལ་སྐུ་བརྟེན་ཏེ། །གཡུང་དྲུང་དགུ་བརྩེགས་རི་ཡི་རྩེ་མོར་བྱོན། །སྐད་རིགས་སུམ་བརྒྱ་དྲུག་ཅུའི་སྒྲ་སྐད་བསྒྱུར། །སྒྲ་རིག་ཚད་མའི་མདོ་འབུམ་གཏན་ལ་ཕབ། །སྣོད་ནི་རྨ་ལོ་གཡུ་ལོ་གཉིས་ལ་བསྟན། །དེ་ལས་རིགས་དྲུག་སོ་སོའི་རང་སྒྲ་བཞིན། །བརྡ་སྤྲོད་སྒྲ་ཡི་བྱེ་བྲག་མང་དུ་སྤྲོས། །ལྷ་ཀླུ་མི་སོགས་ཕྱི་ནང་ཀུན་ལ་དར། །སྒྲ་ཚད་གཏན་ཚིགས་དང་པོ་དེ་ནས་བྱུང་། །”ཞེས་གསུངས་ཤིང་། དེ་འདྲའི་སྒྲ་རིག་པའི་གཞུང་ལ་བརྟེན་ནས་ཞང་བོད་ལྗོངས་ཀྱི་གཙོ་བོར་གྱུར་པའི་ཕྱོགས་ཀྱི་ཡུལ་གྲུ་དུ་མར་རིག་པའི་གནས་དང་བསྟན་པའི་བོན་གྱི་འོད་གསལ་ཉི་ཟླ་ཕྲུག་གཅིག་གིས་ས་ཆེན་དཀར་འབྱམས་སུ་ཁྱབ་ཅིང་བདལ།
མ་འོངས་བསྟན་དང་འགྲོ་བའི་དོན་དུ་སྟོན་པ་ཉིད་ནས་ཇི་ལྟར་གདམས་པའི་ཚུལ་ནི། «མཛད་པ་དྲུག་ཅུའི་མདོ»ལུང«བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ»དུ་དྲངས་པ་ལས། “གཤེན་རབ་སྐུ་ཡིས་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་པར་འདྲེན་པའི་དཔལ། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། །”ཞེས་ལུང་བསྟན་མངོན་དུ་གྱུར་ཏེ། མཁས་ཤིང་གྲུབ་པའི་གཟི་བྱིན་བླ་ན་མཐོ་བའི་ཞང་བོད་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་དུས་ཀྱི་གཉན་འཕྲང་གང་དང་གང་ཞིག་གི་སྐབས་སུ་ཡང་། རིག་པའི་གཞུང་ལུགས་ཟབ་མོ་དེ་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་མཛད་ཕྲིན་མུ་ནས་མུ་རུ་བསྐྱངས་པའི་མཐར། དེང་གི་ཆར་ཡང་ཆེན་པོ་ལུགས་གཉིས་གང་གི་ཆ་ལའང་བཀོལ་དུ་རུང་ཞིང་། ཁ་བ་གངས་ཅན་པའི་ཕྱི་ཡི་རྒྱན་ཆ་དང་ནང་གི་སྲོག་དབུགས་གཉིས་ཀར་གྱུར་པའི་བརྡ་སྤྲོད་རིག་པ་འདི་ཉིད་ལ། གཞུང་དང་འགྲེལ་བ། རྩ་བ་དང་ཡན་ལག