བོན་དང་འབྲེལ་ལམ་བྱུང་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་གླེང་བ།
[ཟླ་ཚེས། 2016-04-26 14:26:04][རྩོམ་པ་པོ། དགེ་བཤེས་ཕུན་ཚོགས་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྔོན་འགྲོའི་མཆིད།
ཁོ་བོས་བྲིས་པའི་《བོན་དང་འབྲེལ་ལམ་བྱུང་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་གླེང་བ》ཞེས་པའི་དེབ་འདི་ཉིད་ཀྱི་ཐད་ལ་ཐོག་མར་ཀློག་པ་པོ་ཚོས་ངེས་པར་དུ་མཁྱེན་དགོས་པ་ནི། དེབ་འདི་ཡི་ནང་གི་མི་སྣ་རེ་གཉིས་ཙམ་ལས་གཞན་ཕལ་ཆེ་བ་ནི་ཆོས་བརྒྱུད་བོན་དུ་མི་གཏོགས་པའི་མི་སྣ་ཤ་སྟག་ཡིན། ལོ་ཤས་རིང་ཁོ་བོས་བན་ཕྱོགས་ཀྱི་ཡིག་སྣ་འགའ་ཞིག་ཀློག་ཞོར་བོན་དང་འབྲེལ་ལམ་བྱུང་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་འགའ་ཞིག་གི་སྐོར་མིག་ལམ་དུ་གང་མཇལ་བ་རྣམས་ཕྱོགས་བསྡུས་བྱས་ནས་བྲིས་པ་ཞིག་ཡིན། འཇིག་རྟེན་མགོ་ནག་མི་ཡི་ཁ་དཔེར། ཁྱོད་ཀྱིས་མ་མཐོང་ཤེས་བྱ་མང་། །བོང་བུས་མ་བགྲོད་ལམ་འཕྲང་མང་། །ཟེར་བ་བཞིན་ཁོ་བོས་མ་མཇལ་བའི་བོན་དང་འབྲེལ་ལམ་བྱུང་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་མང་དག་ཅིག་ཡོད་ངེས་པས་དེ་དག་རྗེས་སུ་ཤེས་རྟོགས་བྱུང་ཚེ་དེབ་འདི་ཡི་ནང་དུ་ཁ་སྣོན་བྱ་རྒྱུ་ཡིན།
དེབ་འདི་ཡི་ནང་དོན་འཆད་ཚུལ་བརྗོད་བྱ་རྣམས་གོ་རྟོགས་སླ་བའི་ཁེ་ཕན་དུ་དམིགས་ནས་ས་བཅད་སྡེ་ཚན་བྱས་ནས་བྲིས་ཡོད་ཅིང་། ཆོས་བརྒྱུད་ཁག་གི་མི་སྣ་དག་ཀྱང་ཆོས་བརྒྱུད་སྔ་རྗེས་དར་རིམ་བཞིན་བྲིས་པ་ལས། མན་ངག་ཟབ་ཁྱད་དང་སྟོབས་འབྱོར་ཆེ་ཆུང་། འབྲི་བ་པོ་རང་གི་མོས་ཁམས་དང་བསྟུན་ནས་གོ་རིམ་འཁྲུག་སྐྱོན་ཤོར་མེད་སྙམ། ས་བཅད་བྱས་ཏེ་འཆད་ཚུལ་ཡང་། དང་པོ་《བོན་དང་འབྲེལ་ལམ་བྱུང་བའི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཁག་གླེང་བ།》གཉིས་པ་《བོན་དང་འབྲེལ་ལམ་བྱུང་བའི་རྒྱལ་བ་བཀའ་བརྒྱུད་པའི་སྐྱེས་ཆེན་ཁག་གླེང་བ།》གསུམ་པ་《བོན་དང་འབྲེལ་ལམ་བྱུང་བའི་དཔལ་ལྡན་ས་སྐྱའི་སྐྱེས་ཆེན་ཁག་གླེང་བ།》བཞི་པ་《བོན་དང་འབྲེལ་ལམ་བྱུང་བའི་དཔལ་རྒྱལ་བ་ཇོ་ནང་པའི་སྐྱེས་ཆེན་གླེང་བ།》ལྔ་པ་《བོན་དང་འབྲེལ་ལམ་བྱུང་བའི་མཉམ་མེད་རི་བོ་དགེ་ལྡན་པའི་སྐྱེས་ཆེན་ཁག་གླེང་བ།》དྲུག་པ་《ཞོར་བྱུང་བོན་དང་འབྲེལ་ལམ་བྱུང་བའི་བཀའ་གདམས་པའི་སྐྱེས་ཆེན་གླེང་བ།》བཅས་རིམ་བཞིན་བྲིས་ཡོད་ཞུ།
དེབ་འདི་ཡི་ནང་དུ་དྲངས་པའི་ལུང་ཚིག་མང་པོ་ཞིག་ནི་བརྡ་དག་གི་ར་བའི་ཕྱི་རོལ་དུ་གྱུར་བ་མང་མང་བར་བརྟེན། ལུང་ཚིག་འདྲེན་ཡུལ་གྱི་མ་ཡིག་རང་དུ་གང་གསལ་བ་རྣམས་ཕལ་ཆེར་རང་སོར་བཞག་པ་ལས། རང་དགར་དག་བཅོས་ཞུས་མེད། གལ་ཆེ་དགོས་དོན་གྱི་དབང་གིས་དག་བཅོས་བྱེད་དགོས་པའི་རིགས་རེ་གཉིས་བྱུང་བ་རྣམས་དག་བཅོས་བྱས་པར་མ་ཟད། དེ་དག་ལ་དེང་དུས་ཀྱི་འགྲོ་སྟངས་བཞིན་མཆན་ཨང་ནང་དུ་གསལ་བཤད་ཀྱང་ཞུས་ཡོད། ཁོ་བོས་མ་ཤེས་པའི་དབང་གིས་དག་ཆ་ཁ་ཤས་བཅོས་ཐལ་སོང་ཡོད་ངེས་པས་དེ་ལ་བཟོད་གསོལ་ཞུ།
ཆོས་བརྒྱུད་ཁག་གི་སྐྱེས་ཆེན་མི་སྣ་དེ་དག་གི་འཁྲུངས་འདས་ལོ་ཚིགས་ཀྱི་ཁུངས་ཕལ་ཆེ་བ་རྣམས་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་མི་སྣ་ངོ་སྤྲོད་ལ་གཞི་བཅོལ་ནས་བྲིས་པ་ཡིན། སྐྱེས་ཆེན་མི་སྣ་འགའ་ཞིག་གི་རྣམ་ཐར་མཇལ་བའི་སྐལ་པ་མ་བྱུང་བས། ལོ་ཚིགས་ཁ་གསལ་དང་ངོ་སྤྲོད་རྒྱས་པ་ཞུ་མ་ཐུབ་པར་དགོངས་སེལ་ཞུ། ལྷག་པར་དུ་རྙིང་མའི་གཏེར་སྟོན་མང་པོ་ཞིག་གི་མཚན་འདྲ་མཚུངས་མང་ཞིང་། ཕན་ཚུན་ནོར་དྭོགས་ཤོར་ཉེན་ཆེ་བས་ཡིག་ཆ་མང་པོར་ཞིབ་ཚགས་བྱས་ནས་མི་དང་མིང་གཉིས་ངོ་འཕྲོད་པར་བྱས་ཡོད།
ལུང་འདྲེན་བྱེད་སའི་མ་ཡིག་དེ་ཉིད་དཔེ་གཟུགས་ཡིན་ཚེ་ཐོག་མར་ཤོག་གྲངས་དང་། དེ་ནས་མདུན་རྒྱབ། དེ་ནས་ཡིག་ཕྲེང་སོགས་ཁ་གསལ་བྱས་ཏེ་བཀོད་ཡོད་ཅིང་། མདུན་ཤོག་གི་རྟགས་ལ་ན་ཡིག་དང་རྒྱབ་ཤོག་གི་རྟགས་ལ་བ་ཡིག་བྲིས་ཡོད། དཔེར་ན་ཤོག་གྲངས་༣༣ན༧འདི་ལྟ་བུ་ལ་ཤོག་གྲངས་༣༣མདུན་ཤོག་ཡིག་ཕྲེང་༧ལྟ་བུ་དང་། ཤོག་གྲངས་༢༣བ༤ལྟ་བུ་ལ་ཤོག་གྲངས་༢༣རྒྱབ་ཤོག་ཡིག་ཕྲེང་༤ལྟ་བུར་གོ་དགོས་པ་ཡིན།