མཐའ་དཔྱོད་དང་ཟུར་རྒྱན་སོགས་སྣ་མང་ཕུན་སུམ་ཚོགས་པ་བཞུགས་པ་འདི་དག་གི་མདུན་དེར། ངན་བུ་བདག་ལྟ་བུའི་སུག་ལས་བགྱིས་པ་གང་དག་ནི་ནང་གི་དེ་ཉིད་ཁྲོམ་དུ་འདོན་པའམ། བེད་མེད་ཤོག་ལུད་ཀྱི་ཕུང་པོ་བསོག་པ་ཙམ་ལས་རང་གཞན་སུ་ལའང་སྨན་པའི་རྔོ་ཐོགས་པ་ཅི་ཡང་མེད་པ་ནི་མིག་མཐོང་ལག་ཟིན་གྱི་ཚོད་དུ་གྲུབ་པ་འདི་བཞིན་ལགས་ནའང་། རིགས་དང་མོས་པའི་སེམས་ཁམས་མཐུན་ཞིང་། ལས་དང་སྨོན་ལམ་གྱི་ཁ་ཕྱོགས་གཅིག་པ། རི་བོ་གངས་ཅན་པའི་ཤེས་རིག་སྤྱི་དང་། བླ་དང་སྲོག་གི་དྭངས་མ་ཕ་སྐད་མ་ཡིག་འདི་ལ་ཁ་མིན་དོན་གྱི་ཞབས་འདེགས་ཞུ་བའི་སྤོབས་པ་ཅན། རིག་གྲོགས་སྦྲ་ཆེན་བ་ཚེ་བརྟན་མཆོག་གིས། ཁུངས་ཀྱི་ཕྱི་མོ་གཙང་ཞིང་དོན་གྱི་ཁྱད་བོན་སྨར་བའི་བརྡ་འགྲེལ་ཞིག་ཅིས་ཀྱང་རྩོམ་སྒྲིག་དགོས་པའི་འབོད་སྐུལ་ཨུ་ནན་བྱུང་ཞིང་། དེ་བཞིན་དབང་ལྡན་ཞུ་ཡི་གདུང་སོན་བླ་མ་བསྟན་འཛིན་གྲགས་པ་རིན་པོ་ཆེ་མཆོག་གིས་ཀྱང་དེ་འདྲ་ཞིག་གྲུབ་ན་དགེ་མཚན་ཆེ་བའི་གསུང་སྐུལ་སྤྱི་བོར་བབས་པར་བརྟེན། ད་སྔོན་བོད་ཀྱི་བརྡ་སྤྲོད་རིག་པའི་རྟགས་འཇུག་དང་ཕྲད་རྣམ་དབྱེའི་རྩ་བ་རྒྱས་བསྡུས་གང་མང་ཞིག་ཡོད་པའི་ནང་ནས། ཁྱུང་སྤྲུལ་རིན་པོ་ཆེའི་བརྡ་སྤྲོད་སྲིད་པའི་སྒྲོན་མའི་རྩ་བ་འདི་ཉིད། ཁུངས་བཙུན་ལ་གནད་འདུས་པ། གོ་སླ་ལ་གྲགས་ཆེ་བ་སོགས་བྱིན་མཐུ་བླ་ན་འཕགས་པར་བརྟེན། དེ་ཉིད་འགྲེལ་བའི་གཞི་བཟུང་ཞིང་། གཞན་འཐད་ལྡན་མཁས་དབང་དུ་མའི་དགོངས་དོན་ཅི་རིགས་པས་ཟུར་བརྒྱན། ངོས་ནས་རིག་པ་འདིའི་ཐད་ཀྱི་གོ་རྟོགས་མྱོང་གསུམ་ཅི་ཡོད་ཀྱིས་མཐའ་བརྟེན་ཏེ། ཧ་ཅང་ཚིག་ཚོགས་མང་བའི་རྒྱས་བཤད་དང་། འཐེན་ཁྱེར་ཕྱོགས་སུ་ཞེན་པའི་དགག་སྒྲུབ་ཀྱི་སྤྲོས་པ་སོགས་རིང་དུ་དོར་ཅིང་། ཚིག་ཉུང་ཞིང་དོན་འདུས་པ། ཁ་གསལ་ཞིང་གོ་སླ་བ། ཁུངས་བཙན་ཞིང་གནད་ཁྲོལ་བའི་རྩ་དོན་དམིགས་འབེན་དུ་བཞག་སྟེ། བརྗོད་དོན་དང་འབྲེལ་བའི་མིང་གི་བླ་དྭགས་སུའང«བརྡ་འགྲེལ་བློ་གསར་འཇུག་པའི་ལམ་བཟང»ཞེས་བྱ་བ་དང་། དེའི་ཡན་ལག་ལྷན་ཐབས་ཀྱི་ཚུལ་དུ་བྱ་ཚིག་དང་འབྲེལ་བའི་མིང་རྐྱང་དང་པོའི་ལས་ཅན་རྣམས་ལ་དཀའ་རྙོག་ཆེ་བའི་སྐོར་ཞིག་གནད་བསྡུས་གསལ་འགྲེལ་བྱས་པ«བྱ་ཚིག་དང་འབྲེལ་བའི་མིང་གི་སྐོར་ཞིག་བཤད་པ»ཞེས་པ་དང་། ཡང་རྒྱུན་ལྡན་ལག་ལེན་ཁྲོད་དུ་སྤྱོད་སྒོ་ཆེ་ཡང་བརྡ་འགྲེལ་བྱིངས་སུ་མཐོང་དཀོན