ཁོ་བོས་བྲིས་པའི་དེབ་འདི་ཡི་རྩོམ་གཞིའི་ཡིག་ཆ་ནི་བརྒྱ་ཆ་དགུ་བཅུ་གོ་དགུ་ཐུབ་བསྟན་པའི་ཡིག་ཆ་ཁོ་ན་ཡིན་ཞིང་། བོན་གཞུང་ཁག་ཏུ་ཆོས་བརྒྱུད་ཁག་གི་སྐྱེས་ཆེན་མང་དག་ཅིག་བོན་དང་འབྲེལ་ལམ་བྱུང་བའི་ལུང་ཚིག་ཡོད་ཀྱང་དེ་དག་གནས་སྐབས་དགོས་དབང་གིས་བཏང་སྙོམས་སུ་འཇོག་རྒྱུ་ཡིན། སྤྱིར་ཁོ་བོ་ནི་ཐུབ་བསྟན་རིང་ལུགས་འཛིན་པའི་མཁས་དབང་དག་གི་གསུང་ལ་ཆ་རྒྱུས་དབེན་ཞིང་། ནང་དོན་ལ་གོ་རྟོགས་དེ་བས་ཀྱང་དམན་ཁར། ལྷག་ཏུ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གྱིས་སྟོངས་པའི་མི་ཡི་གཟུགས་བརྙན་ཙམ་ཞིག་གིས་ད་ལམ་འདིར་དཔྱད་པ་གཏོང་ཁུལ་བྱས་པ་ཡིན་ཏེ། དཔྱད་པའི་ཉིང་ཁུ་ནི་སྤྲེའུས་མི་ཡི་ལད་མོ་བྱས་པ་ལྟ་བུ་ལས་གཞན་ཅི་སྙམ།
མདོར་ན་རྩོམ་འདི་ཡི་ནང་དུ་སྐབས་ཐོབ་ཏུ་དགོས་དབང་གིས་ལུང་ཚིག་ཁ་ཤས་བསྐྱར་འདྲེན་དང་ཡང་འདྲེན་བྱས་ཡོད་པས་ཀློག་པོའི་ཐུགས་སུན་བྱུང་ན་དགོངས་སེལ་ཞུ་རྒྱུར་མ་ཟད་ད་དུང་ལུང་ཁུངས་དང་ལུང་འདྲེན་ནོར་བ། ལུང་དོན་མ་འཁྲོལ་བ། ལུང་འདྲེན་ཕྱག་དཔེའི་མཚན་བྱང་ནོར་བ། ལུང་འདྲེན་སྐབས་སུ་ཤོག་གྲངས་དང་ཡིག་ཕྲེང་ནོར་བ། རྩོམ་པ་པོའི་མཚན་བྱང་དང་རྩོམ་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་འཁྲུག་སྐྱོན་ཤོར་བ་སོགས་ནོར་འཁྲུལ་མང་དག་ཅིག་ཡོད་ངེས་ཤིང་། གཞན་ཡང་ནང་དོན་ལ་བསམ་ན་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་མཁྱེན་ལྡན་མཁས་པ་ཞེ་ཁྲེལ་དགོས་པ། ཅི་ཡང་མི་ཤེས་པའི་བླུན་པོ་ཡིད་མགུ་བར་བྱེད་པའི་མ་དག་ལོག་བཤད་དང་། མི་ཤེས་ཤེས་ཁུལ་བྱས་པའི་རིགས་བྱུང་ཡོད་ངེས་པས། དེས་ན་ཆོས་ལུགས་དང་མི་རིགས་སོགས་ལ་ཁ་གཡར་ནས་ཁ་རྩོད་སྣ་རྩོད་ཙམ་མ་ཡིན་པར་ཐད་ཀར་འབྲི་བ་པོ་རང་ཉིད་ལ་ཉེས་སྐྱོན་ཐེར་འདོན་གནང་སྐྱོང་ཡོད་པར་ཞུ། དེ་ལས་ཀྱང་གལ་ཆེ་ཤོས་ཤིག་ནི་རྩོམ་འདི་ལ་མ་འདང་བའི་ཞན་ཆའི་རིགས་ལ་སྣོན་ཕྲི་སྤོར་གཅོག་བྱ་དགོས་གང་ཡོད་རྣམས་འཛེམས་ཟོན་མེད་པར་ལམ་སྟོན་བཀའ་སློབ་གནང་སྐྱོང་ཡོད་པར་ཞུ་ཞུ།། དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མས་གནས་མཆོག་ཝཱརཱཎསཱིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་༢༠༡༦ཟླ་༤ཚེས་༣ཉིན་བྲིས།
དཀར་ཆག
སྔོན་འགྲོའི་མཆིད། iii
བོན་དང་འབྲེལ་ལམ་བྱུང་བའི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཁག་གླེང་བ།
༡༽ ཨོ་རྒྱན་པདྨ་འབྱུང་གནས་བོན་དང་འབྲེལ་ལམ་བྱུང་ཚུལ། 1
༢༽ ལོ་ཆེན་བཻ་རོ་ཙ་ན་བོན་དང་འབྲེལ་ལམ་བྱུང་ཚུལ། 9
༣༽ བླ་ཆེན་དྲན་པ་ནམ་མཁའ་བོན་དང་འབྲེལ་ལམ་བྱུང་ཚུལ། 16
༤༽ ཤུད་བུ་དཔལ་གྱི་སེང་གེ་བོན་དང་འབྲེལ་ལམ་བྱུང་ཚུལ། 22
༥༽ བླ་ཆེན་དགོངས་པ་རབ་གསལ་བོན་དང་འབྲེལ་ལམ་བྱུང་ཚུལ། 23
༦༽ ཨ་ཡ་བོན་པོ་ལྷ་འབུམ་བོན་དང་འབྲེལ་ལམ་བྱུང་ཚུལ། 26
༧༽ གཏེར་སྟོན་ཁྱུང་པོ་དཔལ་དགེ་བོན་དང་འབྲེལ་ལམ་བྱུང་ཚུལ། 30
༨༽ གཏེར་སྟོན་ར་ཤག་ཆེན་མོ་བོན་དང་འབྲེལ་ལམ་བྱུང་ཚུལ། 32
༩༽ གཏེར་སྟོན་དཔོན་གསས་ཁྱུང་ཐོགས་བོན་དང་འབྲེལ་ལམ་བྱུང་ཚུལ། 33
༡༠༽ གཏེར་སྟོན་གཡག་ཕྱར་སྔོན་མོ་བོན་དང་འབྲེལ་ལམ་བྱུང་ཚུལ། 39
༡༡༽ གཏེར་སྟོན་གུ་རུ་ཧཱུྃ་འབར་བོན་དང་འབྲེལ་ལམ་བྱུང་ཚུལ། 41
༡༢༽ གཏེར་སྟོན་བོན་པོ་བྲག་ཚལ་བོན་དང་འབྲེལ་ལམ་བྱུང་ཚུལ། 41
༡༣༽ གཏེར་སྟོན་སྙེ་མོ་ཞུ་ཡས་བོན་དང་འབྲེལ་ལམ་བྱུང་ཚུལ། 43
༡༤༽ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་བོན་དང་འབྲེལ་ལམ་བྱུང་ཚུལ། 43
༡༥༽ གཏེར་སྟོན་གཡས་བན་ཡ་བོན་བོན་དང་འབྲེལ་ལམ་བྱུང་ཚུལ། 44
༡༦ ༽ གཏེར་སྟོན་གསུམ་ཚོགས་བོན་དང་འབྲེལ་ལམ་བྱུང་ཚུལ། 45
༡༧༽ གཏེར་སྟོན་གཉལ་པ་ཉི་མ་ཤེས་རབ་བོན་དང་འབྲེལ་ལམ་བྱུང་ཚུལ། 47
༡༨༽ གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་བོན་དང་འབྲེལ་ལམ་བྱུང་ཚུལ། 47
༡༩༽ རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་བོན་དང་འབྲེལ་ལམ་བྱུང་ཚུལ། 49
༢༠༽ གཏེར་སྟོན་ཀུ་ས་སྨན་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 50
༢༡༽ གཏེར་སྟོན་རཀྴི་སྟོན་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 54
༢༢༽ གཏེར་སྟོན་རྡོ་རྗེ་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 55
༢༣༽ པདྨ་གཏེར་བདག་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 63