་པའི་ཚིག་གྲོགས་འདྲ་མིན་ལ་བལྟོས་པའི་བྱ་ཚིག་སྦྱོར་ཚུལ་སྐོར་ཞིག«བྱ་ཚིག་ཚིག་གྲོགས་འགའ་ལ་བལྟོས་ཏེ་སྦྱོར་ཚུལ་སྐོར་ཞིག་བཤད་པ»ཞེས་པ་དང་། གཞན་དུས་གསུམ་སྤྱི་འགྲོའི་རིགས་རྣམས་ཕྱོགས་བསྡུས་ཚིག་ཉུང་གོ་བདེ་ཅན། མཁས་པའི་དབང་པོ་ཁྱུང་སློབ་ཚུལ་རྒྱན་པས་མཛད་པའི«དུས་གསུམ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག»ཅེས་པའི་ལེའུ་གཅིག་བཅས། དེང་སྐབས་དུས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་དྲག་ཏུ་རྒོད་པའི་བར་གསེང་འདིར། རང་རེའི་སྐད་ཡིག་གཉིས་ཀྱང་རླུང་ཁྲོད་ཀྱི་ཞུགས་མར་ལྟར་གྱི་གནས་བབ་འདི་ལ་དབུགས་སྣོན་ཕྲན་བུ་ཞིག་དང་། དེ་དང་འབྲེལ་བར་ང་ཚོའི་སེར་སྐྱ་གཉིས་ཀྱི་ཁྲོད་དུ་རང་འདྲའི་བརྡ་སྤྲོད་རིག་པའི་ཕྱོགས་ལ་གསར་ཞུགས་གང་མང་ཞིག་འབྱུང་བཞིན་པ་འདི་རིགས་ལའང་འཇུག་པ་བདེ་བའི་མཐུན་རྐྱེན་ཕྲ་མོ་ཞིག་བྱུང་ན་སྙམ་པའི་ལྷག་བསམ། རང་ཉིད་ཀྱང་ད་སྔོན་བླ་མ་དགེ་བའི་བཤེས་གཉེན་གང་དག་གི་ཞལ་སྔ་ནས། བརྡ་སྤྲོད་རིག་པའི་གཞུང་ལ་བག་ཆགས་ཅུང་ཟད་བགོས་པ་དེ་རིགས་འཕྲོ་བརླག་མི་ཡོང་བའི་བསྙེལ་ཟིན་ཞིག རིང་མོ་ཞིག་ཏུ་ཕ་ཟས་སྦྲང་དཀར་རྩམ་པ་ཇི་སྙེད་ཅིག་ཟོས་པའི་རིན་དོད་ཙམ་དང་། རི་བོ་གངས་ཅན་པའི་ལྗོངས་སུ་ཡུན་རིང་འཚོ་སྡོད་བགྱིས་པའི་གནས་གླའི་ས་བཅད་མ་སྟོང་ཙམ་ཞིག་གི་ཚུལ་དུ་ཕུལ་བ་ལགས་ནའང་། རང་བློ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དབལ་ཁ་བཙན་པའི་ཉེར་ལེན་ལས་ཆུང་ས་ཚིག་གི་དག་སྡེབ་དང་། ཆེ་ས་དོན་ལ་ནོར་འཆུགས་གང་མང་ཞིག་ཡོད་པ་ནི་ཟློག་མེད་ལས་དབང་ལྟ་བུར་ངེས་ཕྱིར། དེ་ལུགས་ཕྱོགས་འདིར་གཟིགས་རྒྱ་ཡངས་པའི་མཁས་དབང་རྣམ་པ་དང་། རིས་མེད་གྲོགས་ཕོ་མོ་ཡོངས་ཀྱི་དགེ་འདོན་སྐྱོན་སེལ་གྱི་དག་ཐེར་ཅི་མང་རེ་གནང་རྒྱུའི་སྨོན་འདུན་དང་བཅས།
དེབ་འདིའི་རྩོམ་སྒྲིག་པ་བསྟན་འཛིན་རྣམ་རྒྱལ་དུ་འབོད་པ་དེས། ༧གདན་ས་སྨིན་གྲོལ་གླིང་། སྤུ་རྒྱལ་རིག་སློབ་ཁང་གི་དབུ་རྩེ་ནས། རབ་མཛོད་མེ་བྱ་ལོའི་ཟླ་༡པའི་ཚེས་༣༠ཉིན།