༢༤༽ གཏེར་སྟོན་ཡང་བོན་རི་ཁྲོད་པ་སེང་གེ་བོན་དང་འབྲེལ་ལམ་བྱུང་ཚུལ། 64
༢༥༽ རྩེ་ལེ་སྣ་ཚོགས་རང་གྲོལ་བོན་དང་འབྲེལ་ལམ་བྱུང་ཚུལ། 65
༢༦༽ སྤོ་བོ་གཏེར་སྟོན་བདུད་འདུལ་རྡོ་རྗེ་བོན་དང་འབྲེལ་ལམ་བྱུང་ཚུལ། 65
༢༧༽ གཏེར་སྟོན་རིག་འཛིན་ཀློང་གསལ་སྙིང་པོ་བོན་དང་འབྲེལ་ལམ་བྱུང་ཚུལ། 66
༢༨༽ པདྨ་བདེ་ཆེན་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 67
༢༩༽ གཏེར་སྟོན་ཡོན་དགེ་མི་འགྱུར་རྡོ་རྗེ་བོན་དང་འབྲེལ་ལམ་བྱུང་ཚུལ། 69
༣༠༽ གཏེར་ཆེན་ཆོས་རྒྱལ་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 70
༣༡༽ བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོ་བོན་དང་འབྲེལ་ལམ་བྱུང་ཚུལ། 71
༣༢༽ ཆོས་རྗེ་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 72
༣༣༽ རིག་འཛིན་ཆེན་པོ་དཔལ་ལྡན་བཀྲ་ཤིས་བོན་དང་འབྲེལ་ལམ་བྱུང་ཚུལ། 73
༣༤༽ ཞབས་དཀར་ཚོགས་དྲུག་རང་གྲོལ་བོན་དང་འབྲེལ་ལམ་བྱུང་ཚུལ། 76
༣༥༽ ཁྲོམ་དགེ་རྣམ་རྒྱལ་མདོ་སྔགས་བསྟན་འཛིན་བོན་དང་འབྲེལ་ལམ་བྱུང་ཚུལ། 77
༣༦༽ ཉག་བླ་པདྨ་བདུད་འདུལ་བོན་དང་འབྲེལ་ལམ་བྱུང་ཚུལ། 78
༣༧༽ ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེ་བོན་དང་འབྲེལ་ལམ་བྱུང་ཚུལ། 80
༣༨༽ བསྟན་གཉིས་མཆོག་གྱུར་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 83
༣༩༽ འཇམ་མགོན་མི་ཕམ་རིན་པོ་ཆེ་བོན་དང་འབྲེལ་ལམ་བྱུང་ཚུལ། 85
༤༠༽ མཁན་ཆེན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་བོན་དང་འབྲེལ་ལམ་བྱུང་ཚུལ། 88
༤༡༽ ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་བོན་དང་འབྲེལ་ལམ་བྱུང་ཚུལ། 90
༤༢༽ པདྨ་འགྲོ་འདུལ་གསང་སྔགས་གླིང་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 93
བོན་དང་འབྲེལ་ལམ་བྱུང་བའི་རྒྱལ་བ་བཀའ་བརྒྱུད་པའི་སྐྱེས་ཆེན་ཁག་གླེང་བ།
༡༽ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བོན་དང་འབྲེལ་ལམ་བྱུང་ཚུལ། 95
༢༽ དྭགས་པོ་འདུལ་འཛིན་བོན་དང་འབྲེལ་ལམ་བྱུང་ཚུལ། 100
༣༽ སྐྱོབ་པ་འཇིག་རྟེན་གསུམ་མགོན་བོན་དང་འབྲེལ་ལམ་བྱུང་ཚུལ། 101
༤༽ ཆོས་རྗེ་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་བོན་དང་འབྲེལ་ལམ་བྱུང་ཚུལ། 102
༥༽ སྐྱེར་སྒང་པ་ཆོས་ཀྱི་སེང་གེ་བོན་དང་འབྲེལ་ལམ་བྱུང་ཚུལ། 104
༦༽ འགྲོ་མགོན་གཙང་པ་རྒྱལ་སྲས་བོན་དང་འབྲེལ་ལམ་བྱུང་ཚུལ། 105
༧༽ སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ་བོན་དང་འབྲེལ་ལམ་བྱུང་ཚུལ། 108
༨༽ མོན་རྫོང་རས་ཆེན་ཟླ་བ་རྒྱལ་མཚན་བོན་དང་འབྲེལ་ལམ་བྱུང་ཚུལ། 110
༩༽ འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་བོན་དང་འབྲེལ་ལམ་བྱུང་ཚུལ། 111
༡༠༽ ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེ་བོན་དང་འབྲེལ་ལམ་བྱུང་ཚུལ། 117
༡༡༽ མཚན་སྤྲུལ་བསོད་ནམས་བསྟན་འཛིན་བོན་དང་འབྲེལ་ལམ་བྱུང་ཚུལ། 119
༡༢༽ ཟུར་མང་དྲུང་པ་ཆོས་ཀྱི་རྒྱ་མཚོ་བོན་དང་འབྲེལ་ལམ་བྱུང་ཚུལ། 119
བོན་དང་འབྲེལ་ལམ་བྱུང་བའི་དཔལ་ལྡན་ས་སྐྱའི་སྐྱེས་ཆེན་ཁག་གླེང་བ།
༡༽ རོང་སྟོན་ཤེས་བྱ་ཀུན་རིག་བོན་དང་འབྲེལ་ལམ་བྱུང་ཚུལ། 127
༢༽ ཚར་ཆེན་བློ་གསལ་རྒྱ་མཚོ་བོན་དང་འབྲེལ་ལམ་བྱུང་ཚུལ། 129
༣༽ ཆོས་རྗེ་སྟོབས་ལྡན་འོད་ཟེར་བོན་དང་འབྲེལ་ལམ་བྱུང་ཚུལ། 130
༤༽ ཀུན་དགའ་ལེགས་པའི་འབྱུང་གནས་བོན་དང་འབྲེལ་ལམ་བྱུང་ཚུལ། 131
༥༽ འཇམ་དབྱངས་མཁྱེན་བརྩེ་དབང་པོ་བོན་དང་འབྲེལ་ལམ་བྱུང་ཚུལ། 132
༦༽ རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་བོན་དང་འབྲེལ་ལམ་བྱུང་ཚུལ། 135
བོན་དང་འབྲེལ་ལམ་བྱུང་བའི་དཔལ་རྒྱལ་བ་ཇོ་ནང་པའི་སྐྱེས་ཆེན་གླེང་བ།
༡༽ རྒྱལ་བ་སེངྒེ་བཟང་པོ་བོན་དང་འབྲེལ་ལམ་བྱུང་ཚུལ། 139
༢༽ གཙང་ཆེན་ངག་དབང་ཆོས་འཕེལ་བོན་དང་འབྲེལ་ལམ་བྱུང་ཚུལ། 141
བོན་དང་འབྲེལ་ལམ་བྱུང་བའི་རི་བོ་དགེ་ལྡན་པའི་སྐྱེས་ཆེན་ཁག་གླེང་བ།
༡༽ ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་བོན་དང་འབྲེལ་ལམ་བྱུང་ཚུལ། 143
༢༽ ྋརྒྱལ་དབང་བསོད་ནམས་རྒྱ་མཚོ་བོན་དང་འབྲེལ་ལམ་བྱུང་ཚུལ། 144
༣༽ པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་བོན་དང་འབྲེལ་ལམ་བྱུང་ཚུལ། 144
༤༽ ཅོ་ནེ་གྲགས་པ་བཤད་སྒྲུབ་བོན་དང་འབྲེལ་ལམ་བྱུང་ཚུལ། 145
༥༽ དངུལ་ཆུ་དྷརྨ་བྷ་དྲ་བོན་དང་འབྲེལ་ལམ་བྱུང་ཚུལ། 147
༦༽ ཁྱུང་རོ་བློ་བཟང་ལྷུན་གྲུབ་བོན་དང་འབྲེལ་ལམ་བྱུང་ཚུལ། 149
༧༽ པཎ་ཆེན་བསྟན་པའི་དབང་ཕྱུག་བོན་དང་འབྲེལ་ལམ་བྱུང་ཚུལ། 150
༨༽ བྲག་དཀར་བ་བསྟན་འཛིན་སྙན་གྲགས་བོན་དང་འབྲེལ་ལམ་བྱུང་ཚུལ། 153
༩༽ སྒིས་སྟེང་བློ་བཟང་དཔལ་ལྡན་བོན་དང་འབྲེལ་ལམ་བྱུང་ཚུལ། 156
༡༠༽ སྟག་ཕུ་པདྨ་བཛྲ་བོན་དང་འབྲེལ་ལམ་བྱུང་ཚུལ། 158
ཞོར་བྱུང་བོན་དང་འབྲེལ་ལམ་བྱུང་བའི་བཀའ་གདམས་པའི་སྐྱེས་ཆེན་གླེང་བ།
༡༽ དགེ་བའི་བཤེས་གཉེན་པོ་ཏོ་བ་བོན་དང་འབྲེལ་ལམ་བྱུང་ཚུལ། 159
༢༽ སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་བོན་དང་འབྲེལ་ལམ་བྱུང་ཚུལ། 160
ལུང་འདྲེན་ཁུངས་བཅོལ་ཡིག་ཆ། 163
བཀའ་དྲིན་ལེགས་གསོལ། 192
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ནི། ཕྱི་ལོ་༡༩༧༠ལོར་མངའ་རིས་དོལ་པོར་སྐྱེས། ཕྱི་ལོ་༡༩༨༧ལོར་རྒྱ་གར་འཕགས་ཡུལ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་གྱི་ཆེད་དུ་བསྐྱོད། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་ཆེན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ། དེ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་གཙོ་བོ་མཁན་སློབ་ཉི་ཟླ་ཟུང་འབྲེལ་དབུས་སྨན་རིའི་སློབ་དཔོན་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་སེམས་གསུམ་དང་། རིག་གནས་ཀྱི་སྐོར་ལ་རང་བློས་གང་ལྕོགས་ཀྱིས་མི་ལོ་བཅུ་བཞིའི་རིང་ལ་སློབ་གཉེར་བྱས་འབྲས་སུ་ཕྱི་ལོ་༢༠༠༢ལོར་དགེ་བཤེས་དམ་བཅའ་བཞག ཕྱི་ལོ་༢༠༠༤ནས་ཝཱརཱཎསཱིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གཡུང་དྲུང་བོན་གྱི་སྡེ་ཚན་དུ་སློབ་དགེ་བྱས་དང་བྱེད་མུས་ཡིན་ནོ།།